འཇམ་དབྱངས་དཀར་པོ།
སྤྱི་ལོ་༢༠༥༠ ལོར་འཛམ་གླིང་གི་མི་གྲངས་ཐེར་འབུམ་ ༩.༦ ཟིན་རྒྱུ་ཡིན་པ་དང་། ཡར་ཐོན་ཅན་གྱི་ཡུལ་གྲུ་ཁག་ནས་འཕེལ་རྒྱུ་རེད། (ཕྱེད་ཀ་ཨ་ཧྥུ་རི་ཀ་ནས་ཡིན།) འཛམ་གླིང་ཁྱོན་ཡོངས་ཀྱི་རྒྱལ་ཁབ་སོ་སོས་དེ་ལ་ཁ་གཏད་བཅག་སྟེ། ཇི་ལྟར་མི་རེ་རེེར་འདང་བའི་བཟའ་བཏུང་ཐོན་བསྐྱེད་བྱེད་དགོས་སམ།
དྲི་བ་དེའི་ལན་ནི། མཉམ་སྦྲེལ་རྒྱལ་ཚོགས་གཙོས་གང་གིས་ཀྱང་བཟའ་བཏུང་ཐོལ་བ་ཐོན་བསྐྱེད་བྱ་རྒྱུ་དེ་མིན་པར། ང་ཚོར་གང་ཡོད་པ་དེ་ཧ་ཅང་འཕྲོ་བརླག་ཏུ་གཏོང་བ་བཀག་འགོག་བྱ་རྒྱུ་དེ་རེད། ཨ་རིའི་བཟའ་བཏུང་དང་ཟས་རིགས་ཚན་པའི་སྔོན་རྩིས་ནང་། འཛམ་གླིང་འདིར་ལོ་རེ་བཞིན་འགྲོ་བ་མིའི་ཆེད་དུ་ཐོན་བསྐྱེད་བྱས་པའི་ཟས་རིགས་གཅིག་ནས་གསུམ་ཆུད་ཟོས་སུ་གཏོང་གི་ཡོད། (ཊོན་ཐེེར་འབུམ་ ༡.༣ ཙམ།) དེ་ནི་བརླག་པའམ་འཕྲོ་བརླག་ཏུ་བཏང་བ་རེད། དེའི་ནང་དུ་ཤིང་ཏོག་དང་སྔོ་ཚལ་༤༥ % ཉའི་རིགས་༣༠ % བཟའ་འབྲུ་དང་ཐོན་བསྐྱེད་སྐམ་པོའི་རིགས་༢༠ % ཤའི་རིགས་༢༠ % བཅས་ཚུད་ཡོད། བཟའ་བཏུང་འཕྲོ་བརླག་ཏུ་གཏོང་མཁན་ཕལ་ཆེ་བ་ཡར་ཐོན་ཅན་གྱི་རྒྱལ་ཁབ་རྣམས་ཡིན་པར་ངོ་མཚར་མི་དགོས།
ཡོ་རོབ་ནང་།
སྤྱི་ལོ་༢༠༡༢ ལོར་ཞིབ་འཇུག་བྱས་པ་ལྟར་ན་ཡོ་རོབ་ལ་ལོ་རེར་བཟའ་བཅའ་ཊོན་ས་ཡ་ ༡༠༠ འཕྲོ་བརླག་ཏུ་གཏོང་གི་ཡོད་པ་དང་། གལ་སྲིད་བཀག་འགོག་མ་བྱས་ཚེ་སྤྱི་ལོ་༢༠༢༠ ལོར་ཊོན་ས་ཡ་ ༡༢༠ ལ་འཕར་རྒྱུ་ཡིན་འདུག ཟ་མ་འཕྲོ་བརླག་ཏུ་གཏོང་བ་ནི་ལས་རིགས་ཀུན་སྤྱོད་དང་དཔལ་འབྱོར་གྱི་གནད་དོན་ཙམ་གྱིས་མིན་པར། རང་བྱུང་ཁོར་ཡུག་གི་ཐོན་ཁུངས་ཚད་གཞི་སྟོང་པ་བཟོ་བར་འབྲེལ་བ་ཡོད། འོན་ཀྱང་ཡོ་རོབ་པ་རྣམས་ཀྱིས་དུད་འགྲོ་དང་མི་གཉིས་ཀའི་བདེ་ཐང་ཧ་ཅང་གཙིགས་སུ་འཛིན་པ་ཡིན།
