སྤོབས་པ་མཐའ་ཡས།
ཁར་སང་རྒྱ་རི་བློ་གྲོས་རྒྱལ་མཚན་རྡ་རམ་ས་ལའི་ཚོགས་ཆེན་སྐབས་བལ་ཡུལ་དུ་ཕེབས་མིན་སྐོར་ལ་མཆན་བུ་འགོད་སྟངས་ལས་དྲྭ་གྲོགས་འགས་བདག་ལ་བཀའ་བཀྱོན་དང་འབྲེལ་ཁ་བརྡ་དྲྭ་བའི་གཙོ་སྐྱོང་པའི་མཚན་ཐོག་དུ་ཡང་འཇིགས་སྐུལ་གནོན་ཤུགས་སྤྲད་སྟབས་ཁ་བརྡ་དྲྭ་བའི་གཙོ་སྐྱོང་པས་བཟོད་གསོལ་ཞུས་པ་དང་སྦྲགས་རྩོམ་དེར་མཆན་བུ་འགོག་དགོས་བྱུང་། དོན་ངོ་མར་ཁ་བརྡས་བཟོད་གསོལ་ཞུ་བ་གཏན་ནས་འོས་བབ་མེད། བཞི་བརྒྱ་ནད་ཀྱི་ས་བོན་དང་དམར་ནག་གྱོད་ཀྱི་རྩ་བ་དེ་ཁོ་བོ་ཡིན་སྟབས་གལ་ཏེ་དགོང་དག་ཞུ་དགོས་ན་ཁོ་བོས་ཞུ་བར་འོས། ཁ་བརྡའི་གཙོ་སྐྱོང་པས་ལྷག་བསམ་གྱིས་བསྐྲུན་པའི་བྱ་བ་ལ་བཟང་པོའི་ཡར་འཐེན་གྱི་རོགས་རམ་ཞིག་མ་ནུས་ན་ཡང་གནོན་ཤུགས་འཇིགས་སྐུལ་ཐེབས་པའི་ཉེར་ལེན་དུ་གྱུར་པའི་བྱ་བ་བྱས་པར་སྙིང་ཐག་པ་ནས་འགྱོད་པས་གདུང་བྱུང་། དེ་ལྟ་བུ་ནི་ལས་རྒྱུ་འབྲས་དང་མི་མཐུན་པའི་བྱ་བ་ཞིག་ཏུ་གྱུར་སྟབས་ཁོ་བོས་སྙིང་ཁོངས་རུས་པའི་གཏིང་ནས་ཁ་བརྡ་དྲྭ་བའི་གཙོ་སྐྱོང་པ་རྣམ་པར་བཟོད་གསོལ་ཞུ་བ་ལགས།
ད་ནི་སྐབས་བབ་གནད་ཀྱི་དོན་པོ་ལ་དྲྭ་གྲོགས་འགས་ཁོ་བོས་མཆན་བུ་འགོད་སྟངས་ལ་བཟོད་གསོལ་ཞུ་དགོས་དགོས་པའི་དགོངས་འཆར་བཏོན་པ་བཞིན་ཁོ་བོས་ཀྱང་དེ་དེ་བཞིན་ནོ་ཞེས་བཟོད་གསོལ་ཞུ་བར་སྤྲོ་བ་བརྟས། དེ་ཡང་ཉེས་པ་ལ་ཉེས་པ་ཉིད་དུ་ཤེས་ནས་བཟོད་གསོལ་ཞུ་བ་ནི་ཡ་རབ་དམ་པའི་ལས་སུ་གྱུར་སྟབས་ཁོ་བོ་ནི་དེ་ལ་པདྨའི་མཚོ་ལ་ངང་པ་འཇུག་པ་བཞིན་དགའ་དང་སྤྲོ་བས་བཟོད་གསོལ་ཞུ་བ་ལགས།
དེ་ཡང་ཁོ་བོའི་མི་ཚེ་འདིའི་འགྱུར་ལྡོག་གི་རླབས་ཕྲེང་བརྒྱུད་རིམ་བཞིན་ཡར་རྒྱས་ཀྱི་རྣམ་པ་ཞིག་བྱུང་བ་ནི་བཟོད་གསོལ་ཞུ་བར་འཛེམས་དོགས་མེད་པར་གྱུར་པ་དེ་རེད། སྔོན་དུས་སུ་རང་གིས་ཉེས་པ་ལ་ཉེས་པ་ཉིད་དུ་ཤེས་ཤིང་མཐོང་ན་ཡང་དེ་ཉིད་འཁྱོག་པ་ཡོ་བསྲངས་བྱ་བ་ལས་ལྡོག་སྟེ་ཐབས་བརྒྱ་ཇུས་སྟོང་གིས་རང་ཉིད་ཉེས་པས་མ་གོས་པའི་ཨུ་ཚུགས་བྱས་པ་ཡིན། ད་སྐབས་ཡར་མར་ཁ་འཁོར་སྐབས་གཞན་ཞིག་ལ་ཐུག་ཙམ་བྱུང་ན་ཡང་བཟོད་གསོལ་བྱེད། མི་མང་འདུས་ས་རུ་སྦྲིད་པ་ཞིག་བྱུང་ན་ཡང་བཟོད་གསོལ་བྱེད། མདོར་ན་བཟོད་གསོལ་ཅི་ཙམ་མང་བ་ཞིག་བྱེད་ཐུབ་པ་དེ་བཞིན་དུ་འབྲེལ་ལམ་ཡག་པོ་དང་བྱ་བ་ལམ་འགྲོའི་གཞིར་གྱུར་པར་ངེས་ཤེས་རྙེད། དེ་ལྟ་ལགས་ན་འདིར་རིགས་རུས་དང་རིག་གཞུང་གཅིག་པ། ཕ་ཡུལ་དང་ཕ་སྐད་གཅིག་པ། སྐྱིད་སྡུག་གི་མདུན་ལམ་གཅིག་གི་སྣེ་ན་ལྷགས་པའི་སྤུན་ཟླ་ཚོའི་མདུན་དུ་གུས་པའི་ལྷ་ཕྱག་བརྒྱ་ཕྲག་གི་སྣེ་དྲངས་པའི་བཟོད་གསོལ་བརྒྱ་ཚར་ཅིག་བྱ་དགོས་ཀྱང་དགའ་བཞིན་སྤྲོ་བཞིན་བྱ་བར་ནུས།
འོ་ན་འདིར་ངས་བཟོད་པར་གསོལ་སྟངས་དེ་ཡང་ཁ་སྟོང་པའི་བཟོད་གསོལ་དང་ལག་སྟོང་པའི་ཕྱག་རྒྱ་ཙམ་གྱིས་མ་འཐུས་པར་རྒྱུ་མཚན་དང་སྦྲགས་ནས་བཟོད་གསོལ་བགྱི་བ་ནི་མཁས་པ་མགུ་བ་སྐྱེད་པ་དང་ཉེས་པ་སོར་ཆུད་པའི་ཉེར་ལེན་མ་ནོར་བ་ཡིན་སྟབས་རང་གིས་གང་ཞིག་བྱས་ཤིང་བསག་པའི་ལས་ཀྱི་རྣམ་གྲངས་དག་ལས་འཕྲོས་ཏེ་ཅུང་ཟད་གླེང་བར་བྱ། དེ་ཡང་དྲྭ་གྲོགས་འགས་ཁོ་བོས་རྒྱལ་བ་རིན་པོ་ཆེས་ཆུ་མགོ་ནས་བསྙོགས་པའི་སྐུར་འདེབས་བྱས་ཚུལ་གསུངས་པ་དེ་ནི་ཁོ་བོས་རྒྱལ་རིན་པོ་ཆེ་ཕའི་དཔེ་རུ་བཀོད། དེའི་འོག་ནས་ཡང་སྲིད་ངོས་འཛིན་བྱེད་དགོས་ཚུལ་དང་། རྟགས་རྟེན་འབྲེལ་ཡོད་མདོག་མདོག ཡང་སྲིད་འདི་ངོས་འཛིན་དགོས་མདོག་མདོག དེ་མ་ཡིན་པར་འདི་རེད་མདོག་མདོག་ཞུ་འདུག་མཁན་དེ་ཚོ་བུའི་དཔེ་རུ་བཀོད་ནས་ཕ་མགོ་བུ་ཡིས་བསྐོར་བ་ཞེས་ཤོད་ཁུལ་ཡིན། དེ་ཡང་ཁོ་བོས་ཆོས་སྲིད་གང་གི་ཆ་ནས་བསམ་ཀྱང་ཡང་སྲིད་ངོས་འཛིན་ལམ་ལུགས་འདི་ལ་ངོས་ལེན་བྱེད་ཐུབ་པའི་རེ་བ་ཤིན་ཏུ་ཕྲ་བ་འདི་ཡང་སྐབས་འདི་དངོས་རྒྱུ་གཅིག་ཡིན།
དེ་བཞིན་ཁོ་བོས་བོན་པོ་ལ་བཟོད་གསོལ་བྱ་དགོས་ཚུལ་སོགས་ཆོས་རྒྱུད་ཀྱི་རྩོད་གཞི་དྲངས་པའི་བཀའ་བཀྱོན་གནང་བ་དེ་ཡང་རང་རེ་ཕལ་མོ་ཆེ་ནི་བོན་པོ་ལ་གདོན་དུ་བལྟ་ཞིང་རྙིང་མ་ལ་ཆོས་ལོག་ཟེར་མཁན་ཇོ་ནང་ལ་ལྟ་ལོག་ཏུ་འཛིན་པ་སྟེ་འདྲ་མཉམ་དཀྱེལ་ཡངས་ཀྱི་འདྲེན་བྱེད་ཁབ་མིག་ལས་དོགས་པའི་ཁྱིམ་ཚང་ཞིག་དང་སྤྱི་ཚོགས་ཤིག