ཧོར་ཕྲུག(བོད།)
ཁ་སང་དེ་རིང་དྲ་ལམ་ཁག་ཏུ་འདན་བཟའ་སྒྲོལ་མ་ལགས་ཀྱིས་གཙོས་སྙིང་རྗེའི་ཚོགས་པ་ཞིག་གིས་སྤྱི་ཟླ་དགུ་བའི་ཚེས་གཅིག་ཉིན་འཇིགས་རུང་གི་ཤན་པའི་བཤས་ར་ནས་དམངས་སྒོར་ཁྲི་ལྔ་བརྒྱ་ལྷག་གིས་ལུག་དྲུག་སྟོང་ལྷག་གི་ཚེ་སྲོག་བསྐྱབས་པའི་སྐོར་གླེང་གཞི་ཆེ་ཞིང་། དེ་ལ་བཟང་ངན་གཉིས་ཕྱོགས་ནས་སྐད་ཆ་ཡར་མར་བཅོ་བརྒྱད་བཤད་ཀྱིན་འདུག ང་ཚོས་བྱམས་སེམས་ཅན་གྱི་ཚོགས་པ་འདི་ལ་རྗེས་སུ་ཡི་རངས་བྱེད་པ་ལས་ངན་སྐུལ་དང་དགག་དགོས་པའི་རྒྱུ་མཚན་མེད་པ་མ་ཟད། བོད་མི་རིགས་ཀྱི་བྱམས་བརྩེའི་བསམ་པའི་ཐོག་ནས་ཧ་ཅང་གི་དགེ་བའི་ལས་ཆེན་པོ་ཞིག་ཅི་ལ་མིན། ངས་གཟུགས་མེད་ཀྱི་སྐད་འཕྲིན་བརྒྱུད་ནས་ཁོང་ཚོ་ལ་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུས་པ་ཡིན།
དྲ་ཐོག་ཏུ་ཁག་ཅིག་གིས་སྒོར་མོ་མང་ན་ནད་པ་ལ་རོགས་བྱས་ན་འགྲིག་གི་ཟེར་བ་དང་། གཞན་ཡང་། སྒོར་མོ་མང་ན་སློབ་གསོའི་ཕྱོགས་ལ་བཀོལ་ན་བཟང་གི་ཟེར་སོགས་བགྲོ་གླེང་སྣ་ཚོགས་བྱེད་བཞིན་འདུག་པ་དང་། ང་རང་དེ་དག་ལས་སྐད་ཆ་ཕྱི་མ་འདི་ལ་ཧ་ཅང་འཐད་པ་བྱུང་། ཡིན་ནའང་རང་རེའི་བོད་མི་རིགས་ཀྱི་གོ་རྟོགས་ཀྱི་ནང་དུ་ད་དུང་སློབ་གསོའི་ཕན་ནུས་ལ་བསམ་བློ་འཁོར་མཁན་ཧ་ཅང་ཉུང་བས་དེ་ནི་གུས་པས་གཤམ་དུ་བོད་མི་རིགས་ཀྱི་སློབ་གསོ་དང་ལག་ཤེས་སྒྱུ་རྩལ་ལ་རང་གི་ནུས་པ་ཡོད་ཚད་འདོན་བཞིན་པའི་མི་བུ་ཞིག་འོས་སྦྱོར་བྱེད་འདོད།
ཁོང་ནི་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་རྫོང་བཙན་མོ་ཡུལ་ཚོ་ཧོར་སྡེ་བ་ནས་འཁྲུངས་པའི་མི་བུ་རླབས་ཆེན་ཉིང་ཉི་མ་འོད་ཟེར་ལགས་རེད། རང་ཉིད་ཀྱི་ནུས་པ་ཡོད་ཚད་ཀྱིས་མི་རིགས་སྒྱུ་རྩལ་རིག་གནས་སྲུང་སྐྱོབ་བྱེད་མཁན་གྱི་གྲྭ་བཙུན་ཉིང་ཉི་མ་འོད་ཟེར་ལགས་ལ་ང་རང་ཆ་རྒྱུས་ཆེན་པོ་ཡོད་ཅིང་། ཁོང་གིས་ལོ་འདི་དག་གི་རིང་ལ་རྭ་རྒྱ་ཤེས་རིག་སློབ་གླིང་གི་སློབ་དཔོན་ཆེན་མོ་འཇིགས་མེད་རྒྱལ་མཚན་ལགས་ཀྱི་སློབ་གསོ་ལ་ཡིད་སྨོན་སྐྱེས་ཏེ་དེ་ལྟ་བུའི་སློབ་གསོའི་བྱ་བཞག་བསྒྲུབ་ཆེད་ཕྱི་ལོ་ ༢༠༡༠ ལོར་ཉི་ཧོང་ལ་སློབ་སྦྱོང་དུ་སོང་ནས་མི་རིགས་གཞན་གྱི་སློབ་གསོ་བ་མང་བོའི་བྱ་བཞག་གཉེར་ཕྱོགས་ལ་ཞིབ་འཇུག་གང་མང་བྱས་མཐར་ལོ་གཅིག་གི་རྗེས་ཕྱིར་རང་ཡུལ་དུ་ལོག