རྒྱ་གར་ནང་།
ཟ་མ་འཕྲོ་བརླག་ཏུ་གཏོང་བ་ནི་རྒྱ་གར་ནང་གནད་དོན་ཞིག་གི་དྲིལ་བརྡ་ཡིན། སྲང་ལམ་དང་གད་སྙིགས་སྒམ། ས་ཆ་གང་སར་གད་སྙིགས་ཀྱིས་ཁྱབ་ཡོད་པ་དེ་བཟའ་བཏུང་འདང་ངེས་བཞིན་པར་དཔང་པོ་བྱེད་པ་དང་མཚུངས། གཉེན་སྟོན་དང་ཟ་ཁང་། འགྲོན་ཁང་། ནང་མི་དང་མི་མང་གི་མཛད་སྒོ། ནང་མི་བཅས་ཀྱིས་ཟ་མ་ཕངས་མེད་དུ་གཡུགས་པས། མཉམ་སྦྲེལ་རྒྱལ་ཚོགས་ཀྱི་ཡར་རྒྱས་འཆར་གཞི་དང་བསྟུན་ན། རྒྱ་གར་གྱིས་ཐོན་བསྐྱེད་བྱས་པའི་ཟས་རིགས་ ༤༠ % ལྷག་འཕྲོ་བརླག་ཏུ་གཏོང་གི་ཡོད། རྒྱ་གར་གྱིས་ལོ་རེར་གྲོ་ཊོན་ས་ཡ་ ༢༡ འཕྲོ་བརླག་གཏོང་བ་དེས་ལོ་རེའི་གྲོ་ཐོན་བསྐྱེད་ ༥༠ % ཟིན་ཡོད་པ་དང་། རྒྱ་གར་གྱིས་ལོ་རེ་བཞིན་ཞིང་ལས་ཐོན་བསྐྱེད་ཧིན་སྒོར་ས་ཡ་ ༥༠,༠༠༠ མ་གནས་འཕྲོ་བརླག་ཏུ་གཏོང་གི་ཡོད། འཛམ་གླིང་ན་མི་སེར་ལྟོགས་སྐོམ་མྱོང་བའི་རྒྱལ་ཁབ་ ༨༨ ཡོད་པ་ལས་རྒྱ་གར་ཨང་ ༦༣ པ་ཡིན།
ཟ་མ་འཕྲོ་བརླག་ཏུ་གཏོང་བ་དེས་བཀྲེས་ལྟོགས་ཀྱིས་མནར་བའི་མི་གྲངས་མཚོན་མི་ཐུབ་སྟེ། དཔལ་འབྱོར་ཅན་གྱི་ནང་ན་ཡང་དཔལ་འབྱོར་འཕར་ཆགས་ཀྱི་དཀའ་ངལ་ཡོད། རྒྱ་གར་ནང་ཟ་མ་འཕྲོ་བརླག་ཏུ་གཏོང་བ་ནི་གཞུང་གི་ཆབ་སྲིད་ཀྱི་འགན་འཁྲི་གཅིག་པུ་མིན་པར། སྲོལ་རྒྱུན་རིག་གནས་ཀྱི་འཁྲབ་སྟོན་ལ་ཡང་འབྲེལ་བ་ཡོད། རྒྱ་གར་ནང་གྲ་རྒྱས་པོའི་གཉེན་སྟོན་གྱི་ཆོ་ག་དང་། གྲ་རྒྱས་པོའི་སྤྲོ་ཚོགས་འདྲ་མིན་ཡོད་པ་དེས་བཟའ་བཏུང་ཧ་ཅང་འཕྲོ་བརླག་ལ་གཏོང་གི་ཡོད། རྒྱ་གར་ནང་བཀྲེས་ལྟོགས་ཀྱིས་མནར་བའི་མི་གྲངས་ས་ཡ་ ༦༥ ལྷག་ཡོད་པས། ཧྥ་རན་སིའི་མི་སེར་སྤྱིའི་གྲངས་ཀ་ལས་བརྒལ་ཡོད། སྤྱི་ལོ་༢༠༡༣ ལོར་དགུང་མོ་བཟའ་བཏུང་མ་ཐོབ་པར་ལྟོགས་ཉལ་བྱེད་པའི་མི་ས་ཡ་ ༢༠ ལྷག་ཡོད་པ་དང་། སྤྱི་ལོ་༢༠༡༢ ལོར་ལྟོགས་ཤི་དང་ཟས་བཅུད་མ་འདང་བར་བྱིས་པ་ས་ཡ་ ༧ ཤི་ཡོད།