དགོན་སྡེ་རེ་དང་། གྲྭ་ས་རེ་ནས་སྐྱེ་ཞིང་འཚར་བ་ཡིན་ངེས་རེད་སྙམ། ང་ལ་མཚོན་ན་ཡང་དེ་ལས་མ་འདས་ཀྱང་སྟབས་ཡག་པ་ཞིག་ལ་མི་ཚེའི་འདིར་དར་རྒུད་དང་གནས་སྟངས་འདྲ་མིན་གྱི་ཉམས་མྱོང་རླབས་ཀྱི་ཕྲེང་བ་བཞིན་བྱུང་བའི་ཉེར་ལེན་ལས་སྤྱི་ཚོགས་ཤིག་གི་ནང་དུ་ཆེས་མེད་ཐབས་མེད་པ་དེ་ནི་འདྲ་མཉམ་དང་གུ་ཡངས་ཀྱི་ལྟ་ཚུལ་འདི་ཁོ་ན་ཡིན་ཞིང་དེ་ལ་བརྟེན་ནས་ད་གཟོད་དེང་རབས་སྤྱི་ཚོགས་ཀྱི་མཐུན་སྒྲིལ་དང་རང་དབང་ཞེས་པའི་བདེ་སྐྱིད་ལ་རེག་ནུས་པའི་ཡིད་ཆེས་ངེས་ཤེས་བརྟན་པོ་རེ་རྙེད། དེར་བརྟེན་རང་རེའི་སྤྱི་ཚོགས་འདི་ཡང་ཆོས་ལུགས་ཀྱི་བག་ཆགས་མཚོ་ལྟར་ཟབ་ཅིང་མཁའ་ལྟར་རྒྱ་ཆེ་སྟབས་ཆོས་རྒྱུད་ཀྱི་འདྲ་མཉམ་ལྟ་ཚུལ་འདི་གལ་ཆེར་མཐོང་། ང་ཚོ་ལ་ཆིག་སྒྲིལ་དང་ཡར་རྒྱས་ཀྱི་སྟོབས་ཤུགས་ཤིག་དགོས་ན་དེ་ནི་ངེས་པར་དུ་ཡང་ནང་གི་འདྲ་མཉམ་དང་གུ་ཡངས་ཀྱི་ལྟ་ཚུལ་ལ་བརྟེན་དགོས་པར་རྟོགས་ནས་ཉེ་སྔོན་སྔགས་རྙིང་མའི་སྔགས་སྡེའི་སྐོར་ལ་རྩོམ་ཡིག་ཅིག་བྲིས་ནས་དྲྭ་རྒྱ་འདིའི་ངོས་སུ་སྤེལ། དེའི་རྗེས་སུ་བོན་པོའི་སྐོར་ལ་རྩོམ་ཞིག་ཀྱང་སྤེལ། ད་འདིར་དཔལ་རྒྱལ་བ་ཇོ་ནང་པའི་ཐུན་མོང་མིན་པའི་སྟོན་དང་བསྟན་པའི་ཆེ་བ་བརྗོད་པ་ཞེས་པའི་འབོལ་རྩོམ་རིང་ཙམ་ཞིག་བྲིས་ཡོད་ཀྱང་དྲྭ་གྲོགས་སྤྱི་དང་ལྷག་པར་ཡང་ས་སྐྱའི་ཕྱོགས་འཛིན་བྱེད་མཁན་ཚོས་ཉེས་འཛུགས་རེ་བྱེད་པར་དོགས་ནས་རེ་ཞིག་ཡིག་སྒམ་དུ་མཉལ་དུ་ཡུར་དགོས་བྱུང་། འོན་ཀྱང་སྣོན་འཕྲི་ཕྲན་བུ་རེ་བྱས་རྗེས་འགྲེམ་སྤེལ་བྱ་རྒྱུ་ཡིན། སྤྱིར་བཏང་ངས་རྩོམ་ཡིག་དེ་སྤེལ་བས་རྒྱལ་བ་ཇོ་ནང་པ་ལ་ཕན་ཐོགས་ཆེན་པོ་ཡོང་རྒྱུ་མ་རེད་ལ་ཡོང་དགོས་པ་ཞིག་ཀྱང་མ་རེད། ཇོ་ནང་པའི་མཁས་གྲུབ་གོང་མ་ཚོས་སྲིད་ཕྱོགས་ཀྱི་ཟང་ཟིང་རྒྱང་དུ་བོར་ནས་མི་ལོ་བརྒྱ་ཕྲག་དུ་མ་འགོར་ཟིན་ཡང་ངེས་དོན་གཞན་སྟོང་ཆེན་པོའི་ལྟ་གྲུབ་དང་ཉམས་ལེན་སྦྱོར་བ་དྲུག་གི་བརྒྱུད་པ་འདི་གྲྭ་མ་ཉམས་དྲི་མ་ཞིག་པར་གནས་ཡོད། འོན་ཀྱང་ཇོ་ནང་པ་ཞེས་པ་དེ་ཡང་མིའི་སྤྱི་ཚོགས་ཤིག་རེད། སྤྱི་ཚོགས་ཤིག་ལ་ཐུན་མོང་གི་དད་མོས་དང་ཐུན་མོང་གི་སྐྱིད་སྡུག་མཉམ་མྱོང་གི་གནས་སྟངས་ཤིག་ཡོད་སྟབས་དེ་ལ་མིའི་འདྲ་མཉམ་དང་ཆེ་མཐོང་དགོས་ཀྱི་རེད་ལ་རྩོད་དགོས་པ་དང་རྒྱབ་རྩར་འགྲེང་དགོས་པ་ཞིག་ཀྱང་རེད་སྙམ་ནས་ངས་རྩོམ་ཡིག་འདི་བྲིས་དང་འབྲི་བཞིན་པ་ཡིན། ངས་ཆོས་རྒྱུད་ཅིག་གི་གླེང་གཞི་ལས་འཕྲོས་དགོས་པ་དེ་ཡང་ང་རང་ཉིད་ཆོས་ལ་དད་དྲགས་པས་མ་ཡིན་ཡང་རང་རེའི་སྤྱི་ཚོགས་འདི་ལ་ཆོས་ལུགས་འདི་གལ་ཆེན་པོར་གྱུར་ཡོད་སྟབས་ངས་དེའི་སྐོར་གཙོ་བོར་གླེང་བཞིན་ཡོད། གང་ལྟར་ཡང་ངས་རང་གི་སྤྱི་ཚོགས་འདིའི་ནང་ན་གང་ཞིག་སྟོབས་ཤུགས་ཆུང་བ་དང་གནོན་ཤུགས་འཕྲད་ས་དེའི་ཕྱོགས་ནས་འགྲེངས་ཨེ་ཐུབ་བསམ་པ་དེ་ཡིན། ང་ཚོ་ཆོས་ལུགས་རིས་མེད་བྱས་ན་ལེགས་ཚུལ་དེར་ཡིད་ཆེས་ཡོད་ན་ལུས་ངག་གི་རྣམ་པར་རིག་བྱེད་ཀྱི་སྟེང་ནས་དངོས་སུ་རྒྱབ་རྩར་འགྲེང་རྒྱུ་དེ་གལ་ཆེན་ཡིན་པར་ཡིད་ཆེས་ཡོད།
དེ་བཞིན་རྒྱལ་བ་རིན་པོ་ཆེའི་མཚན་གྱི་མགོར་ཆེ་རྟགས་ཀྱི་ནོར་བུ་དགའ་འཁྱིལ་གྱི་གཟུགས་རིས་མ་བྲིས་པ་དེ་ནི་ངས་དེའི་རྒྱུ་མཚན་འབྱུང་ཁུངས་ཁུངས་དག་ཅིག་མ་ཤེས་སྟབས་མ་བྲིས་པ་ལས་ཁྱད་གསོད་བྱས་པ་མིན།
མདོར་ན་འདིར་དབུས་རྒྱལ་བ་རིན་པོ་ཆེ་ནས་མཐའ་བོད་མི་མང་སྟེ་ཁ་བ་རིའི་སྤུན་ཟླ་གང་ན་སུ་བཞུགས། ལྷག་པར་དུ་ཡང་དྲྭ་འི་གཙོ་སྐྱོང་པ་དང་དྲྭ་གྲོགས་རྣམ་པའི་མདུན་སར་ཁོ་བོས་མ་ཤེས་པ་དང་། མ་གུས་པ་དང་། བག་མེད་པ་དང་། ཉོན་མོངས་པ་མང་བའི་དབང་གིས་སྒོ་གསུམ་དང་ལྷག་པར་ཡང་ནག་གི་རྣམ་པར་རིག་བྱེད་འདི་བརྒྱུད་ནས་ཆོས་སྲིད་ཀྱི་དམ་ཚིག་ལ་རྒྱ་དང་འགལ་བའི་ལས་ཕྲ་རགས་གང་བསག་པ་ཐམས་ཅད་མཐོལ་ལོ། །བཤགས་སོ། །མི་འཆབ་པོ། །མི་སྦེད་དོ། །ཕྱིན་ཆད་སྡོམ་པར་བགྱི་འོ། །གནམ་འཁྲུགས་ན་གནམ་ས་སྣང་བརྒྱད་འདོན། ས་འཁྲུགས་ན་ས་བདག་བཤག་འབུམ་འདོན། ལྷ་འཁྲུགས་ན་ལྷ་བསང་ཁྲུས་གསོལ་འདོན། ྐླུ་འཁྲུགས་ན་ྐླུ་འབུམ་དཀར་ནག་འདོན། དཔོན་འཁྲུགས་ན་ཞུ་ལན་བཤག་གསུམ་བྱེད། ད་དུང་ཡང་བཟོད་གསོལ་ཞུ་སྟངས་ཀྱིས་མ་འཐུས་པ་གང་ཡོད་ཀྱང་དྲྭ་གྲོགས་ཚོས་འཛེམས་ཟོན་མེད་པར་གསུངས་དང་ཁོ་བོས་དང་བའི་འཛུམ་དཀར་གསལ་བཞིན་དེ་དེ་བཞིན་ནོ་ཞེས་ཞུ་བར་གྲ་སྒྲིག་ཨང་གསར་ཡོད། སྤུན་ཟླ་ཚང་མ་མཐུན་སྒྲིལ་དང་གུ་ཡངས་ཀྱི་ངང་ནས་རྒྱལ་ཁའི་ཕྱོགས་སུ་གོམ་པ་སྤོ་དགོས།
སྙིང་ཉེ་བའི་དྲ་གྲོགས་སྤོབས་པ་ལགས་སྐུ་གཟི་བྱིན་ལམ་མེ་གསུང་མགུར་དབྱངས་ཁྲོལ་ལེ་ཐུགས་ཟབ་ཡངས་འཁྱིལ་ལེར་འདིར་ཕེབས་ཏེ་དྲ་གྲོགས་ཁག་ཅིག་གི་རེ་འདུན་བཞིན་འགྱོད་བཤགས་ཀྱི་རྣམ་འགྱུར་བསྟན་པ་འདི་ནི་ངོ་མ། མཁས་པའི་སྡིག་པ་ལྕི་ཡང་ཡང་། །བླུན་པོའི་སྡིག་པ་ཡང་ཡང་ལྕི། །ཞེས་སྔོན་རབས་དམ་པའི་གསུང་རྒྱུན་དུ་བཞུགས་པ་ཇི་ལྟར། དྲ་གྲོགས་འགའི་ཐུགས་ལ་གནོད་པའི་མཆན་བུ་བཏབ་པ་དེར་འཁོར་གསུམ་མི་དམིགས་པའི་བཤག་སྡོམ་གྱི་བགྱི་བ་ལྷུ་རུ་བཞེས་འདུག་པ་འདིར་གུས་པ་རྒྱུན་རིང་གི་དྲ་གྲོགས་ཤིག་གི་ངོས་ནས་ཐུགས་རྗེ་ཆེ་ལན་བརྒྱར་ཞུ་བ་དང་ཆབས་ཅིག ད་དུང་ཡང་རང་རེ་ལ་ཁུར་དུ་བབས་པའི་ཁ་བ་རི་བའི་ཆབ་དཔལ་རིག་གསུམ་གྱི་རྣམ་པ་འབུར་དུ་ཐོན་པའི་རྩོམ་ཡིག་གང་མང་ཞིག་སྤེལ་ཐུབ་པའི་རེ་འདུན་ཡང་ཞུས་པ་ལགས་ན། དེ་ལུགས་ཐུགས་བརྩེ་ཆེན་ཆུ་འཛིན་འཁྲིགས་པའི་གུར་ཁང་ནས་དུས་ཀུན་འདོར་བ་མེད་པ་མཁྱེན་མཁྱེན།