ཁོང་བོད་ཁུལ་གྱི་ས་ཆ་སོ་སོར་སོང་སྟེ་ལྷ་རིས་པ་མང་བོར་འབྲེལ་འདྲིས་བྱས་པ་བརྒྱུད་ས་གནས་སོ་སོའི་དཀའ་ཁག་ཅན་གྱི་བུ་ཕྲུག་མང་བོ་བསྡུ་རུབ་བྱས་ཏེ་མི་ཉག་ཐང་ག་ཞིབ་འཇུག་ཁང་གི་མིང་ཐོག་ལས་རིགས་ལག་རྩལ་སློབ་གླིང་བཅུགས་ཤིང་། དེར་ཐང་ག་འབྲི་སྦྱོང་དང་མཉམ་དུ་སློབ་ཕྲུག་རྣམས་ཀྱིས་བྲིས་པའི་ཐང་ག་ཕྱིར་བཙོང་གིས་སློབ་ཕྲུག་སོ་སོར་གླ་ཡོན་ཕུལ་ཏེ་མི་སྒེར་གྱི་འཚོ་བའི་གནད་དོན་ལ་ཐག་གཅོད་ཀྱི་ལམ་ཁ་བཟང་པོ་བསྐྲུན་པ་མ་ཟད། བོད་ཀྱི་བཟོ་བ་རིག་པའི་ཐང་ག་རྒྱུན་འཛིན་གྱི་ཐད་དུའང་རྗེས་རབས་པ་མང་དག་ཅིག་བསྐྱེད་བསྲིངས་གནང་ཡོད། འབད་བརྩོན་དང་དཀའ་ལས་མང་པོ་བརྒྱུད་འཛམ་གླིང་ཐོག་ད་སྔ་ཡོད་མ་མྱོང་བའི་བོད་ཀྱི་ནོར་བུ་ཆེན་པོ་རིང་ཚད་ལ་རྨིད་ཆིག་སྟོང་བདུན་བརྒྱ་ཅན་གྱི་ཐང་ག་ཞིག་ལེགས་འགྲུབ་བྱུང་ནས་ད་ལྟ་འཛམ་གླིང་གི་རྒྱལ་ཁབ་ཡོངས་ལ་བོད་ཀྱི་རིག་གནས་ཆེན་པོ་ལྔའི་ནང་གི་བཟོ་རིག་པའི་ནང་དོན་དང་ཁྱད་ཆོས་སྤྱན་བསྟར་བྱས་ཡོད། འདི་ལྟ་བུའི་ལས་ཀ་ཞིག་གཉེར་བ་ནི་ལས་སླ་མོ་ཞིག་ག་ལ་ཡིན། དེར་མ་ཟད་བོད་ཁུལ་གྱི་ས་ཆ་མང་པོའི་སློབ་གྲྭ་ཁག་ལ་རོགས་དངུལ་བཏང་མྱོང་། གཞན་ཡང་། ཁོང་གིས་བོད་རང་གི་ལག་རྩལ་ལས་ཐོན་པའི་ཧོར་གཞིས་ཀའི་རྡོ་བརྐོས་ཁེ་ལས་ཞིག་ཀྱང་གཉེར། བོད་ཀྱི་ལག་རྩལ་ཁྱད་ཆོས་ལས་ཐོན་པའི་རྡོ་བརྐོས་ཅ་ལག་དག་རྒྱལ་ཡོངས་ལ་དྲིལ་བསྒྲགས་བྱས།
རྡོ་བརྐོས་ཁེ་ལས་ཀྱི་ཡོང་སྒོ་དེ་ཙམ་གྱིས་མི་རིགས་ལ་ཞབས་འདེགས་བསྒྲུབ་མི་ཐུབ་པས། མ་འོངས་པའི་བོད་རིགས་འདིར་ཕྱུགས་འགྱུར་དང་སློབ་གསོའི་ཁོར་ཡུག་བཟང་བོ་ཞིག་ཐོབ་ཆེད་དུ་རང་གི་འདུག་ཁང་རིན་གོང་སླ་མོས་བཙོངས་ཤིང་གཞན་གྱི་ལག་ནས་བསྐྱིས་ཡོང་བའི་དམངས་སྒོར་དུང་ཕྱུར་འགའ་ཡི་མ་རྩ་བཏང་ནས་སློབ་མ་མང་བོའི་སློབ་ཡོན་དང་ཉལ་ཁང་། དཔེ་རིན་སོགས་ཀྱི་གནད་དོན་ཐད་ནས་བྱས་རྗེས་མི་དམན་པ་བཞག་སྟེ་སློབ་མ་སུམ་བརྒྱ་ཙམ་ལ་རྒྱལ་ཁབ་ཀྱི་ཚད་ལྡན་ཡིན་པའི་མཐར་ཕྱིན་འཛིན་ཡིག་ཐོབ་ཏུ་བཅུག་ཡོད།