རྒྱ་ནག་ནང་།
རྒྱ་ནག་ནང་ལོ་རེར་ཨ་སྒོར་ཐེར་འབུམ་ ༣༢ ཀྱི་རིན་ཐང་ཡོད་པའི་ཟས་རིགས་འཕྲོ་བརླག་ཏུ་གཏོང་གི་ཡོད། ཚད་བསྡུར་བྱས་ན་རྒྱལ་ཡོངས་སུ་ཟས་རིགས་ ༧༠ % འཕྲོག་བརླག་ལ་གཏོང་བ་དང་། རྒྱ་ནག་གི་མི་ས་ཡ་ ༡༢༨ དབུལ་ཕོངས་ཀྱི་གནས་སྟངས་འོག་ལུས་ཡོད། རྒྱ་ནག་ནང་གྲོང་ཁྱེར་གྱི་མིའི་གྲངས་ཀ་ཇེ་མང་དང་། ཟས་རིགས་འཕྲོ་བརླག་གི་ཚད་གཞི་མུ་མཐུད་ཇེ་འཕར། ཞིང་ས་ཇེ་ཆུང་དུ་འགྲོ་བཞིན་པ་ནི། རྒྱ་ནག་གི་ངོ་གདོང་ལ་འཕྲད་པའི་ཛ་དྲག་གི་གནད་དོན་ཞིག་ཆགས་ཡོད། རྒྱ་ནག་ནང་སྤྱི་ལོ་༡༩༥༨ ནས་ ༡༩༦༢ བར་མི་ས་ཡ་ ༤༥ ལྟོགས་ཤི་ཐེབས་ཡོད། རྒྱ་ནག་པ་རྣམས་ཀྱིས་ཅིའི་ཕྱིར་ཁོ་ཚོ་ལ་འདང་ངེས་བཞིན་པ་ལས་ལྷག་པོ་མངགས་ཀྱི་ཡོད་པ་རེད། ཁོ་ཚོས་མ་མཐར་ཡང་མི་གྲངས་ལས་ལྷག་པའི་ཟ་མ་མངགས་པ་དེས་མཐོང་སྣང་ལ་ཡག་པོ་ཡོང་ཟེར་བ་དེ། ཚོར་སྣང་རྒྱུན་ལྡན་པ་ཞིག་རེད་དམ། རྒྱ་ནག་སྤྱིས་ཟས་རིགས་ ༧༠ % འཕྲོ་བརླག་གཏོང་གི་ཡོད་པ་ལས། ཁྱིས་ཟས་ ༦༡ % འཕྲོ་བརླག་ཏུ་གཏོང་གི་ཡོད་འདུག
རྒྱ་ནག་ཞིང་ལས་སློབ་གྲྭ་ཆེན་མོའི་སྙན་ཐོ་ལྟར་ན། སྤྱི་ལོ་༢༠༠༦ ནས་ ༢༠༠༨ བར་ཟ་ཁང་གཅིག་པུས་འཕྲོ་བརླག་ཏུ་བཏང་བའི་ཟ་མས། བཀྲེས་སྐོམ་མྱོང་བའི་རྒྱ་རིགས་ས་ཡ་ ༢༠༠ འཚོ་གནས་ལ་འདང་ངེས་བཞིན་པ་ཡིན་འདུག རྒྱ་ནག་གི་ཐབ་ཚང་ཁག་གིས་ཉིན་རེ་བཞིན་ཟ་མ་ཊོན་ ༡༡,༠༠༠ དང་། ཟ་ཁང་ཁག་གིས་ཉིན་རེ་བཞིན་ཟ་མ་ཊོན་ ༢,༥༠༠ འཕྲོ་བརླག་ཏུ་གཏོང་གི་ཡོད།
ཨ་རིའི་ནང་།
ཨ་རིའི་ནང་ཟ་མ་ ༣༡ % དང་པོང་ཊི་ཐེར་འབུམ་ ༤༣༠ ལས། ཟ་མ་པོང་ཊི་ ༡༣༣ མ་ཟས་པར་འཕྲོ་བརླག་གཏོང་གི་ཡོད། ཆུད་ཟོས་སུ་བཏང་བའི་ཟ་མ་དེ་རིན་ཐང་དུ་གཞལ་ན་ཨ་སྒོར་དཀྲིགས་ཆེན་ ༡༤༡ གི་མ་གནས་ཡིན་འདུག