སྤོབས་པས་དགོངས་དག་ཞུས་པ་ནི་དགོངས་དག་ཞུས་པ་རང་རེད། དགོངས་པ་དག་དང་མ་དག་དེ་བོད་ཀྱི་སྤྱི་ཚོགས་ལ་རག་ལས། དགོངས་དག་ཞུ་དགོས་དང་མ་དགོས་ཀྱང་དེ་རྩིས་ཀྱིས་མཁྱེན་པ་གནང་རོགས། ང་ཚོས་བོད་མི་ནང་ཁུལ་ལ་སུ་ལ་རྒྱལ་བ་རིན་པོ་ཆེར་དད་པ་ཡོད་མེད་འདི་ལ་བལྟ་རྒྱུའི་ན་ཚ་ཞིག་འགོས་འདུག མི་གཞན་པའི་ལྷག་བསམ་ལ་དྭོགས་པ་བྱེད་པ་དང་། དེ་བཞིན་མི་གཞན་པའི་དད་པ་ལ་དྭོགས་པ་བྱེད་པ་ལ་ང་ཚོས་འཛེམས་ཟོན་ཁྱོན་ནས་མི་བྱེད་པ་འདི་ནི་རྗེས་ལུས་ཀྱི་བསམ་ཚུལ་ཞིག་ཡིན་པ་འདྲ། སྤོབས་པ་འདི་ཡང་རྒྱལ་བ་རིན་པོ་ཆེའི་སྐུ་དོན་དུ་སྲོག་བློས་གཏོང་ཕོད་པའི་མི་གཅིག་མ་རེད་ཅེས་བཤད་ཐུབ་མཁན་སུ་ཡོད། ངས་དེ་ལྟར་བཤད་མི་ཐུབ། བསམ་བློ་ནང་དུ་བསྐོར་ནས་དགོངས་པ་ཞིག་བཞེས་དང་། ང་སྔོན་མ་ལི་ཐང་ཨ་ཐར་འདི་རྒྱལ་བ་རིན་པོ་ཆེ་ལ་མི་དགའ་མཁན་ཞིག་ཡིན་བག་ཆགས་བཞག་སོང་། རྗེས་མ་ང་ལི་ཐང་ཨ་ཐར་ལ་དགའ་མཁན་ཞིག་ཏུ་གྱུར་སོང་། ང་ཚོའི་སྤྱི་ཚོགས་ཧྲིལ་པོ་ཟེར་ཟློས་ཀྱི་རྗེས་འབྲངས་མཁན་ཞིག་མི་ཆགས་པའི་ཐབས་ཤེས་ངོ་མ་བྱེད་དགོས་པ་རེད། བླ་མ་ལ་ཡང་ལགས་སོ་རྐྱང་ཞུ་མི་དགོས་པ་དེ་ཡང་ཆོས་ནས་གསུངས་ཡོད་དེ། རིགས་པ་ཡིས་ཀྱང་མི་ནུས་ན།། མི་ནུས་དེ་ལ་ཚིག་གིས་སྦྱངས།། ཞེས་གསུངས་པ་ལྟ་བུ་རེད།
གནམ་འོག་འདི་ན་དྲང་བདེན་གཏམ་གྱི་གདུགས།།
གྱེན་དུ་འདེགས་ལ་དཔེ་ཟླ་ཡོངས་བྲལ་བ།།
རྣམ་དཔྱོད་ཕུལ་བྱུང་སྤོབས་པ་མཐའ་ཡས་ཞེས།།
ཡོངས་གྲགས་བདེན་པའི་དཔའ་བོ་ཁྱོད་ལ་གུས།།
ལེགས་ཉེས་རྣམ་འབྱེད་བློ་གྲོས་མཁའ་ལྟར་ཡངས།།
ཕྱོགས་ལྷུང་བྲལ་ཞིང་གཟུ་བོའི་རྟུལ་ཞུགས་ཅན།།
རྟག་ཏུ་དྲང་བོའི་ལས་ལ་ཡིད་རྟོན་པ།།
ཁྱེད་ཀྱི་གཤིས་ཀ་ང་ཡི་ཡིད་དུ་འོང་།།
འདི་མདང་དགོང་ཤར་མར་བྲིས་པ་ཡིན་སྟབས་ཡིག་ནོར་དང་ཆད་ལྷག་མི་ཉུང་བ་བྱུང་འདུག དཔེར་ངག་གི་རྣམ་པར་རིག་བྱེད་ལ་ནག་གི་རྣམ་པར་རིག་བྱེད་ཅེས་པ་ལྟ་བུ་བྲིས་འདུག རྩ་བའི་ཀུན་སློང་ལ་སྐྱོན་མེད་ཚུལ་དང་ལྷག་པར་ཡང་རྒྱ་དོལ་སོགས་དགྲ་ཟླའི་ཕྱོགས་ལ་འབྲེལ་བ་མེད་པའི་སྐོར་གླེང་དགོས་པ་ཤེས་ཀྱང་མནའ་བསྐྱལ་བ་ཙམ་མ་གཏོགས་གཞན་ཁུངས་སྐྱེལ་བྱ་སྟངས་ཡང་མ་མཐོང་སྟབས་འཇོག་དགོས་བྱུང་། སྤྲུལ་སྐུ་ྐླུ་སྨྱོན་སོགས་ཀྱིས་དབུགས་དབྱུངས་གནང་བར་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན། ཡིན་དང་ཡིན། རང་གིས་གང་ཤེས་མུ་མཐུད་དེ་གླེང་རྒྱུ་དང་ནོར་འཁྲུལ་ཤོར་སྐབས་བཟོད་གསོལ་ཞུ་ཞོར་དུ་འགྲོ་རྒྱུ་ལས་མ་འདས། ད་ནི་དྲྭ་གྲོགས་ཆོས་གྲགས་དང་བློ་གྲོས་སོགས་ཀྱིས་ཀྱང་བརྡ་ལན་རེ་ཐོབ་རྒྱུའི་རེ་བས་བསྒུགས་ཡོད།
སྤོབས་པ་མཐའ་ཡས། ཁར་སང་ང་རང་གཉིས་རྩོད་པ་བྱེད་སྐབས་སྟག་འཇིག་གཡག་འཇིག་འདྲ་བོ་ཞིག་མ་གཏོགས་རྒྱལ་ཕམ་ཞེ་དྲག་ཤོར་མ་སོང་ཡང་། དེ་རིང་ཁྱོད་ཀྱིས་རྒྱུ་མཚན་དང་བཅས་ཏེ་བཟོད་གསོལ་ཞུས་པ་དེས་ང་ཤིན་ཏུ་ཕམ་པར་མ་ཟད། ང་རང་གཅིག་པོ་ཡིན་རུང་རང་ཉིད་རང་ལ་ངོ་ཚ་ནས་ཅི་བྱེད་འདི་བྱེད་མེད་པ་ཞིག་བྱུང་། སྤྲོ་ཐུང་ཐུང་གིས་མི་རྫོད། ལ་ཐུང་ཐུང་གིས་རྟ་རྫོད་ཟེར་བ་ཅི་མ་བདེན། དེ་རིང་ཁྱེད་ཀྱིས་རྒྱུ་མཚན་ཞིབ་ཏུ་བཤད་ཡོང་དུས། ཨ་ལེ། ཁོ་རང་གི་རྒྱུ་མཚན་རྣམས་དངོས་གནས་བདེན་པ་རེད་བཞག ཡང་ང་ཧོལ་རྒྱུགས་དྲེད་མོང་རྒྱུགས་རྒྱུགས་བྱས་ནས་ཞབས་འདྲེན་ཞུ་ཚར་འདུག་བསམ་མོད། ཁྱེད་ལ་ཚིག་ངན་མང་པོ་བཤད་ཚར་བ་དེ་ཚོ་དྲྭ་ཐོག་ཏུ་འགྲོ་ཚར་བས་ཕྱིར་ལེན་ཐབས་ག་ལ་ཡོད། སྤྱིར་བཏང་ང་ལ་ཡིག་རྨོངས་སེལ་ཙམ་ལས་གཞན་པའི་ཤེས་ཡོན་གང་ཡང་མེད། དཔེར་ན་ཁར་སང་ཁྱེད་ཀྱི་མདུན་ནས་ཡོན་དང་ཨལ་ཐན་གཉིས་ནོར་ཏེ་ངོ་ཚ་ཉོས་པ་ལྟ་བུ་རེད། འོན་ཀྱང་༧གོང་ས་ཆེན་པོ་དང་བཙན་བྱོལ་བོད་གཞུང་གི་ཕྱོགས་ལ་རླུང་ཞིག་གཡུག་རུང་འགོག་ཨེ་ཐུབ་བལྟ་མཁན་ཞིག་ཡིན། གཅིག་བྱས་ན་གླེན་པས་ཨུ་ཚུགས་དང་ཨ་འཐས་ཀྱི་ཞེན་ཁོག་ཡང་ཡིན་སྲིད་མོད། གང་ལྟར་ཡང་ངའི་སྦྲུལ་དང་འདྲ་བའི་གཤིས་ཀ་འདི་ངོ་མ་བརྗེ་མི་ཐུབ་པ་ཞིག་རེད། དེར་བརྟེན་༧གོང་ས་ཆེན་པོ་ལ་ཅིག་ཟེར་གྱི་འདུག་བསམ་ནས་ཕོར་བ་བཀྲུ་མཚམས་བཞག་སྟེ་ཁྱེད་ཀྱི་སྟེང་དུ་རྒྱུགས་པ་ཡིན། གྲོགས་པོ་ཁྱེད་ཀྱིས་ཀྱང་བོད་དོན་གླེང་གི་ཡོད་པ་རེད། ངས་ཀྱང་བོད་དོན་གླེང་ཁུལ་བྱེད་ཀྱི་ཡོད་པ་རེད། ངེད་གཉིས་བོད་དོན་གླེང་ས་ནས་རྒྱག་རེས་ཤོར་བ་ཡིན་པས་ཕན་ཚུན་གཉིས་ག་བོད་ཀྱི་རྩ་དོན་ལ་སེམས་པ་དཀར་