ནམ་མཁའ།
གཞན་གྱི་སྡུག་ལ་དམིགས་པའི་སྙིང་རྗེ་ཆེན་པོ་ལས།།
འཁྲུངས་བའི་འབྲས་བུ་རྒྱལ་སྲས་སེམས་བསྐྱེད་ཉེར་གཉིས་ཀྱི།།
ཕྱུགས་རྫི་ལྟ་བུའི་སེམས་མཆོག་བསྐྱེད་པའི་སྤྱན་རས་གཟིགས།།
མི་ཡི་གཟུགས་ཅན་གངས་རིའི་མགོན་པོ་དེ་ཡིས་སྐྱོངས།།
གཤིན་རྗེ་བཀའ་ཡིག་ཁྱེར་བའི་ཕོ་ཉ་ལགས།།
དྭ་ཕྲུག་བཞི་ཡི་མིག་ཆུའི་རི་མོ་འདི།།
ལུས་སེམས་འབྲེལ་ཐག་ཆད་པའི་ཨ་མ་ཞིག།
ས་ཡ་དྲུག་གི་རང་དབང་ལེན་དུ་ཕྱིན།།
ཨ་མའི་མཚན་ལ་དཔའ་མོ་རིན་ཆེན་ཟེར།།
ཕྱི་མའི་བར་དོའི་ལམ་ནས་འཕྲིན་འདི་ཕུལ།།
མཇལ་འཛོམས་མཚན་མོའི་གཏམ་གྱི་ཐ་མ་དེར།
དྭ་ཕྲུག་བཞི་བོ་རུམ་སྟེ་སྒྲུང་ཐུང་ཞིག།
དགུང་གི་ཉི་ཟླ་སྦྱར་བའི་སྙན་མོའི་གཏམ།།
དེ་རིང་ད་དུང་རྣ་བས་ལྷང་ལྷང་ཐོས།།
བསམ་མེད་གཅུང་བོ་ངུ་ཐེངས་རེ་རེ་ལ།།
ཨ་མ་དགོས་ཞེས་ངུ་སྐད་དགུང་དུ་མཆེད།།
བདག་གིས་གཅུང་བོ་བྲང་ལ་སྦྱར་ཞོར་དུ།།
ཨ་མ་ཡོད་ཡོད་འདྲ་བའི་སེམས་པ་འདིས།།
སེམས་གསོའི་གཏམ་ལ་རེ་སྒུགས་ལོ་ཟླ་འདས།།
ཕ་མ་མཉམ་དུ་འཛོམས་པའི་བུ་ཕྲུག་ཚོས།།
བཅོས་མིན་འཛུམ་གྱིས་ཕ་མའི་ལག་ཟུང་ལ།།
འཇུས་ཏེ་ཁྲོམ་དུ་བསྐྱོད་པ་མཐོང་བའི་ཚེ།།
དྭ་ཕྲུག་བཞི་བོའི་སེམས་སུ་ཆུ་སྤྲིན་འཐིབས།།
སྐྱོ་བའི་རླུང་གིས་ཆུ་འཛིན་རབ་འཁྲིག་ནས།།
དྲན་པའི་མིག་ཆུ་ཁྲོམ་དུ་ལྷུང་ན་ཡང་།།
སེམས་གསོའི་གཏམ་གྱི་རྣ་དབང་སྟོང་པར་ལུས།།
ལུས་ཀྱང་གངས་རིའི་ཉི་མ་ཁ་བའི་ལྗོངས།།
ཤར་བའི་རེ་བ་གཅིག་བུས་གསོལ་བཞིན་མཆིས།།
འདི་དང་ཕྱི་མར་རི་ལུང་བཅད་ན་ཡང་།།
བར་དོའི་ལུས་ལ་ཐོག་མེད་རྒྱུ་བའི་ཚེ།།
ལན་གཅིག་ངེད་ཅག་དྭ་ཕྲུག་བཞི་ཡི་འཕྲིན།།
གསན་པའི་སྐལ་བ་གནང་རོགས་གཤིན་པོའི་རྒྱལ།།
མགོན་མེད་ངེད་ཅག་དྭ་ཕྲུག་བཞི་བོ་འདི།།