སྔོན་ཆད་ངེད་གཉིས་ཀྱིས་འདིའི་སྐོར་ནས་ཁ་བརྡ་བྱས་མྱོང་། ཁོང་གིས་བཤད་རྒྱུར་བོད་ཀྱི་བཟོ་རིག་པ་འདི་ལ་སྲུང་སྐྱོབ་དང་མི་རིགས་ལ་སློབ་གསོའི་ཁོར་ཡུག་བཟང་བོ་ཞིག་བསྐྲུན་ཐུབ་སོང་ན་ཁོའི་མི་ཚེའི་རེ་བ་རྫོགས་སོང་ཟེར། དེ་བས་ད་ལྟ་ཡང་ཁོས་རང་གི་སྒེར་ནས་སྒོར་མོ་མང་བོ་བཏང་སྟེ་བོད་ཁུལ་ས་ཆ་སོ་སོ་ནས་ཡིན་པའི་ལྷ་རིས་སྒྱུ་རྩལ་ལ་དུངས་ཞེན་ཆེ་བའི་སློབ་མ་དང་རྡོ་བརྐོས་ལག་རྩལ་ལ་མོས་པ་ཡོད་པའི་སློབ་མ་དང་ལག་རྩལ་པ་ཡོད་ན་སློབ་རིན་མི་ལེན་པ་དང་ཉལ་ཁང་སོགས་ལ་ཡང་རིན་མེད་སྒོས་སློབ་མ་དང་ལག་རྩལ་པ་མང་བོ་སྐྱོང་དང་སྐྱོང་བཞིན་ཡོད། ཁོང་ལ་དཔལ་འབྱོར་གྱི་དཀའ་ཁག་མེད་པ་མིན་ཡང་བོད་ཀྱི་རིག་གནས་ལ་སྲུང་སྐྱོབ་དང་། སློབ་གསོའི་ཁོར་ཡུག་བཟང་བོ་ཞིག་བསྐྲུན་ཆེད་དུ་སྙིང་སྟོབས་དང་སྡུག་རུས་བསྐྱེད་དེ་མི་རིགས་ཀྱི་ལས་དོན་ལ་བརྩོན་བཞིན་ཡོད། ཁོས་བཤད་རྒྱུར། གལ་ཏེ་མི་རིགས་ལ་སློབ་གསོ་བཟང་བོ་ཞིག་ཐོབ་ཐུབ་ན་ཁོས་བཙུགས་པའི་མི་ཉག་ཐང་ག་ཞིབ་འཇུག་ཁང་ཡང་བོད་མི་རིགས་ཀྱི་མི་བུ་རླབས་ཆེན་དག་ལ་ཕུལ་ཆོག་ཟེར། རྒྱུ་མཚན་ཁོས་རང་གིས་མིང་ཡག་པོ་ཞིག་ལེན་པ་དང་ཁེ་ཕན་གྱི་ཆེད་དུ་མིན་པར་གཞན་ཕན་གྱི་བསམ་བློ་ཁོ་ན་ཡིན་ཟེར།
ད་བར་དུ་ཁོ་ལ་རོགས་རམ་བྱེད་མཁན་པ་ཞིག་ཡོད་མ་མྱོང་ལ། ཁོའི་བླ་ན་མེད་པའི་བྱས་རྗེས་འདི་དག་མཐོང་མཁན་གྱི་མི་བུ་ནི་ཧ་ཅང་ཉུང་ཉུང་རེད། ཡིན་ནའང་ཁོས་ད་དུང་མི་རིགས་འདི་ཡར་རྒྱས་གོང་འཕེལ་དུ་གཏོང་བ་དང་མི་རིགས་འདི་ལ་སྲི་ཞུ་གང་ནུས་བསྒྲུབས་དང་སྒྲུབ་བཞིན་པ་ནི་མི་བུ་ལྷག་བསམ་ཅན་གྱི་བཀའ་དྲིན་ཅི་ལ་མིན། དེ་བས་ཉིང་ཉི་མ་འོད་ཟེར་ལྟ་བུའི་སློབ་གསོ་བ་དང་ལྷག་བསམ་ཅན་འདི་ཉིད་ལའང་ང་ཚོས་བཀའ་དྲིན་ཞུ་འོས།
ཡིན་ནའང་། ཁོང་གི་ལས་དོན་ནི་བར་ཆད་མེད་པ་ཞིག་ག་ལ་ཡིན། ཁོས་སྒོར་མོ་ཁྲི་ཁྲག་མང་པོའི་ཁེ་སང་སྤྲད་དེ་མཉམ་ལས་ཀྱི་གན་རྒྱ་བཞག་པའི་མི་རྣམས་ཀྱིས་ཁོང་གི་ལག་ནས་སྒོར་མོ་བླངས་ཏེ་སོ་སོའི་ཁང་པ་དང་རླངས་འཁོར་ཉོས་རྗེས་མཐའ་མའི་ལས་ཀའི་གོ་རིམ་མ་འགྲུབ་སྔོན་དུ་སྒོར་མོ་སྟོང་