པོ་ཡིན་པར་ངོ་འཕྲོད་ན་དགོངས་དག་ཞུ་རྒྱུ་ལས་སླ་པོ་ཞེ་དྲག་རེད། འོན་ཀྱང་ཁྱེད་ཀྱིས་ང་ལ་ཚིག་ངན་གཅིག་ཀྱང་བེད་སྤྱོད་མ་བཏང་བ་དང་། ངས་རྒན་མོ་ཤེས་མེད་ཀྱིས་གྲོང་འཛིང་བྱེད་པ་ལྟར་ཚིག་ངན་དམོད་ངན་གང་ཤེས་ཤེས་ཐམས་ཅད་བེད་སྤྱོད་བྱས་པར་བརྟེན་ངས་ཁྱེད་ལ་དགོངས་དག་འཕར་མ་ཞུ་གི་ཡོད། གལ་ཏེ་ཁྱེད་འདིར་ཡོད་ན་ངས་ཁྱེད་ལ་ཁ་བཏགས་གཙང་ཞིང་རིང་བ་ཞིག་དང་གཡོག་གླའི་ནང་གི་སྒོར་རྡོག་བརྒྱ་ཤར་ཞིག་སྤོ་མ་ལངས་ཟེར་སྤྱད་ལ་ཕུལ་ངེས་ཡིན་མོད། ཁྱེད་འདིར་མེད་སྟབས་ངས་ཚིག་གིས་དགོངས་དག་ཞུས་པ་འདིས་གོ་ཆ་ཚང་ཆོད་པ་ཞིག་ཁྱོད་ཤེས་ཁྱོད་མཁྱེན། དངོས་གནས་དྲེད་རྒན་ང་ལ་ཁོང་ཁྲོ་གཅིག་པོ་མ་གཏོགས་དོན་ལ་དཔྱོད་པའི་ཤེས་རབ་ཟེར་བ་ཞིག་ཁྱོན་ནས་མེད། གྲོགས་པོ་སེམས་ཤུགས་མ་ཆག སྤྱིར་བཏང་མི་ཤེས་ཡོན་ཅན་དང་ལྷག་བསམ་ཅན། སྤྱི་དོན་གྱི་ཐོག་ཏུ་བཤད་ཕོད་པ་དང་བསྒྲུབ་ཕོད་པ་ཚོས་མཚམས་རེར་ཁ་གྱོང་ལུང་བ་གང་རེ་རག་གི་རེད།
དེ་བཞིན་ཁ་བརྡ་དྲྭ་རྒྱའི་དོ་དམ་པ་མཆོག་ལ་ཡང་། ངས་སྐུ་ཞབས་སྤོབས་པ་མཐའ་ཡས་ཀྱི་མཆན་གྱི་ནང་དོན་མ་གོ་བར་ཁོང་ལ་མ་ཉེས་ཁ་ཡོག་གིས་ཀུ་ཅོ་ལུང་པ་གང་བྱས་ཏེ། དྲྭ་ཐོག་འདིར་བསུན་པོ་ཞེ་དྲག་བཟོས་པར་སྙིང་ཐག་པ་ནས་དགོངས་དག་ཞུ་རྒྱུ་དང་། མ་འོངས་པར་བལྟ་ལོང་ཉན་ལོང་མེད་པར་དྲེད་མོང་རྒྱུགས་རྒྱུགས་མི་བྱེད་ཁོ་ཐག་ཡིན་ཞེས་ཞུ་རྒྱུ་ཡིན།
གྲོགས་པོ་ཚོར་ཡང་བསྐྱར་ཞུ་རྒྱུ་གཅིག་ལ། རྨོངས་རྒན་ངས་རྒྱུ་མཚན་མ་གོ་བར་དྲེད་མོང་རྒྱུགས་རྒྱུགས་བྱས་པའི་ནག་ཉེས་ངོས་ལེན་དང་འབྲེལ་བའི་དགོངས་དག་ཡི་གེ་འདི་མདང་དགོང་མཚན་མོའི་ཆུ་ཚོད་བཅུ་གཉིས་ཐོག་བྲིས་པ་ཡིན་ཡང་། མདང་དགོང་ངའི་སྡོད་སར་ཨེན་ཊེར་ནེ་ཊའི་ལན་ཡོང་རོགས་མ་བྱས་པས་གཏོང་ཐབས་མ་བྱུང་བས་ད་རིང་སྔ་སྔ་བྱས་ནས་བཏང་བ་ཡིན། ང་རྗེས་ལ་ལུས་པར་ཡང་བསྐྱར་དགོངས་དག་གསར་བ་གཅིག་ཞུ་རྒྱུ་ཡིན།
ཨ་རོ་ཆོས་གྲགས།
སྙན་ངག་མཁན་ཞིག་གིས་འདི་ལྟར་བཤད་ཡོད། དེ་རིང་ཁོང་ཁྲོ་ལངས་ནས་ཆུང་མ་ལ་རྡུང་ཐུབ་པ་དང་། སང་ཉིན་ཁོང་ཁྲོ་དེ་ལ་འགྱོད་ནས་ཆུང་མའི་སྐྲ་སླེ་མཁན་གྱི་ཁྱོ་ག་ནི་ཕོ་ཁྱོ་ག་ངོ་མ་ཡིན་ཞེས་བརྗོད་ཡོད། ང་བུད་མེད་ཅིག་ཡིན་ན། ཁྱེད་ཀྱི་འགྱོད་བཤགས་ཀྱི་ཡི་གེ་འདིས་ངའི་སེམས་པ་བཀུག་སོང་། ཁྱེད་རང་ངོ་མ་ཕོ་ཁྱོ་ག་རེད།
རྡོ་རྗེ་རྒྱལ་པོ། ཁྱེད་རང་གིས་གསུངས་པ་དེ་ཅུང་འགྲིགས་མ་སོང་། ང་ཚོ་བོད་མི་ཚོའི་ནང་ལ་༧གོང་ས་མཆོག་ལ་དད་པ་ཡོད་མེད་བལྟ་བའི་ན་ཚ་ཞིག་འགོས་འདུག་ཟེར་བ་དེ་ཅུང་འགྲིགས་མ་སོང་། གང་ཡིན་ཟེར་ན་དེ་ན་ཚ་མ་རེད། ཆོས་ཕྱོགས་ནས་བཤད་ན་དམ་ཚིག་གི་མཐར་ཐུག་རེད་ལ་སྲིད་ཕྱོགས་ནས་བཤད་ན་སྲིད་དོན་གྱི་འཐབ་རྩོད་ཆེ་ཤོས་ཤིག་ཀྱང་རེད། དེ་ཡང་ཆོས་ཕྱོགས་ནས་སློབ་དཔོན་རྣམ་གསུམ་སྙིང་ནས་སྨོད་པ་དང་།། བརྙས་དང་ཐུགས་དཀྲུགས་ལྟུང་བའི་སྒོ་ཀུན་ལས།། ཤིན་ཏུ་ལྕི་ཕྱིར་འདི་ཉིད་དང་པོར་བཤད་ཅེས་སོགས་གསུངས་ཡོད་པ་ཁྱེད་ཀྱིས་ལོས་ཤེས། བླ་མ་ལྔ་བཅུ་བའི་ནང་གི་མི་ནུས་པ་ལ་ཤད་ཀྱིས་སྦྱངས་ཟེར་བ་དེའི་དོན་བླ་མའི་གསུངས་པ་གང་རུང་གནས་ཚུལ་དངོས་དང་ཅུང་མི་མཐུན་པའམ། ཡང་ན་རང་གིས་བསྒྲུབ་མི་ནུས་པ་ཞིག་ཡིན་ན་བླ་མ་ལ་གུས་པའི་ངག་གིས་དེ་ལུགས་ཀྱི་རྒྱུ་མཚན་ཞུ་དགོས་པའི་དོན་རེད་མ་གཏོགས། ང་ཆོས་གྲགས་ཀྱིས་རང་གི་བླ་མའི་སྐྱོན་ཞིག་མཐོང་ན་བླ་མ་ལ་ཧཱུཾ་ཧཱུཾ་ཛ་ཛ་ཟེར་བཞིན་ཚགས་པར་དང་དུས་དེབ་ཡན་ཆད་ཀྱི་སྟེང་དུ་ངའི་བླ་མ་ཡག་པོ་མི་འདུག་ཟེར་ནས་ཁྱབ་བསྒྲགས་བྱེད་དགོས་པའི་དོན་མ་རེད། ད་དུང་ཐེག་དམན་གྱི་གཞུང་དང་ཐེག་ཆེན་གྱི་གཞུང་གིས་བླ་མ་བསྟེན་ཚུལ་ལ་ཁྱད་པར་ཆེ་བར་མ་ཟད། ཐེག་ཆེན་ཕ་རོལ་ཏུ་ཕྱིན་པ་དང་གསང་སྔགས་གཉིས་ཀྱིས་བླ་མ་བསྟེན་ཚུལ་ལ་ཡང་ཁྱད་པར་གནམ་ས་ལྟ་བུ་ཡོད་པ་ཡིན། གསང་སྔགས་ཀྱི་སྐབས་སུ་ནི། བླ་མའི་སྐུ་གསུང་ཐུགས་ཀྱི་མཛད་སྤྱོད་ཆ་ཚང་ལ་ལོག་པར་ལྟ་བ་སྤངས་པ་གསང་སྔགས་ལམ་གྱི་རྩ་བ་ཡིན་པར་རྒྱུད་སྡེ་དུ་མ་ནས་ཡང་ཡང་གསུངས་ཤིང་། དམ་པ་གོང་མ་རྣམས་གྱིས་ཀྱང་། རྗེ་བཙུན་ཁྱེད་ལ་མཉམ་གྲོགས་ཀྱི་མི་རུ་བཟུང་བའི་འདུ་ཤེས་དང་བྲལ་ནས་ལམ་སྟོན་དོན་གྱི་སངས་རྒྱས་དངོས་སུ་གདེངས་ཐག་ཆོད་དེ་ཅི་མཛད་ཆོས་སུ་མཐོང་བར་ཤོག་ཅིག་སྨོན་ལམ་བཀྱོན་ཡོད་པ་ལྟ་བུ་ཡིན། ད་དུང་བླ་མ་ལ་ལོག་པར་བལྟ་བའི་མི་དམ་ཉམ་གྱི་མཐར་ཐུག་ཡིན་པས་དེ་དང་སྤྱོད་ལམ་བསྲེ་བ་ཕར་བཞག ལུང་པ་གཅིག་གི་ཆུ་ལ་ཡང་མཉམ་དུ་མི་འཐུང་བ་གསང་སྔགས་ཀྱི་རྒྱུད་སྡེའི་དགོངས་པ་རེད། ངས་ཁར་སང་གོང་དུ་སྤྲུལ་སྐུ་ཀླུ་སྨྱོན་ལ་ཞུས་པ་བཞིན་ཉམ་ལེན་ཅན་གྱི་མཐར་ཐུག་སྒྲུབ་བརྒྱུད་བསྟན་པའི་སྲོག་ཤིང་རས་ཆུང་རྡོར་གྲགས་ཀྱིས་ལོ་སྟོན་དར་བློའི་སྟེང་སུ་དབྱུག་པ་བཟུང་ནས་རྒྱུག་པའི་རྒྱུ་མཚན་ཡང་དེ་ལྟ་བུ་ལ་ཐུག་ཡོད་པ་རེད།