དགའ་སྐྱོ་གང་ཞིག་བྱུང་ཡང་བལྟ་བའི་མིག།
འཇིག་རྟེན་འདི་ནས་སུས་ཀྱང་རྙེད་པར་དཀའ།།
ལོ་ནར་མ་སོན་དྭ་ཕྲུག་བཞི་ཡི་སྐྱོ་གདུང་འདི།།
གཟུགས་སུ་མཆིས་ཚེ་གཤིན་པོའི་རྒྱལ་བོས་ཀྱང་།།
བར་དོའི་ལམ་ནས་ཨ་མ་ཕྱིར་རུ་མངགས་པ་ལ།།
སེམས་སུ་ཐེ་ཚོམ་ཕྲ་མོ་ཙམ་ཡང་ག་ལ་མཆིས།།
དགེ་སྡིག་དབྱེ་འབྱེད་གཤིན་རྗེ་བྱས་ན་ཡང་།།
བདེན་རྫུན་འབྱེད་པའི་དྲང་བོའི་གཏམ་གྱི་མི།།
འཇིག་རྟེན་འདིར་རུ་འགའ་ཡང་མ་མཆིས་བས།།
གངས་རིའི་ལྗོངས་སུ་ད་དུང་མུན་པའི་སྒྲིབས།།
དྭ་ཕྲུག་བཞི་ཡི་སྐྱོ་བའི་མཆི་མའི་འཕྲིན།།
མི་མཐོང་བར་དོའི་ལམ་ན་བགྲོད་པའི་མར།།
གངས་རིའི་ལྗོངས་ནས་བར་དོའི་ཕོ་ཉ་ལ།།
སྐྱོ་བའི་སེམས་པ་རི་མོར་བྲིས་ཏེ་བསྐུར།།
༡༽ སེམས་བསྐྱེད་ཉེར་གཉིས། དཔེ་ཡི་སྒོ་ནས་དབྱེ། དེ་ཡང་ས་གསེར་ཟླ་བ་མེ།། གཏེར་དང་རིན་ཆེན་འབྱུང་གནས་མཚོ།། རྡོ་རྗེ་རི་སྨན་བཤེས་གཉེན་དང་།། ཡིད་བཞིན་ནོར་བུ་ཉི་མ་ཀླུ།། རྒྱལ་བོ་མཛོད་དང་ལམ་པོ་ཆེ།། གཞོན་པ་ཀོད་མའི་ཆུ་དང་ནི།། སྒྲ་སྙན་ཆུ་བོ་སྤྲིན་རྣམས་ཀྱིས།། རྣམ་པ་ཉི་ཤུ་རྩ་གཉིས་སོ།། ཞེས་མངོན་རྟོག་རྒྱན་ནས་གསུངས།། ཉེར་གཉིས་ནང་ན་ཕྱུགས་རྫི་ལྟ་བུའི་སེམས་བསྐྱེད་ཟེར་བ་ཞིག་མེད།
༢༽ སེམས་བསྐྱེད་གཉིས། ངོ་བོའི་སྒོ་ནས་དབྱེ་ན་སྨོན་འཇུག་གི་སེམས་བསྐྱེད་གཉིས།
༣༽ སེམས་བསྐྱེད་ཚུལ་གྱི་སྒོ་ནས་དབྱེ་ན། རྒྱལ་བོ་ལྟ་བུའི་སེམས་བསྐྱེད། མཉན་པ་ལྟ་བུའི་སེམས་བསྐྱེད། ཕྱུགས་རྫི་ལྟ་བུའི་སེམས་བསྐྱེད། སོགས་ཡོད་དོ།།
ཟླ་མེད་ལགས། ཐེག་ཆེན་སེམས་བསྐྱེད་དེ་ལའང་། བློ་སྟོབས་ཆུང་བ་རང་ཐོག་མར་སངས་རྒྱས་ནས་གཞན་དོན་བྱའོ་སྙམ་པ་རྒྱལ་པོ། བློ་སྟོབས་འབྲིང་རང་དང་གཞན་མཉམ་དུ་འཚང་རྒྱའོ་སྙམ་པ་མཉེན་པ། ཐོག་གཞན་སངས་རྒྱས་པའི་རྗེས་སུ་རང་ཉིད་འཚང་རྒྱའོ་སྙམ་པ་རྫི་བོ་ལྟ་བུའི་སེམས་བསྐྱེད་ཅེས་པའང་ཡོད་དོ་ལགས།