ཕྲག་བཞི་ལྔ་ཙམ་གྱི་ཆེད་དུ་རྙོག་དྲ་བཤད་དེ་ཁོང་གི་ནང་མི་དཀའ་ལས་གཏོད་པ་སོགས་བྱེད་མཁན་བྱུང་མྱོང་བ་དང་། བོད་ཀྱི་ལག་ཤེས་སྒྱུ་རྩལ་ཡར་རྒྱས་དང་རྒྱུན་འཛིན་ཆེད་ལས་རོགས་སུ་གླ་ཡོད་ངང་བོས་པའི་མི་ཁག་གཅིག་གིས་དམངས་སྒོར་ཁྲི་ཁྲག་མང་པོའི་གཡོ་བསླུས་བྱེད་མྱོང་།
སྟབས་ཉེས་པ་ཞིག་ལ་ད་ལྟའི་དུས་སུ་ཁོང་གིས་རང་ཉིད་ཀྱི་རྨི་ལམ་དུ་རྒྱུན་རིང་ཉར་བའི་ལས་དོན་དེ་དག་དཔལ་འབྱོར་གྱི་འགྲོ་སོང་དབང་གིས་མཇུག་སྐྱོང་ལ་དཀའ་ངལ་ཆེན་པོ་འཕྲད་ཡོད་པ་དང་། ཁོང་རང་ཉིད་ཀྱི་འཚོ་ཚིལ་ལའང་དཀའ་ངལ་འཕྲད་ཡོད་སྐད། ཡིན་ནའང་། བོད་མི་རིགས་ཀྱི་གོམས་གཤིས་ཤིག་ཏུ་སྲོག་བླུའི་དགེ་ལས་ལ་མཉམ་རུབ་ཀྱིས་དཀར་ཐིགས་རྒྱག་པ་ལས་མི་རིགས་ཀྱི་ལག་ཤེས་སྒྱུ་རྩལ་ལྟ་བུ་དང་སློབ་གསོའི་ལས་དོན་ལ་མཉམ་རུབ་ཀྱིས་དཀར་ཐིགས་རྒྱག་སྲོལ་མེད་པ་འདི་ཅིས་ཀྱང་ཡིད་སྐྱོ་ཤིང་། ཚང་མས་བསམ་གཞིགས་གནང་དགོས་པ་ཞིག་རེད།
ལུག་སྐྱོབ་སྒྲོལ་མ་ཟེར་བའི་བུ་མོ་ཆུང་ཆུང་ཚོགས་པ་ཕྱུག་བདག་ཆེན་པོ་ཞིག་གིས་དངུལ་བཏང་ནས་ལུག་གི་སྲོག་ཉོས་པ་རང་དབང་རེད། ཡིན་ཀྱང་ཞིང་འབྲོག་མཉམ་འབྲེལ་གྱི་འཚོ་བ་རང་སྐྱོང་ཐུབ་པའི་བོད་ཆེན་པོའི་མི་རིགས་ཀྱི་འཚོ་གནས་ལ་ཤུགས་རྐྱེན་ངན་འཇོག་ན་མོས་མཐུན་མེད།
བོད་པའི་ཐེག་ཆེན་པ་དག་གིས་མི་དང་དུད་འགྲོའི་ཚེ་སྲོག་ལ་རིན་ཐང་འདྲ་མཉམ་བརྩིས་དང་བརྩི་བཞིན་པའི་ལུགས་སྲོལ་དང་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་ལུགས་གཉིས་མཐུན་མིན་མི་ཤེས་ཀྱང་རྒྱལ་ཁབ་སྐྱོང་མཁན་གྱི་མི་ཞིག་གིས་ངོས་ནས་བྱས་ན་དུད་འགྲོའི་སྲོག་ལ་མ་རྒོལ་པར་མི་དམངས་ཀྱི་འཚོ་གནས་ཡག་པོ་མི་ཡོང་བར་མཐོང་གསལ་རེད།
བོད་པའི་ཐེག་ཆེན་པའི་རྗེས་འབྲངས་པ་ཡིན་ཟེར་མཁན་དག་གིས་ངོས་ནས་མགལ་བ་དང་ཤིང་བཟོ། ཤན་པ་དང་ཉ་པ་སོགས་སྡུག་སྐྱ་བརྩིས། མི་ལོ་བརྒྱད་བརྒྱའི་རིང་དུ་ལག་ཤེས་པ་འདི་དག་ལ་མཐོང་ཆུང་དང་ཁྱད་གསོད་བྱས། ཁོ་ཚོའི་རིགས་རྒྱུད་ལ་གཉེན་སྒྲིག་ཀྱང་མི་བྱས་པ་དང་། ཁ་ཕོར་མི་སྤྲད་པ། མི་གྲལ་ནས་ཁྱིའི་གྲལ་གཡུགས་པའི་རྒྱུ་མཚན་གྱིས་ལག་ཤེས་དེ་དག་ཡར་རྒྱས་མ་ཕྱིན། བོད་རྒྱལ་ཁབ་རང་སྲུང་མ་ཐུབ་པ་དེ་ཡང་ལག་ཤེས་རིགས་གནས་རྗེས་ལུས་ཤོར་སོང་བས་ཡིན།