སྲིད་ཕྱོགས་ནས་བཤད་ན་རྒྱ་གཞུང་གིས་དྲིན་གྱིས་བསྐྱངས་པའི་བོད་མིའི་སྡེ་ཁག་གཅིག་དང་། ༧གོང་ས་མཆོག་གིས་དྲིན་གྱིས་བསྐྱངས་པའི་བོད་མིའི་སྡེ་ཁག་གཅིག་ཡོད་པ་རེད། ང་ཚོ་ཕྱིར་སྡོད་བོད་པ་བརྒྱ་ཆའི་དགུ་བཅུ་གོ་དགུ་ནི་༧གོང་ས་མཆོག་གིས་དྲིན་གྱིས་བསྐྱངས་བའི་སྡེ་ཁག་ཡིན། དེས་ན་རྒྱ་གཞུང་གིས་གསོས་པའི་སྡེ་ཁག་ཚོས་༧གོང་ས་མཆོག་ལ་གཞི་མེད་ཀྱི་སྐྱོན་འཛུགས་དང་མཚན་སྨོད་རྒྱུན་མི་ཆད་དུ་བྱེད་བཞིན་པའི་ཁར། ང་ཚོ་༧གོང་ས་མཆོག་གིས་བསྐྱངས་པའི་བོད་མི་ཚོས་ཀྱང་༧གོང་ས་མཆོག་ལ་ཅིག་ཅིག་ཉིག་ཉིག་ཞིག་ལབ་བསྡད་ན་དེ་དངོས་གནས་ཡག་པོ་ཡོད་མ་རེད། ཕྱོགས་གཅིག་ནས་རྒྱ་མི་ཚོས་ལུང་འདྲེན་བྱེད་རྒྱུའི་ལག་ཆར་འགྱུར་གྱི་རེད་ལ། ཕྱོགས་གཉིས་ནས་༧གོང་ས་མཆོག་ལ་དད་པ་དམ་ཚིག་ཆེན་པོ་ཡོད་མཁན་ཚོའི་སེམས་ལ་ཕོག་ནས་བོད་མི་ནང་ཁུལ་གྱི་མཐུན་ལམ་ག་གཏོར་བཤིག་ཚབས་ཆེན་ཆགས་ཀྱི་རེད། གལ་ཏེ་དངོས་གནས་༧གོང་ས་མཆོག་ལ་སྐྱོན་ཞིག་ཡོད་ཅིང་སྐྱོན་དེ་ཡང་ང་དང་ཁྱེད་ཀྱིས་དངོས་སུ་མཐོང་བ་ཡིན་ན། དེ་ལས་སླ་པོ་རེད། རྒྱག་རེས་མང་པོ་རྒྱག་དགོས་དོན་མེད། ཐད་ཀར་སྐུ་སྒེར་ཡིག་ཚང་བརྒྱུད་ནས་འཇམ་པོའི་ངག་གིས་སྙན་ཞུ་ཐོངས་དང་༧ཐམས་ཅད་མཁྱེན་པའི་ཕྱག་ཏུ་འཕྲོད་ངེས་ཡིན། གྲོགས་པོ། “དངོས་གནས་བཤད་ན་སྨྲ་བརྗོད་རང་དབང་ཟེར་བའི་གོ་སྐབས་རྩ་ཆེན་འདི་ལེན་དགོས་པ་རེད། འོན་ཀྱང་༧གོང་ས་མཆོག་གཅིག་པོའི་སྟེང་ལ་སྨྲ་བརྗོད་རང་དབང་གི་གོ་སྐབས་འདི་མ་བླང་ན་ལེགས། གང་ཡིན་ཟེར་ན་དགོས་པ་དང་དགག་བྱ་གཉིས་གང་ཆེ་བའི་རྒྱུ་མཚན་ལ་ཐུག་ཡོད་པ་རེད། འདི་གཡོག་རྒན་ངའི་མན་ངག་གི་རྩ་བ་ཡིན།” སྔོན་ང་རྒྱ་གར་དུ་སློབ་གྲྭ་ཞིག་གི་ནང་ལ་ཡོད་དུས། ཉིན་ཞིག་འགྲོ་བ་མིའི་རང་དབང་ཟེར་ནས་ངར་ཁུལ་བྱས་པ་ཡིན། སྐབས་དེར་དགེ་རྒན་གྱིས་འཇམ་པོའི་ངག་གིས། བུ། འགྲོ་བ་མི་ལ་རང་དབང་ཡོད་པ་རེད། འོན་ཀྱང་དམག་མི་དང་སློབ་ཕྲུག་ལ་རང་དབང་ཞེ་དྲག་སྤྲད་རྒྱུ་ཡོད་མ་རེད་ད་ཟེར། ངས་དེ་བདེན་པ་རེད་བསམ་བྱུང་། དེས་ན་འགྲོ་བ་མིའི་རང་དབང་དང་། སྨྲ་བརྗོད་རང་དབང་ཟེར་བ་འདི་ཚོའི་གོ་སྐབས་ལ་ཡང་ལེན་ཤེས་བྱེད་རྒྱུ་ཞིོག་ཡོད་པ་འདྲ། མང་པོ་བཤད་རྒྱུ་ཡོད་ཀྱང་ད་འབྲི་ཚོད་མི་འདུག གང་ལྟར་རྨོངས་པ་ངའི་རྨོངས་འཆར་ལྟར་ན་ང་ཚོ་བོད་མི་ཚོའི་ནང་དུ་༧གོང་ས་མཆོག་ལ་དད་པ་ཡོད་མེད་བལྟ་བའི་ན་ཚ་ཞིག་འགོས་འདུག་ཟེར་བ་དེ་ཅུང་འགྲིགས་མ་སོང་། དེ་ན་ཚ་མ་རེད་ཆོས་སྲིད་གཉིས་ཀྱི་ཕྱོགས་ནས་རྒྱུ་མཚན་དང་ལྡན་པ་རེད་ཅེས་ཞུ་རྒྱུ་ཡིན། ངས་མ་ཤེས་པ་ཡིན་ན་ཐུགས་ལ་མ་གནོད་རོགས།
རྣམ་དཔྱོད་རབ་ཡངས་སྤོབས་པ་མཐའ་ཡས་ལགས།
ཁྱེད་ཀྱིས་སྤོབས་པ་དང་བཅས་མི་རིགས་དང་རིག་གཞུང་གི་ལ་རྒྱ་སྙིང་ལ་བཅིང་ཏེ། རྒྱུ་མཚན་ལྡན་པའི་ཐོག་ནས་དྲ་གྲོགས་ཚོར་དགོངས་སེལ་ཞུས་པ་ནི། ཁྱོད་རང་གི་གཟི་བརྗིད་དང་སྤོབས་པ་ཁོ་ནར་ངེས། དེས་ཕྱིར་དེ་སྔོན་ཁོ་བོས་ཀྱང་། མ་ཤེས་པ་དང་རྨོངས་པའི་དབང་གིས་དྲ་གྲོགས་དམ་པ་ཁྱེད་ལ་མ་གུས་པའི་ཚིག་རེ་ཟུང་ཤོར་ཐལ་དྲག་པས་དགོངས་སེལ་ཞུ་བ་ཡིན། འོན་ཀྱང་དབང་རྟུལ་དད་པའི་རྗེས་འབྲང་ཞེས་གསུངས་པ་ལྟར། ཁོ་བོ་ལ་ལེགས་ཉེས་རྣམ་འབྱེད་ཀྱི་ཤེས་རབ་ཤིན་ཏུ་ཆུང་བ་དང་གཅིག ༧གོང་ས་མཆོག་དང་བོད་གཞུང་ལ་དད་ཞེན་ལྡོག་ཏུ་མེད་པ་ཞིག་ཨ་འཐས་སུ་ཡོད་པ་དང་གཉིས། ཨུ་ཚུགས་བོད་མིའི་ལ་རྒྱ་ཡང་མི་ཆུང་བ་ཞིག་ཡོད་པ་དང་གསུམ་གྱིས། ༧གོང་ས་མཆོག་དང་བོད་གཞུང་གི་རྒྱབ་ཏུ་ནམ་ཡང་ཀ་བ་བཞིན་གེ་རེར་ལངས་ནས་ཡོད་སྟབས། མི་གཞན་ལྟ་ཅི་ཐ་ན་རང་གི་ཕ་མ་དང་དགའ་གྲོགས་སོགས་ཀྱིས་ཀྱང་༧གོང་ས་མཆོག་དང་བོད་གཞུང་ལ་མ་རངས་པའི་ཚིག་ཅིག་བཤད་ན། རྒྱུགས་ཆོག་ཆོག་བྱས་ནས་བསྡད་ཡོད་པ་འདིས་ལན་པ་རེད། གང་ལྟར་ད་ནས་བཟུང་ང་ཐེ་བའི་དྲ་གྲོགས་རྣམས་ཀྱིས། མཛའ་བརྩེའི་ལག་སྡང་གཅིག་ཏུ་སྤྲེལ་ཏེ། མ་འོངས་གངས་རི་དཀར་པོའི་མདུན་ལམ་ཆེད། མུ་མཐུད་དུ་ཁ་བརྡ་བྱེད་རྒྱུའི་རེ་བ་ཡོད། བོད་རྒྱལ་ཁབ་ཆེན་པོ་རྒྱལ་གྱུར་ཅིག
དྲ་གྲོགས་རྣམ་དཔྱོད་དང་ལྡན་པ་འདི་ཚོའི་གནང་སྟངས་འདི་ངོ་མ་རིན་ཐང་ཆེ། ཁ་གསལ་ན་གོ་བདེ། ནམ་ལངས་ན་འགྲོ་བདེ། ཞེས་པ་ལྟར། ཕན་ཚུན་བརྡ་འཕྲོད་པའི་སྒོ་ནས་རང་རེའི་ཁུར་དུ་ཆེ་བའི་ལས་དོན་སྣ་མང་གི་ཕྱོགས་སུ་བསྐྱོད་ཡ།
ཆོས་ཀྱི་མར་ཁུ་ནུར་བོས་སྙིང་ཁམས་དང་རྩ་ལམ་ཡོངས་སྣུམ་ཤིགས་སེར་ཁེངས་པའི་དྲ་གྲོགས་འདི་ཚོས་གཅིག་གཅིག་ལ་བཟོད་གསོལ་བྱས། གཅིག་གཅིག་ལ་བསྟོད་བསྔགས་འཐེན་རེས་བྱས་པ་འདི་ལ་ཡང་ལྟད་མོ་དགའ་རབ་ཅིག་འདུག་ག
