འབྲོང་ངུར་ཕོ་ཉ།
སྤྲིན་དཀར་པོ་འདི་དུམ་མེར་གཅོད་བཞིན། །ས་ནག་པོ་ལས་ཁད་ཀྱིས་རྒལ་དུས།།
ཡུལ་གུང་ཐང་གི་རས་པ་རྒན་པོའི། །ཞེ་སྣང་བ་ལ་སྦར་སྙོབ་བྱེད་འདོད།།
རྩལ་ཐོགས་མེད་ཀྱི་གཤོག་པ་རླུང་རེད། །འགྲོས་ངལ་མེད་ཀྱི་གོམ་པ་གློག་རེད།།
མི་མང་མང་ཡང་སྒལ་པར་སྤུ་རེད། །འདི་སྒྱུ་མ་ཡི་སྒྱུ་འཕྲུལ་ལོས་ཡིན།།
གཞི་དངོས་པོ་འདི་རྫུན་པ་ལོས་ཡིན། །སེམས་སྣང་བ་འདི་བདེན་པ་ལོས་ཡིན།།
རྫུན་བདེན་པ་གཉིས་གཡུལ་འཐབ་ཁྲོད་ནས། །བགྲང་ཚོད་མེད་ཅིག་ད་དུང་འཐོམས་འདུག །
སྟོང་སང་སང་འདི་ཐོགས་རེག་མེད་ན། །ཁོ་མར་མར་རུ་ལྷུང་བ་ལོས་ཡོང་། །
འདི་སྲ་མཁྲེགས་ཀྱི་རང་བཞིན་ཡིན་ན། །ཡར་འཕུར་འཕུར་གྱི་གོང་བ་གནོན་ངེས། །
སེམས་ཀུན་རྟོག་གི་རྦ་ཀློང་ཟེགས་མ། །སུ་རུང་བ་ཡིས་འགྲན་དུ་བཅུག་ལྟར། །
ཐག་ཆོད་པ་ཞིག་ལར་ནས་མིན་ཡང་། །འགྲན་རྩོད་པ་འདི་ད་དུང་ལོང་ལོང་། །
རྐང་གོམ་གང་ཞིག་མདུན་དུ་མ་འཕངས་། །ཡུལ་ལྡི་ལི་རུ་ཙོག་གེར་བསྡད་ཀྱང་། །
ལག་ཆུ་ཚོད་ཀྱི་བང་དང་འགྲན་བཞིན། །ལྷོ་རྒྱ་མཚོ་ཡི་འགྲམ་ངོགས་སླེབ་ཀྱི། །
ཆར་ཟིམ་ཟིམ་ཞིག་འོག་ནས་འབབ་ཀྱི། །གསལ་ཉི་མ་ཡིས་ཐོག་ནས་འཛུམ་གྱི། །
སྤྲིན་དཀར་སེར་གྱིས་གཡས་གཡོན་འགྱིང་པ། །ཕ་རས་ཆེན་ལ་འགྲན་འདོད་མིན་འགྲོ །
ཨ་མཚར་མཚར་འདི་གཉིད་ལམ་མ་ཡིན། །བློ་རྟོག་འགྱུ་ཡིས་སྒྲོ་བཏགས་མ་ཡིན། །
དོན་ངོ་མ་ཡང་འདི་ལྟར་ཡིན་པས། །སངས་མ་རྒྱས་པའི་རྫུ་འཕྲུལ་གསོན་པོ། །
ངའི་ནང་ཆོས་ཞེས་མཐེ་བོང་བསྒྲེངས་ཤིང་། །ཁོའི་ཚན་རིག་ཅེས་སྡང་མིག་བསྒྲད་མོད། །
དོན་ངོ་མ་ཡི་ཁ་ལག་བར་ནས། །ཁོས་ཕན་པ་འདི་ཉུང་ཉུང་མ་ཡིན། །
གཞི་དངོས་པོ་གཉིས་གཅིག་ཏུ་མ་སྡེབ། །བློ་རྒྱབ་མདུན་གཉིས་མཉམ་སྲེ་མ་གནང་། །
འདི་རང་རང་གི་ས་རུ་བཞག་ན། །ཡིད་རེ་དོགས་ཀྱི་བྲག་ཅ་ཡལ་འགྲོ། །
ངག་ལྐུག་པ་ཡི་རི་མོ་ཕབ་ཡོད། །བློ་མ་བཅོས་པའི་ཕྲེང་ཐག་བཅད་ཡོད། །
བརྡ་བུ་རམ་འདི་མྱོང་རོལ་ཙམ་ལས། །ཡིན་ངོ་མ་ཞིག་ཤོད་ཐབས་མ་རྙེད། །
༢༠༡༤ / ༧ / ༡༢ འབྲོང་ངུར་ཕོ་ཉས། མཁའ་ལམ་སྟོང་སང་དུ་བྲིས།