དུད་འགྲོ་ཚེ་ཐར་གཏོང་བའི་ལུགས་སྲོལ་འདིས་བོད་ཀྱི་ཞིང་འབྲོག་མཉམ་འབྲེལ་གྱི་འཚོ་བའི་འགེགས་སུ་སོང་ན་བོད་མི་ཉམ་ཐག་མགོ་ལ་ཤིག་བརྒྱབ་བསྡད་ཡོད་པའི་མི་མང་གི་འཚོ་གནས་གལ་ཆེན་བརྩི་མཁན་ཞིག་གིས་ངོས་ནས་དུད་འགྲོ་ཚེ་ཐར་གཏོང་བའི་ཆོས་ལུགས་པའི་ལུགས་སྲོལ་འདི་ལ་མི་རྒོལ་ཀ་མེད་རེད།
ཐར་པ་འཐོབ་ཆེད་ལྷ་ཆོས་འཆད་པ་མིན།
དམྱལ་བ་སྐྲགས་ནས་ཁ་འདོན་བྱས་པ་མིན།
ཉམ་ཐག་བོད་མིར་ཤིག་གིས་མནར་བ་འདིར།
ཅོ་རིའི་སེམས་སུ་བཟོད་ཐབས་མི་འདུག་པས།
ཀི་ཤར་ལན་གསུམ་མི་བརྒྱབ་ཀ་མེད་རེད།།།
ད་རེས་ཅོ་རི་འདིས་སྐད་ཆ་འོ་ཙམ་བཤད་འདུག་ག
དེང་སོང་གོ་ལའི་སྟེང་གླེང་གཞི་དེ་ལས་ཆེ་བ་ནི
བྱིས་པ་ས་ཡ་༥༠ ཚེ་ཐར་རམ་སྐྱབས་བཅོལ་བས
མང་ཆེ་བ་ཨེ་ཤེ་ཡ་ནས་་་་ ཨ་རིའི་དང་ ཁེ་ན་ཌ
ཕྱོགས་ལ་དབྱར་ཁའི་མཚོ་བཞིན་འཕར་བ་དེ ཕ་མ
རྣམས་སོ་སོའི་ཕྲུག་གུས་ཚེ་ཐར་གཏོང་བ་རེད་དམ་་་་
ཁྱོད་ཀྱི་བསམ་ཚུལ་གང ་་་་
བཟང་ངན་ཁྱད་པར་མེད་པའི་དགེ་བ་ཟེར་ན་གང་རེད་།
དགེ་བའི་ལ་རྒྱུ་སོང་གི་དགེ་བ་དང་སེམས་བསྐྱེད་ཀྱི་དགེ་བ་
བརྔོ་བའི་དགེ་བ་རྗེས་སུ་ཡིད་རངས་ཀྱི་དགེ་བ་སོགས་རྒྱུ་དང་འབྲས་བུའི་རྣམ་བཞག་ལ་གཟིགས་ན་མཁྱེན་ཐུབ་།
ནོར་བཅོས་(དགེ་བ་ལ་)
ལུག་གཅིག་བཤའ་ཕྱིར་འཁྲིད་འགྲོ་བ་མཐོང་བའི་ཚེ་ ཨ་མ་ཕྲེང་རིང་ལ་གཟོད་གླགས་མེད་པའི་སྙིང་རྗེུ་སྐྱེས་ཏེ། ལུག་དེ་སྲོག་བླུའི་ཕྱིར་རིན་གོང་ག་ཚོད་ཡིན་མིན་དྲིས། བདག་པོས་འཚོང་འདོད་མེད་ཕྱིར་ལུག་བཞི་ལྔ་ཙམ་གྱི་རིན་ཚད་དུ་སྤར། ཡིན་ན་ཡང་སྙིང་རྗེ་ཅན་ཀྱི་ཨ་མ་ཁོས་ཅི་མི་སྙམ་པར་ཉོ་རྒྱུར་ཐག་བཅད། དེའི་ཚེ་ཕྱི་མི་ཚོས་ཁ་ཏ་ལ་དངུལ་འབོར་འདི་འདྲ་མང་པོས་ལུག་འདི་གཅིག་པུ་ཉོ་བ་ལས་རི་དངུལ་འདིས་ལུག་གཞན་ཁ་ཤས་ཉོས་ནས་ཚེ་ཐར་བཏང་ན་དགའ་ཞེས་ཟེར། འོན་ཀྱང་ཨ་མ་ཁོས། ཡིན་གཅིག་མིན་གཅིག་ལུག་འདི་ག་རང་ཉོ་རྒྱུ་ཡིན། འདི་ག་རང་ཚེ་ཐར་ལ་གཏང་རྒྱུ་ཡིན། ཞེས་གསུང་ལན་ལྡོན་ཏེ་སྙིང་རྗེའི་ཉག་ཕྲན་ཟབ་མོར་ཟུག་པའི་འབེན་དེ་ག་རང་བདམས་གནང་ངོ་། (ལོ་རྒྱུས་ཕྱག་དེབ་༼བོད་ཀྱི་བུ་མོ་༽ཞེས་པའི་ནང་གསལ་)