ངོ་མ་དྭ་ཕྲུག་བཞི་བོ་སྙིང་རྗེ།དེང་སང་རང་ཉིད་ལ་མ་གཏོགས་བསམ་བློ་ཁ་ཞེ་གཉིས་མེད་ཀྱིས་གཞན་ལ་གཏོང་མཁན་ཉུང་།ཁོང་ཚོའི་ཨ་མ་བཞིན་སུས་ཀྱང་བདག་པོ་རྒྱག་མི་ཐུབ།གང་ལྟར་བོད་ཀྱི་དཔའ་མོ་རེད་ཟེར་བ་མ་གཏོགས་དངོས་སུ་ཕན་འདོགས་མཁན་མེད།གཞུང་གི་དཔོན་པོ་ཚོས་ཁ་སྟོང་ནང་གི་ཚིག་སྟོང་ཁོ་ན་ཡིན།
འོ་དེ་ན་རང་འཚང་སྟོན་འདུག ངས་མཉན་དང་མཉེན་ལ་སྒྲ་གདང་སོ་སོར་མི་ཐོན་པས་གོང་དུ་མཉན་པ་ལ་མཉེན་པ་བྲིས་ཐལ་འདུག
བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་བསྐྱེད་ཆེ་ཆུང་ལ་དཔྱད་པ་བྱེད་པ་ལས། རང་ཉིད་ཀྱི་མི་ཚེའི་ནང་དུ་འགྲོ་བ་ལ་ལྷག་བསམ་གང་འདྲ་ཞིག་འབྱུང་གིན་ཡོད་མེད་ལ་དཔྱད་པ་བྱེད་པ་གལ་ཆེའོ།
འོ་ནམ་མཁའ་མ་མཇལ་ཅུང་འགོར་སོང་།རྫ་ཕྲུག་གི་བཤད་པ་བདེན་པ་རེད།ཡིན་ཡང་གཞོན་ཟླ་འདིས་མངོན་རྟོགས་རྒྱན་བློ་ན་ཡོད་པའི་རྣམ་པ་བསྟན་མོད།དོན་ངོ་མ་གོ་མི་འདུག སེམས་བསྐྱེད་ཀྱི་དཔེ་མཚོན་ཉེར་གཉིས་དག་དོན་དང་སྦྱར་དགོས།དོན་དེ་གང་ཟག་སུ་ཞིག་གིས་སེམས་བསྐྱེད་ཚུལ་དང་སྦྱར་ན་ད་གཟོད་སྦྱན་རས་གཟིགས་ཀྱི་སེམས་བསྐྱེད་ཚུལ་དེ་ངོས་འཛིན་བྱེད་ཐུབ།དེ་མིན་མངོན་རྒྱན་གྱི་ཚིག་བཅད་སྐྱོར་ནས་མི་འདུག་ལབ་ན་མ་རྩོམ་གྱི་དོན་ངོ་མ་གོ་མེད་པས་ཨེ་འགྲིག་སྙམ།གལ་སྲིད་མ་འགྲིག་པ་ཡིན་ན་དགོངས་འགལ་མེད་པར་ཞུ།
སྙིང་རྗེ་ལ་ཡང་ཆེན་པོ་དང་ཚད་མེད་གཉིས་བཤད།ཆེན་པོ་བསྐྱེད་ཚུལ་ཡང་མ་འདྲ་བ་གཉིས་ཡོད་པ་མཁྱེན་ཡོད་ཀྱི་རེད་སྙམ།
མི་ལ་སློབ་སྟོན་བྱེད་པ་ལས་རང་ཉིད་ཀྱིས་རང་ཉིད་བཅུན་པ་དགའ།