ཆེས་མཆོག་ཏུ་གྱུར་པའི་བཟོད་པ་ཉམས་ལེན་བྱེད་ཡུལ་ནི་དབེན་པའི་རི་ཁྲོད་མིན་པར་ཆེས་ཁ་ངན་ཚིག་ངན་མང་ས་དེ་ཡིན་པས་ཚང་མ་བཟོད་པ་ཉམས་ལེན་བྱེད་དུ་འདིར་ཕེབས་པར་ཞུ།
ཚིག་ཟུར་ཙམ་གྱིས་དགའ་ཆོགཆོག ཚིག་ཟུར་ཙམ་གྱིས་ཁྲོ་ཆོག་ཆོག་གི་སྐྱེས་བུ་སྲང་མདའ་འདྲ་བ་འདི་ཚོས་ད་རུར་བཟོད་སྒོམ་ལ་ཉམས་ལེན་མང་ཙམ་བསྟེན་དགོས་ཀྱི་འདུག
ཤེས་རབ་མཚུངས་མེད་དྲ་གྲོགས་སྤོབས་པ་ལགས།
ཁྱེད་ཀྱི་དྲང་བདེན་དང་སྤོབས་པ། ད་དུང་མི་རིགས་ལ་བཅང་བའི་ལ་རྒྱ། ལྷག་པར་དུ་དྲ་གྲོགས་ཚོར་བཅིང་བའི་འགྱུར་མེད་ཀྱི་བརྩེ་དུང་འདིས། ངའི་ཡོད་ཚད་ཕམ་པར་བྱས་ཤིང་། ཡོད་ཚད་མོག་པོར་བྱས།
ང་ཚོར་དགོས་པའི་མི་ཁྱོད་དང་ཁྱོད་འདྲ་བ་ཡིན་ལ། མཐུད་དུ་ངས་ཀྱང་མདུན་བསྐྱོད་བྱེད་ངེས།
ཨ་ཕ་མགོན་པོས་ཀྱང་གོང་གི་དྲ་གྲོགས་འདི་ཚོ་འགྲིག་མཐུན་བྱུང་བ་དེར་དགའ་བསུ་ཞུས་ན་འགྲིག་གི་ཡ།
ཨ་ཕ་མགོན་པོས་ཀྱང་གོང་གི་དྲ་གྲོགས་འདི་ཚོ་འགྲིག་མཐུན་བྱུང་བ་དེར་དགའ་བསུ་ཞུས་ན་འགྲིག་གི་ཡ། འཁོན་རེས་རྡུང་རེས་ཀྱི་ཁ་ཐལ་གྱིས་ཆོད།
དྲ་གྲོགས་ཚོ།
གོང་དུ་དྲ་གྲོགས་ཆོས་གྲགས་ལགས་ཀྱིས་གསུངས་པ་དེ་དངོས་གནས་བདེན་པ་རེད། སྨྲ་བརྗོད་རང་དབང་ཟེར་བ་དེ་ལ་ཡང་ཚད་གཞི་ངེས་ཅན་ཞིག་ཡོད་པ་མ་ཟད། ཡུལ་དང་དུས་ཀྱི་གནས་བབ་དང་དགོས་མཁོ་སོགས་ལ་གཞིགས་ཏེ། ཁྱད་པར་འབྱེད་དགོས་པ་དུ་མ་ཡོད། དཔེར་ན། ཁོང་གིས། “དངོས་གནས་བཤད་ན་སྨྲ་བརྗོད་རང་དབང་ཟེར་བའི་གོ་སྐབས་རྩ་ཆེན་འདི་ལེན་དགོས་པ་རེད། འོན་ཀྱང་༧གོང་ས་མཆོག་གཅིག་པོའི་སྟེང་ལ་སྨྲ་བརྗོད་རང་དབང་གི་གོ་སྐབས་འདི་མ་བླང་ན་ལེགས། གང་ཡིན་ཟེར་ན་དགོས་པ་དང་དགག་བྱ་གཉིས་གང་ཆེ་བའི་རྒྱུ་མཚན་ལ་ཐུག་ཡོད་པ་རེད། འདི་གཡོག་རྒན་ངའི་མན་ངག་གི་རྩ་བ་ཡིན།” ཞེས་གསུངས་པ་ནི། ད་ལྟའི་བོད་ཕྱི་ནང་གི་གནས་སྟངས་དང་འབྲེལ་བ་གཏིང་ཟབ་ཡོད་པའི་མན་ངག་སྙིང་གི་ཐུར་མ་ལྟ་བུ་ཞིག་ཏུ་མཐོང་གིན་འདུག དེར་བརྟེན་ང་ཚོས་མང་གཙོ་དང་། རང་དབང་། སྨྲ་བརྗོད་རང་དབང་ཟེར་བ་སོགས་ལ་ཡང་ཚད་དང་སྒྲིག་གཞི་ངེས་ཅན་ཞིག་ཡོད་པ་ཤེས་དགོས་ལ། ལྷག་པར་དུ་ཡུལ་དུས་ཀྱི་གནས་སྟངས་ལ་གཞིགས་པའི་ཁྲིམས་དང་སྒྲིག་གཞི་ཡང་དེ་མཚུངས་སུ་ཡོད་པས། དེ་དག་ངེས་པར་དུ་བརྩི་བསྲུང་བྱེད་དགོས་པ་སྐབས་བབ་ཀྱི་དགོས་མཁོ་མེད་མི་རུང་བ་ཡིན་པའི་གནད་ཀྱང་ཤེས་རྒྱུ་གལ་ཆེ།
དྲ་གྲོགས་འདི་ཚོར་ཅི་ཞིག་བྱུང་བ་ཡིན་ནམ། ཁ་སང་ཁྱོད་བཙན་ང་དྲག་གི་ཁ་རྩོད་མི་འདྲ་ཞིག་བརྒྱབ། དེ་རིང་ཁྱོད་བཟང་ང་ལན་གྱི་བདེན་ཁ་འདྲ་སྟེར་ཁ་བྱས། ངོ་མས་ཁྱོད་ཚོར་འདི་ལས་བཤད་རྒྱུ་འདྲ་གཞན་མེད་དམ། དང་པོ་ཆོས་ཤེས་ཀི་ཡོད་མདོག དེ་ནས་སྲིད་ཀྱང་མཁྱེན་གི་ཡོད་མདོག་མདོག ད་ངོ་མས་སུན་ནི་ཞིག་རེད། ཉིན་ཚོར་དྲ་རྒྱ་དང་ཁ་བྲལ་བ་ཡང་རང་ཉིད་རང་ཉིད་ལ་ཡིན་སྨོན་འདྲ་འཆོར་གི
ཨོ། དེ་རིང་ད་ངོ་མ་སྐྱིད་ཀི་ཡ། ཞི་བའི་གྲོས་མོལ་ཟེར་བ་དེ་འདི་འདྲ་མིན་ན་གང་ཡིན། སྤུན་ཟླའི་མཐུན་ལམ་ཟེར་བ་དེ་འདི་ལས་ལྷག་ཅིག་གང་ན་ཡོད། ད་ནི་ང་ཚོའི་རྩོད་པ་ཞི་བའི་ཕྱོགས་སུ་ཞི་བ་རེད། མི་ངོ་ལྷ་ངོ་སྤྲོད་པ་རེད། ལྷ་ངོར་ཉི་མ་ཤར་བ་རེད། དགའ་བ་ལ། སྐྱིད་པ་ལ། དེ་རིང་ནས་བཟུང་དྲ་གྲོགས་ཚོས་མཐུན་ལམ་ལག་སྡང་གཅིག་ཏུ་སྤྲེལ་ཏེ། གངས་རིའི་ལས་དོན་ཆེད་རང་རང་ནུས་ཚོད་ཀྱིས་བཤད་ཐུབ་མཁན་ཚོས་ཤོད་དགོས། བསྒྲུབ་ཐབས་མཁན་ཚོས་བསྒྲུབ་དགོས། གང་ཡང་མི་ཐུབ་མཁན་ང་ལྟ་བུས་ཀྱང་། ཆ་རྐྱེན་དང་སྟབས་ལེགས་ན། སྦྲང་དཀར་རྩམ་པའི་བྲོ་བ་ཆིལ་ཆིལ་གཡོ་བའི་ཁ་བརྡ་དྲ་ཐོག་ཐོག་ཏུ་ཡོང་ནས། དྲ་གྲོགས་རྣམས་ཀྱི་བློ་རྩལ་ལས་ཐོན་པའི་ལེགས་བཤད་དེ་དག ཐེངས་རེར་ཀློག་ཐུབ་པའི་རེ་བ་ཡོད། འོན་ཀྱང་ངའི་ཁོར་ཡུག་ཏུ་བརྡ་ཕྲིན་ལག་རྩལ་གྱི་ཆ་རྐྱེན་ཤིན་ཏུ་ཉུང་བ་མ་ཟད། གྲྭ་བ་དྲ་ཁང་དུ་འགྲོ་གྲངས་མང་ན། མི་ཁའི་རླུང་བུ་ཡང་ཕྱོགས་གང་ས་ནས་ཤུར་ཤུར་གཡུགས་ཡོང་བས། དེ་ལ་ཡང་གདོང་ལེན་མི་བྱེད་ཐབས་མེད་ཡིན་པས། མཚམས་རེ་རེ་ལས་དུས་རྟག་པར་ཞུགས་ཐུབ་པའི་རེ་བ་ཤིན་ཏུ་ཕྲ་ཡང་། མུ་མཐུད་དུ་དྲ་གྲོགས་ཚོ་དང་གླེང་མོལ་ཞུ་ཐུབ་པའི་རེ་བ་ཡོད། སྤོབས་པའི་དབུས་དྲ་གྲོགས་ཡོངས་ལ་ཐུགས་རྗེ་ཆེ་ཞུ་བ་ཡིན།
ཁྱིམ་ཚང་གཅིག་གི་མི་རབས་ཚ་རྒྱུད་སྤྲུལ་སྐུར་འགྱུར་བའི་སྤྲུལ་སྐུའི་གནད་དོན་འདི་རྒྱ་ཕྱོགས་ནས་ཀྱང་ཆབ་སྲིད་ཀྱི་ལག་ཆར་བེད་སྤྱོད་གཏོང་གི་ཡོད་པས། ད་རེས་རྒྱ་རི་ཚང་གི་གནས་ཚུལ་འདི་དང་འབྲེལ་ནས་སྤྲུལ་སྐུའི་གནད་དོན་ཐོག་ལ་མུ་མཐུད་ནས་བསམ་ཚུལ་བཤད་རྒྱུའི་རེ་བ་ཡོད།