སེམས་ཅན་གཅིག་གི་དོན་དུའང་དམྱལ་བ་བདམས་ཤིང་དེ་ལ་དངོས་སུ་འཇུག་པ་འདི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་གི་ཚུལ་ལུགས་སྨད་དུ་བྱུང་པ་ཞིག་ཡིན་མོད་ཀྱི། འདི་ན་སྙིང་རྗེ་ལ་རྒྱུས་མངའ་དེ་ཙམ་མེད་ལ། འཁྲུལ་ཤེས་ཀྱི་ཚང་ཚིང་སྟུག་པོ་ལ་གནས་བཅའ་བ། སོ་སྐྱེའི་རིགས་ལམ་ཉི་ཚེ་བ་འགའ་ལ་རྒྱབ་བརྟེན་པའི་རྟོག་གེ་སྨྲ་ལ་དགའ་འགའ་ཞིག་གིས་ནི། མ་སེམས་ཅན་ཐམས་ཅད་ཀྱི་དོན་རྒྱ་ཆེན་པོ་རྣམས་རྒྱབ་ཏུ་བསྐྱུར་ནས་སེམས་ཅན་གཅིག་གི་ཕྱིར་་དམྱལ་བར་འགྲོ་བ་འདི་ཤིན་ཏུ་བླུན་ནོ་ཞེས་འཕྱ་བར་ཟད་མོད་ཀྱི། འདི་ནི་སྙིང་རྗེ་དང་ལས་འབྲེལ་གཉི་གའི་འཇུག་ལུགས་ལ་རྒྱུས་མེད་པའི་རྨོངས་རྟགས་རེད། རང་ཉིད་ཀྱི་ངོས་ནས་ཀུན་དགའ་དོན་འགྲུབ་བརྒྱ་ཤོག་གཅིག་ཀྱང་གཏང་མི་ནུས་པ་དག་གི་ཁ་འཕེན་ས་དང་ཁག་དགལ་ས་རེད། དེ་བས་གཞན་གྱི་འགྲན་ཟླ་བྲལ་བའི་གཏོང་ཕོད་དང་བྱམས་སྙིང་རྗེ་ལ་ཡི་རང་བྱས་ན་མི་ལེགས་སམ།
ལག་ལོ་བཤད་ལ་དགའ་རྣམས། རྐང་ལོ་འགྲོ་ལ་དགའ་རྣམས། སྲོག་བླུ་སྤོང་པ་ནི་སྲོག་བླུའི་མཆོག་གོ་ཟེར་པ་སོགས། སངས་རྒྱས་ཀྱིས་ཀྱང་མ་བསྟན་ལ། རྗེས་འཇུག་མཁས་གྲུབ་རྣམས་ཀྱིས་ཀྱང་མ་གསུངས་ན། རྗེ་གུང་ཐང་བས། གསར་བཤད་ཕྲ་མེན་མ་ཡི་སོ་ནམ་འདིས། །ཕན་ལས་གནོད་པ་ཆེ་བས་འཛེམས་ཤིག་ཨང་། །ཞེས་གསུངས་པ་དེ་འདི་འདྲ་འདི་ལའོ། །
ལོ་ཡག་གི་གསུང་ལ་མངོན་པར་བསྟོད་དོ། །ཅོ་རི་ཟེར་བས་ཐེག་ཆེན་ནང་བསྟན་གྱིས་མགར་ཤན་སོགས་སྡུག་ཅག་རྩིས་ཟེར་བ་ནི། ཁ་ཆོ་མེད་ཀྱི་གཏམ་ཆོ་མེད་རང་རེད། ཐེག་ཆེན་པས། བཀྲེན་ལ་བརྩེ་དང་མ་རུངས་པ་ལ་བརྩེ། །སོགས་གསུངས་ནས་དམིགས་བསལ་བརྩེ་བས་བསྐྱང་དགོས་པར་གསུངས་ཡོད་པ་གོ་ཨེ་མྱོང་། མགར་ཤན་སོགས་རིགས་ངན་རྩིས་ཏེ། བྱམས་སྐྱོང་མི་བྱེད་པ་དེ་འཇིག་རྟེན་པའི་ལུགས་ཡིན་པས། ཐེག་དམན་ཉན་ཐོས་པས་དེ་དང་ཅུང་ཟད་བསྟུན་ཡོད། ཆོས་དང་འཇིག་རྟེན་ལུགས་གང་ཡིན་མི་ཤེས་བཞིན་ཤེས་མདོག་མ་བྱེད།