མེ་ཏོག་དཀར་པོ་ལགས། སེམས་བསྐྱེད་ཚུལ་གྱི་སྒོ་ནས་དབྱེ་ན། རྒྱལ་བོ་ལྟ་བུ་དང་། མཉན་པ་ལྟ་བུ། རྫི་བོ་ལྟ་བུ་གསུམ་ལ། བློ་རབ་འབྲིང་མཐའ་གསུམ་དུ་སྦྱར་བ་དེ་གཞུང་ལུགས་གང་ན་ཡོད་པ་རེད་དམ། ཁུངས་གང་ཞིག་དྲང་པ་རེད།
མེ་ཏོག་དཀར་པོ་ལ་དྲི་བ། རྒྱལ་བོ་ལྟ་བུའི་སེམས་བསྐྱེད་ཀྱི་ངོ་བོར་གྱུར་བའི་སེམས་བསྐྱེད་ཉེར་གཉིས་དང་། རྫི་བོ་ལྟ་བུའི་ངོ་བོར་གྱུར་བའི་སེམས་བསྐྱེད་ཉེར་གཉིས། མཉན་པ་ལྟ་བུའི་ངོ་བོར་གྱུར་བའི་སེམས་བསྐྱེད་ཉེར་གཉིས་སོགས་ཡོད་དམ་མེད། སེམས་བསྐྱེད་ཉེར་གཉིས་ཟེར་ན། བྱང་སེམས་ཚོགས་ལམ་ནས་བཟུང་སྟེ། སངས་རྒྱས་ཀྱི་སའི་བར་དུ་རྒྱུ་འབྲས་ཚུལ་གྱིས་བཀོད་ཡོད་པ་ནི་སེང་གི་བཟང་པོའི་འགྲེལ་བ་དོན་གསལ་གྱི་ཚིག་ཟིན་ཡིན། འོན་ཀྱང་བྱང་སེམས་ཀྱི་ས་ཁོ་ནས་བསྡུས་པའི་ཉེར་གཉིས་ཡོད་དམ་མེད། ཡོད་ན་དེ་གཞུང་གང་ན་ཡོད།
གཞོན་ནུ་ལགས། དེ་གསུམ་སྐོར་གསལ་ཁ་ཞུ་རྒྱུ་མེད།
ཉེེར་གཉིས་པོ་སངས་རྒྱས་ཀྱི་སའི་བར་ཞེས་པའི་སངས་རྒྱས་ས་དེ་སངས་རྒྱས་དངོས་མིན་པར་རྒྱུ་ལ་འབྲས་བུའི་མིང་གིས་བསྙད་དེ་དག་ས་གསུམ་མམ་ཞིག་ལ་སྦྱར་བ་ཞིག་རིག་སྣང་ཤར་མོད་དེ་ད་ནི་བརྗེད་ངས་རྐུན་བུས་རྐུས་ཟིན།
ཟླ་མེད་དང་མེ་ཏོག་དཀར་པོ་གཉིས་ཀྱིས་རྩོད་མི་དགོས་བའི་མཆོད་བརྗོད་ཤོ་ལོ་ཀ་གཅིག་པོའི་སེམས་བསྐྱེད་རྩད་ནས།ཁ་ཚ་དགོས་སྡུག་གི་དྭ་ཕྲུག་དང་བོད་ཀྱི་དོན་དག་དཔྱད་པ་མི་བྱེད་པར།བྱང་སེམས་བདག་པོ་རང་རྒྱུད་ན་མེད་ནི་ཞིག་བཤད་ནས་ག་རེ་གོ་བ་ཡོད།འདིའི་ཁ་སང་དེ་རིང་གི་བོད་དོན་ལ་གནོད་ཕན་བཤད་དཀའ་བ་ཞིག་རེད།རང་ཐོག་ན་ཡོད་པའི་འདོད་ཆགས་དང་ཞེ་སྡང་ཡང་འགྲེལ་བཤད་རྒྱག་དཀའ་བར་འདུག དགེ་བོ་འདི་ཚོས་ཤེས་མདོག་སྟོན་རྒྱུ་དགའ་བོ་རེད།