དྲ་གྲོགས་ཚོ། ངོ་མ་རླུང་ཁའི་དར་ཅོག་འདྲ་བོ་རེད་ཡ། རླུང་ཡར་ར་གཡུགས་དུས་ཡར་ར་ལྷབ་ལྷབ། རླུང་མར་ལ་གཡུགས་དུས་མར་ར་ལྷབ་ལྷབ། རླུང་མ་གཡུགས་ན་མགུལ་སྐྱོད་ཀྱང་ཐུབ་ཀྱི་མ་རེད། གང་ལྟར་དྲ་གྲོགས་སྤོབས་པས། ཉེས་པ་ལ་ཉེས་པར་མཐོང་ནས་འགྱོད་བཤགས་བྱས་པ་འདི་ཡག་པོ་ཞེ་དྲག་རེད། ཉེས་པའི་ལན་ལ་བཤགས་པ་བྱེད་པ་ནི། མཁས་པ་དང་ཡ་རབས་ཀྱི་སྤྱོད་པ་རེད། རྗེས་སུ་ཡི་རང་ཡོད།
༧གོང་ས་ཆེན་པོ་ཁ་གཏོང་མཁན་ཞིག་ཡོད་ན། བོད་མི་མ་ཟད། རྒྱ་རྒན་ཚང་ཡིན་ན་ཡང་སྙིང་སྟོབས་དང་གོ་སྐབས་མི་འགྲིག་གི་མ་གཏོགས་སྟེང་ལ་རྒྱུགས་ན་འདོད་ཀི གསོད་རེས་བྱེད་ན་འདོད་ཀི གཅིག་བྱས་ན་དྲ་གྲོགས་ཁ་ཤས་ཀྱིས་ང་ལ་རྨོངས་དད་ཆེན་པོ་འདུག་བསམ་གྱི་རེད། ངའི་རྨོངས་དད་མིན། ང་༧གོང་ས་མཆོག་ལ་ཤེས་ནས་ཡིད་ཆེས་ཀྱི་དད་པ་ཐོབ་ཡོད།
འདིར་དམིགས་ཀྱིས་ཞུ་འདོད་པ་ནི། ད་ནས་བཟུང་དྲ་གྲོགས་རྣམས་ཀྱིས། ཐུགས་ཉམས་འཇོག་པ་གཅིག་ནི། ༧གོང་ས་མཆོག་ལ་མཚན་སྨོད་ཞུ་རྒྱུ་དང་། བོད་མིའི་ནང་ཁུལ་དུ་གཏོར་རླག་གཏོང་རྒྱུ་འདི་གཉིས་ཡིན་པས། འདིའི་ཐད་དུས་རྣམ་ཀུན་དུ་གཟབ་གཟབ་གནང་རྒྱུ་གལ་ཆེ།
དེ་མིན་ཅང་མེད། ད་བདེ་མོ། ནང་ཇ་འཐུང་གི་འགྲོ་དགོས།
བློ་མཐུན་རྒྱའི་གསུང་བ་དེ་བདེན་པ་རེད་།
ད་རེས་རྒྱ་རི་ཚང་རང་སྒེར་ཀྱི་སྤྲུལ་སྐུའི་མཛད་སྒོ་ཕེབས་པ་ལས་གཞུང་གི་འཛའ་དྲག་དམིགས་གསལ་ཚོགས་ཆེན་ལ་བཞུག་མེད་པ་དེས་ཅི་ཞིག་མཚོན་ཡོད་།
ངའི་ལྟས་གཡག་སོ་བཞི་བྱིན་པས་གླ་པ་ལས་རྒྱུ་མེད་ཡང་ལང་ནས་འདུག་དགོས་ཀྱི་རེད་།
དགོང་དག་བློ་མཐུན་ལྕག་རྒྱའི་གསུང་བ་དེ་་་་
ཉེ་སྔོན་དྲྭ་གྲོགས་སྤུན་ཟླ་འགས་ཁོ་བོར་གཟས་ཏེ་སྤེལ་བའི་རང་རེའི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་ལ་དད་ཞེན་ཟབ་མོའི་སེམས་ཚོར་ལས་བྱུང་བའི་ཚིག་གི་སྦྱོར་བ་ཕྲ་མོ་ཚུན་ཆད་ཀྱང་ཁོ་བོས་མི་རིགས་འདི་ལ་བཅངས་པའི་དུང་སེམས་དང་ཡིད་ཆེས་གོང་དུ་འཕེལ་བའི་རྒྱུར་གྱུར་སོང་། དབུ་ཁྲིད་བཀའ་དྲིན་ཅན་འདི་ལྟ་བུར་ཡང་དྲིན་ཅན་ལ་དྲིན་ལོག་བྱེད་མཁན་མང་བའི་སྤྱི་ཚོགས་འདིའི་ནང་དུ་འདི་ལྟ་བུའི་དད་ཞེན་དམ་ཚིག་ཅན་དང་རྒྱབ་སྐྱོར་བྱེད་མཁན་ཡོད་པ་འདི་རེ་དགའ་སྙམ་པ་དང་དད་ཞེན་རྒྱབ་སྐྱོར་དེ་ཡང་ཚིག་ཙམ་མ་ཡིན་པར་དོན་དངོས་ལག་ལེན་གྱི་སྟེང་ནས་དེ་ལྟར་ཡིན་པར་ཤོག་ཅེས་སྨོན་ལམ་ཡང་རྒྱག་དགོས་བྱུང་། དཔོན་པོ་ཁྱི་ལས་ལོད་ཀྱང་ཁྱི་རྔ་མགོ་ལ་ཁུར་ཞེས་པ་དེ་ལོས་བདེན་རྒྱ་མི་ཕལ་མོ་ཆེས་གུང་ཁྲན་གྱི་གཞུང་ལ་རྒྱབ་སྐྱོར་དེ་ཙམ་བྱེད་པ་ལ་ལྟོས་དང་། ང་ཚོས་མི་ལ་ཡོད་ན་སྨོན་རྒྱུ་དང་རང་ལ་ཡོད་ན་ངོམ་རྒྱུ་གཅིག་པོ་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་བཀའ་དྲིན་ཅན་འདིའི་ཕྱིར་དུ་གང་ཞིག་བློས་གཏོང་དགོས་ཀྱང་གཏོང་ཐུབ་ན་གཏོང་ས་མ་ནོར་བ་ལོས་ཡིན།
མ་གཞི་ནས་༧གོང་ས་མཆོག་དང་བོད་དོན་ཆེད་བློས་གཏོང་ཆེན་པོ་བྱེད་མཁན་དེ་འདྲ་ཡོད་ན་གུང་ཁྲན་ཡོད་སར་སོང་ནས་སྲོག་ཡན་ཆད་གཏོང་ཐུབ་ན་ཡག་པོ་མེད་དམ་དྲན་གི
མཐུན་ལམ་སེམས་པའི་ཉི་ཟེར་ད་ནངས་འཕྲོས།།
ཁྱི་འཛིང་རུས་འཛིང་རྡུལ་འཚུབ་ད་ནངས་ཆད།།
དཔའ་ཉམས་དཔུང་ཉམས་སྨུག་པ་ད་ནངས་བདས།།
བཟོད་གསོལ་དགོངས་དག་ནམ་མཁའ་ད་ནངས་ལངས།།
མཐུན་སྒྲིལ་སྟོབས་ཤུགས་གཟོང་ཁ་དགྲ་ལ་སྐོརད།།
མཐུན་ལམ་གསེར་གྱི་མདུད་པ་དམ་པོ་རྒྱོབས།།
ཕྱི་ནང་བོད་མིའི་སེམས་པའི་རྩ་བ་སྔོགས།།
དྲ་གྲོགས་རྣམས་ཀྱེ་སྙིང་ལ་རུས་པ་ཆུགས།།
རྒད་པོ་དགའ་ནས་དགའ་བའི་ནམ་མཁའ་ལངས།།
རྒད་པོ་སྤྲོ་ནས་སྤྲོ་བའི་རེ་བ་རྒྱས།།
དྲ་ཐོག་རྒད་པོ་ཁ་ལྕེ་བདེ་མོ་ཚོ།།
ཡང་ཡང་ཁ་བརྡའི་སྟེགས་བུར་འཚང་ནས་ཤོག།
༄༅། །ང་ནི་པ་དང་བའི་སྐོར་གླེང་བར་འདོད་ཀྱང་དེ་ནི་སྔར་ནས་མང་དུ་གླེང་ཟིན་པས། འདིར་ངལ་བ་མ་བྱས།
དེ་རིང་འདིར་གི་སྒྲའི་སྐོར་འདི་ཡང་པ་དང་བ་ལྷན་དུ་བགྲོ་གླེང་གི་བརྗོད་གཞིར་འཇུག་དགོས་བྱུང་།
༄༅། །ངོ་མ་བོད་ཡིག་ལ་བྱང་ཆ་ལྡན་པའི་བོད་མི་ཤེས་ཡོན་ཅན་ཚོས།
གི་སྒྲའི་ཐོག་ལ་དོ་སྣང་གནང་དགོས་འདུག །བོད་གཞིས་བྱེས་གཉིས་འཁོད་དྲང་བདེན་ལ་དགའ་བ་རྣམས།
བོད་ཀྱི་དུས་བབ་ནང་ལ (གི་སྒྲའི་བཙན་འཛུལ་སླེབས་འདུག་)ཅེས་པའི་ཆེད་རྩོམ་ཞིག་སྤེལ་འདུག
དེའི་ཐོག་ཐུགས་སྣང་གནང་མཁན་ཆེས་མང་ཡང་དེའི་ཐོག་བགྲོ་གླེང་གནང་མཁན་ཆེས་ཉུང་།
དུས་བབ་ཀྱི་རྩོམ་སྒྲིག་པ་དང་གསར་འགོད་པ་ཚོར་ཡང་དེའི་ཐོག་རང་ལུགས་གདེང་འཁེལ་བ་ཞིག་མི་འདུག་ལ། གསར་འགོད་པ་དང་རྩོམ་སྒྲིག་པ་སོ་སོས་བྲིས་པའི་ནང་ལ་ཡང་སྔར་རྒྱུན་ལྟར་འབྲི་མཁན་ཞིག་དང་། གི་སྒྲ་ཨུ་ཚུགས་ཀྱིས་བེད་སྤྱོད་གནང་མཁན་ཁག་གཉིས་ལྟ་བུར་མཐོང་།