བྱས་ན་དགེ་སློང་གི་སྡོམ་པ་ཞུ་མཁན་འགྲོ་དུས་་མགར་བའི་བུ་དང་ཤིང་བཟོའི་བུ་ཡིན་ན་དགེ་སློང་གི་སྡོམ་པ་ཀྱང་ཞུ་མི་ཆོག་པ་མིན་ནམ། དང་པོར་བླ་མའི་རྩ་རུ་དགེ་སློང་སྡོམ་པ་ཞུ་མཁན་མ་ཕྱིན་པའི་སྔོན་ནས་མཆོད་གཡོག་ཞིག་གིས་མགར་ཤན་གྱི་བུ་ཡིན་མིན་སྐད་ཆ་འདྲི་ཡི་རེད་བ།
མགར་བའི་བུ་ནི་མ་ཡིན་ནམ།་ཞེས་འདྲི་འོང་དུས་་་མ་ཡིན་ལགས་ཟེར་དགོས་པ།
ཤིང་བཟོའི་བུ་ནི་མ་ཡིན་ནམ་་་ཞེས་འདྲི་འོང་དུས་་་་མ་ཡིན་ལགས་ཅེས་ལན་དགོས་པ་ལས་་་མགར་བའི་བུ་དང་ཤིང་བཟོའི་བུ་ཡིན་ཞེས་ལན་འདེབས་བྱས་ན་དགེ་སློང་སྡོམ་པ་ཞུ་མཁན་འགྲོ་ཆོག་གི་མེད་པ།
ཆོས་ཀྱི་སྣང་བ་ལགས་་་་་མགར་ཤན་སྡུག་སྐྱ་བརྩིས་པའི་ལུགས་སྲོལ་འདི་ཆོས་ལུགས་ལས་བྱུང་བ་མིན་ན་་་འཇིག་རྟེན་པས་མགར་ཤན་སྡུག་སྐྱ་བརྩིས་སྟངས་ཤིག་ཤོད་དང་། བཤད་ཀྱི་ཡོད་དམ།
ཆོས་ལུགས་པས་མགར་བ་དང་ཤན་པ་སྡུག་རྐྱལ་ལ་ནམ་ཡང་རྩིས་བ་མེད། མ་གྱུར་སེམས་ཅན་ཟེར་ནས་ཆོས་བྱེད་བཞིན་ཡོད་པས། དེ་འདྲའི་གོ་བ་ཞིག་ཡོང་ཤེས་ས་མེད།
མགར་བ་དང་ཤན་པའི་བུ་ཡིན་མིན་གྱི་སྐད་དྲིས་ཡོད་པ་བདེན། རྒྱུ་མཚན་ཤེས་ན། དེ་ནི། སྔ་སྲོལ་ཡིན་ན། ཕ་ཤུལ་བུས་སྐྱོང་དགོས་བའི་ལུགས་སྲོལ་ཡོད། བུས་ཕ་ཤུལ་མ་སྲུང་བར། དགོན་པར་ཡོང་ན། ཕ་ངན་དེ་ཚོ་དགོན་པ་ལ་ཆག་འཇིག་གཏོང་བའི་བྱ་བ་བྱེད་པ་རེད། དེ་ལ་ཡོལ་བའི་ཆེད་དུ་འདྲི་དགོས་བ་རེད།
ཕས་བཀའ་འཁྲོལ་བྱུང་ཕྱིན་མི་དེ་ཚོ་དགོན་པར་ཡོང་ན་མི་ཆོག་པའི་ཡིན་རྡོག་ན་གཅིག་ཁྱོད་ལ་སྟོན་རྒྱུ་མེད། དེ་ཧ་གོ་བར་བྱོས།
མ་གཞི་ཁྱོ་ལམ་ཕྱིན་ཅི་ལོག་ལ་འགྲོ་མཁན་ཞིག་ཡིན་དུས། གསལ་བཤད་ཡང་བཤད་ག་ཚོད་བྱས་ན་ཕན་པ་མེད་པ་ཤེས། ཡིན་ན་ཡང་། ལོག་ལམ་གསར་ཞུགས་པ་ཚོ་སྐྱོབས་པའི་ཆེད་དུ། ཁ་ཅིག་འགུལ་བ་ཡིན།
བོད་པའི་ཆོས་ལུགས་པ་ཚོས་་་ཚེ་ཐར་བཏང་མཁན་ཚོ་ཡག་པོ་དང་བྱང་སེམས་ཅན་ཡིན་མདོག་མདོག་གིས་བསྟོད་ར་ལུང་ཆུང་ནང་དུ་མི་ཤོང་བ་བཏང་འོང་དུས་་་་ཤུགས་སུ་ཤན་པ་དང་ཉ་པ་སོགས་སྡུག་སྐྱ་ཡིན་པར་བསྟན་པ་རེད། སེམས་ཅན་ཐམས་ཅད་དང་གཞན་ཕན་སྙིང་རྗེ་བཤད་ནས་སེམས་ཅན་གཞན་གྱི་རྒྱུ་ནོར་ལ་རང་གིས་ལོངས་སྤྱོད་མཁན་གྱི་བོད་པའི་ཐེག་ཆེན་པ་ཡིན་ཟེར་མཁན་ཚོ་ཤཀྱའི་ཆོས་ལུགས་ནས་བཤད་པའི་ཐེག་ཆེན་པ་དངོས་གནས་དེ་མིན། དཀར་ནག་གོ་ལྡོག་དང་ལོག་ཆོས་ཅན་རེད་ད་་་་བཀོར་ཟན་ཚོ་ལ་རྒྱུས་ཡོད་ད།
གཞན་ཕན་བཤད་ཀྱིན་བཤད་ཀྱིན།
གཞན་གྱི་རྒྱུ་ནོར་བཟའ་མཁན།
སྦྱིན་པ་བཤད་ཀྱིན་བཤད་ཀྱིན།
རང་ལ་སྦྱིན་བདག་འཚོལ་མཁན།
འཇིག་རྟེན་སྨོད་ཀྱིན་སྨོད་ཀྱིན།
སྲིད་ཁྲིའི་སྟེང་དུ་བསྡད་མཁན།
འཁོར་བར་སྡང་གིན་སྡང་གིན།
འཁོར་བའི་བཟའ་མར་བཟའ་མཁན།
དཀར་ནག་གོ་ལྡོག་ཅན་གྱི།
བླ་མའི་ཆོས་ལུགས་འདི་ལ།
ཤཀྱའི་རྒྱལ་པོ་ཡོད་ན།
བཀའ་བཀྱོན་གཏོང་ངེས་རེད་ད།
སྟོན་པ་བཀྲིན་ཅན་གྱི་རིགས་མི་གཙོ་རུས་མི་གཙོ་སྒྲུབ་པ་གཙོ་གསུང་པ་ལ་མངོན་པར་སྟོད་དོ་།
ཅོ་རི་ལགས། ཆོས་དང་གང་ཟག་སོ་སོ་ཕྱེས། གང་ཟག་རྗེས་འབྲངས་པ་ཐམས་ཅད་ཟེར་ནས་མཉམ་རྡུང་མ་བྱེད། མགར་ཤན་ངན་པར་རྩིས་པ་སྟོན་པ་མ་བྱོན་སྔོན་ནས་ཡོད་དེ། རིགས་བཞི་ལས་རིགས་ངན་གདོལ་བའི་རིགས་སྔོན་ནས་གྲགས་པས་སོ། །
གཞན་དོན་བཤད་ཀྱིན་བཤད་ཀྱིན། །
གཞན་དོན་རླབས་ཆེན་སྒྲུབ་དུས། །
རང་དོན་རུས་པ་འཆའ་རྣམས། །
རང་ཁ་སོས་ན་འགྲིགས་པ། །
གཞན་ལ་སྒོར་རྡོག་གཅིག་ཙམ། །
གཏོང་བའི་སྙིང་ཁམས་མེད་བཞིན། །
ཆོས་སྲིད་གནམ་ས་གཉིས་ཀྱི། །
གཏམ་ལ་གཞུག་གུ་མེད་པ། །
ཡ་གིའི་བྱམས་སེམས་ཅན་མ། །
ཉི་མ་ཟླ་བའི་དོ་ཡ། །
སྲིན་བྱ་འུག་པའི་ཚོགས་ལ། །
དེ་བས་མུན་པ་དགའ་བ། །
ཧེ་ཧེ།
འདན་མ་ཟླ་སྒྲོན་གྱི་དགེ་བའི་ལས་ལ་ཡི་རངས་དང་ཁོང་ལ་ལུས་སེམས་གཉིས་ཀྱིས་ཡིད་སྨོན་ཤོར་བའི་ཁྱད་ཆོས་མང་པོ་འདུག
མ་འོངས་པ་ན། སྒོར་མོ་འདི་འདྲ་མང་པོ་ཞིག་ལས། ཕྱེད་ཀ་ཟུར་ལ་བཅད་ན། ཨ་མདོ་ཁུལ་གྱི་བོད་ཕྲུག་འཚོ་བ་དམན་པ་དང་། ཕ་མ་མེད་པའི་དྭ་ཕྲུག དབང་པོ་སྐྱོན་ཅན་གྱི་ཕྲུ་གུ་ཚོར་སློབ་གསོ་སོགས་ཀྱི་ཕན་པ་སྒྲུབ་ཐུབ་ན་དེ་བས་ལེགས།
ད་ལྟ་ཨ་མདོ་ཁུལ་ལ་མིག་ལོང་བའི་སློབ་གྲྭ་གཅིག་ཀྱང་མེད་སྟབས། ཚང་མ་ཁྱིམ་ལ་བཅུག་ནས། དེ་ཚོར་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་པའི་སྙན་ཞུ་ཕྱི་རྒྱལ་གྱི་མགོ་སེར་ཞིག་ལས་མཐོང་།
འདན་མ་སྒྲོལ་མ་སོགས་ཀྱིས་དེ་དག་ལ་ཕན་པ་སྒྲུབས་རོགས་ཅེས་ཞུ་བ་འཐེན་པ་ལགས།
ཐུགས་རྗེ་ཆེ།
གནད་དུ་ཁེལ་བ་བྲིས་འདུག