རང་ལུགས་གསར་གཏོད་བྱས་ཀྱང་བོད་གཞིས་བྱེས་གཉིས་སུ་གནས་པའི་ཤེས་ཡོན་ཅན་ཚོས་ཁས་ལེན་གནང་ཐབས་བྲལ། ད་ལྟའི་བེད་སྤྱོད་གཏོང་ཡུལ་གྱི་(གི་སྒྲའི་ཚབ་ཏུ་གྱི་དང་ཀྱི་སོགས་སྒྲ་སྦྱོར་ལྟར་བེད་སྤྱོད་གནང་ན་སྐྱོན་ཆ་ཅི་ཞིག་ཡོད་པ་དང་། གི་སྒྲ་ཁོ་ན་བེད་སྤྱོད་བཏང་ན་རྒྱུ་མཚན་དང་དགེ་མཚན་གང་ཡོད་ཐོག་ལན་འདེབས་འདོད་པ་ཚིམས་པ་ཞིག་གནང་མཁན་མི་འདུག །དུས་བབ་ཀྱིས་ལོ་ངོ་བཅུ་གཉིས་འགྲོ་བཞིན་དེང་གི་དུས་འདིར་གློ་བུར་དུ་གི་སྒྲའི་རང་དབང་སླར་གསོ་གནང་འདོད་ཡོད་ཀྱང་དེ་ནི་ཨུ་ཚུགས་ཀྱི་བྱ་བ་ཞིག་མ་ཡིན་ནམ། གི་སྒྲ་འདི་ཤེས་ཡོན་ཅན་ཚོར་གླེང་གཞིར་ཕུལ་བ་ལགས།
དྲ་གྲོགས་རྡོར་དབང་ལགས། ཁྱོའི་སྙན་ཚིག་འདི་དོན་གནད་འདིའི་སྒང་ལ་ཅུང་བཙན་དྲགས་པའི་སྣང་བ་ཤར་གྱི་མི་འདུག་གམ། ཧ་ལམ་ཁྱོད་ཤི་ང་གསོན་གྱི་ནང་འཁྲུག་ཆེན་པོ་ཞིག་འདི་ནས་འདུམ་འགྲིག་བྱུང་བ་འདྲ་བོ་ཞིག་བྲིས་འདུག དྲ་ཐོག་ནས་ཁ་རྩོད་ཡིག་རྩོད་འདྲ་བྱས་པ་དེ་འདི་འདྲའི་ཚབས་ཆེན་པོར་བརྩིས་དགོས་དོན་ཀྱང་འདུག་གམ།
དེང་སང་གསེར་གྱི་གོང་མར་ཆགས་འདུག་པས་སྙན་ངག་ནང་རྩ་ཆེན་པོ་བྱས་ནས་བྲིས་ན་མི་ལེགས་སྙམ།
འདི་འདྲ་ཕྲིས།
འཁོན་རྩོད་མགྲིན་པའི་དྲི་མ་གཙང་མར་བཀྲུས།།
བཟོད་གསོལ་བྱུ་རུའི་སྐེ་རྒྱན་མགུལ་ལ་ཐོགས།།
དམ་ཚིག་རྡོ་རྗེའི་ལྷུན་པོའི་དབུ་འཕང་བསྟོད།།
མཐུན་འབྲེལ་རྣོ་སྐུད་སྲ་མོའི་ལག་གདང་སྦྲེལ།།
བསམ་མེད་བྱིས་པའི་འཐབ་མོ་འདི་ནས་ཆད།།
གཟུགས་མེད་བྲག་ཅའི་རྩོད་པ་ད་ནས་རྫོགས།།
རྣམ་རྟོག་སེམས་ཀྱི་གཅོང་ནད་སངས་པ་ལགས།།
སེམས་གསོའི་གཏམ་གྱི་ཆུ་ཐིག་ཡང་ཡང་བླུད།།
རྡོ་རྗེ་ཕ་ལམ་དང་བྱུ་རུ་སོགས་གསེར་ལས་རྩ་ཆེ་བས་ངེས་པར་ཆེ་བསྟོད་ཅིག་བྱེད་ན་གསེར་འབྲི་རིན་མེད་པ་ཚོར།
འཁོན་རྩོད་མགྲིན་པའི་དྲི་མ་གཙང་མར་བཀྲུས།།
བཟོད་གསོལ་བྱུ་རུའི་སྐེ་རྒྱན་མགུལ་ལ་གཡོག།།
དམ་ཚིག་རྡོ་རྗེའི་ལྷུན་པོའི་དབུ་འཕང་བསྟོད།།
མཐུན་འབྲེལ་རྣོ་སྐུད་སྲ་མོའི་ལག་གདང་སྦྲེལ།།
བསམ་མེད་བྱིས་པའི་འཐབ་མོ་འདི་ནས་ཆད།།
གཟུགས་མེད་བྲག་ཅའི་རྩོད་པ་ད་ནས་རྫོགས།།
རྣམ་རྟོག་སེམས་ཀྱི་གཅོང་ནད་སངས་པ་ལགས།།
སེམས་གསོའི་གཏམ་གྱི་ཆུ་ཐིག་ཡང་ཡང་བླུད།།
སྟག་སྨྱོན། ཁྱོད་ཀྱིས་གསེར་གྱི་གོང་མར་ཆག་ཡོད་ཚུལ་ཤོད་སྐབས་ངས་དངུལ་གྱི་འཛའ་ཐང་སྐོར་ཞིག་འདྲི་འདོད་བྱུང་། དེང་སང་རྒྱ་མིའི་མི་དམངས་ཤོག་སྒོར་འདི་འཛའ་ཐང་ཧ་ལས་པ་ཞིག་ཡར་འཕར་འདུག དེ་རྒྱ་ནག་རང་ཉིད་ལ་མཚོན་ན་ལེགས་ཉེས་གང་ཞིག་ཡིན་ནམ། དཔེར་ན། ཨ་མེ་རི་ཁའི་སྒྲོ་ལར་གཅིག་ལ་རྒྱ་སྒོར་༦ ༨༠ ཡས་མས་དང་། ཡུ་རོ་གཅིག་ལ་རྒྱ་ནག་སྒོར་མོ ༨ ༣༠ ཙམ། རྒྱ་ནག་སྒོར་མོ་གཅིག་ལ་རྒྱ་གར་སྒོར་མོ་ ༧ ༣༠ ཡས་མས། རྒྱ་སྒོར་གཅིག་ལ་ནེ་པ་ལའི་སྒོར་མོ་་ ༡༡ ༥༠ ལྷག་ཙམ་དུ་གྱུར་འདུག སྔོན་མ་དང་བསྡུར་ན་ཧ་ལས་པའི་འཛའ་ཐང་ཡར་འཕར་བ་རེད། འདི་དཔལ་འབྱོར་གྱི་གནས་སྟངས་གང་ཞིག་ལ་བརྟེན་ནས་ཡོང་གི་ཡོད་པ་དང་དེའི་ལེགས་ཉེས་སྐོར་གསུངས་རོགས་དང་།
དངུལ་གྱི་འཛའ་ཕར་ཆགས་གཙོ་བོ་དཔལ་འབྱོར་གྱི་ཤུགས་རྐྱེན་ཁག་གིས་བཟོ་གི་ཡོད་འདུག དཔེར་ན་དངོས་ཟོག་གི་རིན་གོང་འཕར་ཚད་དང་། བཟོ་གྲ་ཁག་གི་ཐོན་རྫས་དང་ཆབ་སྲིད་ཀྱི་གནས་བབ་བཅས་ཀྱིས་རྐྱེན་བྱེད་ཀྱི་ཡོད་འདུག དཔེར་ན་ལོ་རྗེས་མ་རྒྱ་ནག་གི་དཔལ་འབྱོར་གྱི་འཕེལ་ཚད་དལ་དུ་འགྲོ་རྒྱུ་ཡིན་པའི་གནས་གསར་རྒྱལ་སྤྱིའི་དངུལ་ཁང་གིས་ཚོད་དཔག་བྱེད་ཀྱི་འདུག འདི་སྐོར་ག་ལེར་གླེང་ཆོག དེ་ནི་ང་རང་ཆེས་དགའ་ཤོས་ཀྱི་སློབ་ཚན་ཞིག་ཡིན་ཡང་། སྒེར་ངོས་ནས་དོ་སྣང་བྱས་ནས་ཤེས་པ་ཁོ་ན་ལས་དཔལ་འབྱོར་ཆེད་སྦྱོང་བྱས་པ་ཞིག་དང་བསྡུར་ཐབས་ཡོད་པ་མ་རེད། དྲི་བ་འདི་ལ་ཧ་ཅང་དགའ་བོ་ཡོད་ལ་མུ་མཐུད་གསལ་དུ་གཏོང་འདོད་ཡོད།
དཔེར་ན་རྒྱ་ནག་གི་དངུལ་གྱི་འཛའ་འཕར་བ་ཡིན་ན་རྒྱ་མའི་དམངས་སྒོར་ཉར་མཁན་ཚོ་ལ་ཁེ་ཕན་ཡོད་པ་རེད། དངུལ་གྱི་འཛའ་ཐང་འཕར་ཆགས་ཀྱི་རྒྱུ་མཚན་དངུལ་དེ་རྒྱལ་སྤྱིའི་ཐོག་འགྲོ་རྒྱུགས་ཆེ་ཆུང་ལ་ཐུག་ཡོད་འདུག དེའི་ཕྱིར་རྒྱུ་ནག་གི་དམངས་སྒོར་རྩ་ཆེ་རུ་འགྲོ་གི་འདུག་ན་རྒྱ་ནག་གི་ཚོང་ཟོག་རྒྱལ་སྤྱིའི་ཁྲོད་བྲིན་པོ་དང་རྒྱུགས་པོ་ཡོང་གི་ཡོད་པའི་རྟགས་ཡིན་པ་མ་ཟད། རྒྱལ་སྤྱིའི་ཚོང་རའི་ནང་རྒྱ་ནག་གི་དངོས་ཟོག་དང་དམངས་སྒོར་མཁོ་སྤྱོད་ཆེ་བའི་རྟགས་ཡིན་འདུག གལ་སྲིད་རྒྱ་ནག་ནང་བཟོ་བསྐྲུན་བྱེད་བཞིན་དངོས་ཟོག་རྣམས་ཤུགས་ཆེན་པོ་ཕྱིར་ཚོང་བྱེད་མ་ཐུབ་ཚེ། རྒྱ་སྤྱིའི་ཐོག་རྒྱ་ནག་གི་དངོས་ཟོག་ཉོ་སྤྱོད་མར་ཆགས་འགྲོ་བ་དང་། དེ་དང་མཉམ་དུ་དམངས་སྒོར་རྒྱལ་སྤྱིའི་ཐོག་མཁོ་སྤྱོད་ཆུང་དུ་འགྲོ་གི་རེད། གནས་སྟངས་དེའི་འོག་ནས་དམངས་སྒོར་གྱི་འཛའ་ཡང་མར་ཆགས་འགྲོ་གི་ཡོད་ཚོད་འདུག