རྩོམ་སྒྲིག་པའི་གཏམ།
—————–
བཀའ་བློན་ཁྲི་བའི་འོས་བསྡུའི་བགྲོ་གླེང་འདི་བྱུང་ནས་ཟླ་འགའ་ཕྱིན་སོང་། དུས་ཡུན་འདིའི་ནང་དུ། བཀའ་བློན་ཁྲི་བའི་འོས་བསྡུའི་འཁྲུགས་ཆ་ཇེ་དོད་དུ་འགྲོ་བཞིན་ཡོད་། ཉེ་བའི་ལོ་ངོ་ལྔ་བཅུའི་ནང་མ་བྱུང་བའི། འཁྲུགས་ཆ་ཞིག་ད་རེས་འབྱུང་བཞིན་ཡོད། ཉེ་བའི་ལོ་ངོ་ལྔ་བཅུའི་ནང་མ་བྱུང་བའི། མི་མང་གི་དོ་སྣང་ཞིག་ད་རེས་འཕྱུར་བཞིན་ཡོད། འོན་ཀྱང་། བཙན་བྱོལ་གྱི་བཀའ་བློན་ཁྲི་བ་འདི། བོད་མིའི་མི་ཚང་གཅིག་གི་ལོ་རེའི་ཁང་པའི་གླ་ཆ་དང་སྨན་བཅོས་ཀྱི་འགྲོ་སོང་། བུ་ཕྲུག་གི་སློབ་ཡོན། ནང་མིའི་ཡོང་སྒོ་སོགས་ལ་འབྲེལ་བ་ཡོད་དམ། ཨ་རི་ན་བཀའ་བློན་ཁྲི་བའི་སྐོར་ལ་བགྲོ་གླེང་གི་ཆུ་ཁོལ་བཞིན་ཡོད། འོན་ཀྱང་། ཨ་རིར་སྡོད་མཁན་ཚོའི་འགྲོ་སོང་དང་ཡོང་སྒོ་སོགས། རྡ་ལམ་ས་ལར་བཞུགས་མཁན་གྱི་བཀའ་བློན་ཁྲི་བ་འདི་དང་འབྲེལ་བ་ཡོད་མ་རེད། རྒྱ་གར་སོགས་སུ་བཞུགས་མཁན་ཚོའི་འགྲོ་སོང་དང་ཡོང་སྒོ་ཡང་། བཀའ་ཁྲི་སུ་ཆགས་མ་ཆགས་ཀྱིས་ཁྱད་པར་ཞིག་ཨེ་ཡོད། དེས་ན། ངེད་ཀྱི་དྲི་བ་ནི། རྩོད་པ་འདི་ལ་ཆོད་སེམས་ཤིག་ཡོད་དམ།
བརྒྱ་ཆ་གསུམ་གྱི་རྩོད་པ་འདི་ཕར་དེད་ན། བོད་དོན་ཟེར་བ་འདི་ལ་ཐུག་ཡོད་པ་རེད་དྲན། རང་གི་རང་དབང་གཞན་གྱིས་འཕྲོག་པ་འདི་དང་འབྲེལ་བ་ཡོད་རེད་། ང་ཚོ་མུ་མཐུད་དུ་ཕ་ཡུལ་དང་ཁ་བྲལ་ནས་འདུག་འདོད་མེད་པ་དེ་གསལ་བོ་རེད། དེར་བརྟེན། བརྒྱ་ཆ་གསུམ་ཙམ་མ་གཏོགས་མེད་པའི་མི་འབོར་འདིས། བརྒྱ་ཆ་གསུམ་གྱི་ནང་ནས་བཀའ་ཁྲི་ཞིག་འདེམས་ཀྱི་ཡོད་རེད། བཀའ་ཁྲི་དེས་། བོད་དོན་ལ་བཟང་ཕྱོགས་ནས་འགྱུར་བ་ཞིག་གཏོང་ཨེ་ཐུབ་བསམ་ནས། བརྒྱ་ཆ་གསུམ་འདིས་འཕག་ཚགས་རྒྱག་གི་ཡོད་རེད། འོན་ཀྱང་། ཞིབ་ཏུ་བསམ་ན། བོད་དོན་ལ་བཟང་ཕྱོགས་ནས་འགྱུར་བ་ཞིག་ཡོང་མ་ཡོང་དེ། ཁ་གཏད་ས་རྒྱ་ནག་དང་འབྲེལ་བ་ཡོད་རེད། འོ་ན། རྒྱ་ནག་གི་སྒང་ལ་ཁ་བསྐོར་དུས། མ་འོངས་བའི་བཀའ་ཁྲི་དེ་ག་འདྲ་ཡིན་ན། དེ་སྔོན། བརྒྱ་ཆ་གསུམ་གྱི་ནང་ནས་བརྒྱ་ཆ་གཉིས་ཀྱིས། དབུ་ལ་བཀུར་སའི་ཟམ་གདོང་རིན་པོ་ཆེས་ཀྱང་། རྒྱ་ནག་གི་མཉམ་དུ་འཇོན་མ་སོང་། མཐའ་མར་བོད་དོན་ཟེར་བ་དེ། ཡིག་ཆ་དཀར་པོ་ཞིག་གི་འོག་ལ་མནན་སོང་། ཁོང་གི་སྐུ་རིང་ལ། བོད་རྒྱ་འབྲེལ་མོལ་ཐེངས་བརྒྱད་ཙམ་བྱུང་ཡོད། བོད་རྒྱ་འབྲེལ་མོལ་ཐེངས་བརྒྱད་དེས། བོད་དོན་ལ་བཟང་ཕྱོགས་ནས་འགྱུར་བ་གཏོང་ཐུབ་པ་ཕར་ཞོག འབྲེལ་མོལ་དེ་ཚོས་བོད་ནང་གི་ཆབ་སྲིད་བཙོན་པ་བརྒྱད་ཙམ་ཡང་གློད་ཐུབ་མ་སོང་། དེས་ན། དེ་རིང་སང་ཉིན། བརྒྱ་ཆ་གསུམ་གྱིས་རྩོད་རྒྱག་སའི་བཀའ་བློན་ཁྲི་བ་འདིས། བོད་རྒྱ་འབྲེལ་མོལ་ཟེར་བའི་ལས་ཀ་རྫིག་པོ་དེ་མ་འཇོན་རུང་། བོད་ནང་གི་ཆབ་སྲིད་བཙོན་པ་ཁག་གློད་གྲོལ་ཐུབ་པའི་ལས་ཀ་ཞིག་བྱེད་ཐུབ་བམ། བྱེད་ཐུབ་རྒྱུའི་གདེང་ཚོད་ཞིག་ཡོད་དམ། ཆོད་སེམས་ཤིག་ཡོད་དམ། བརྒྱ་ཆ་གསུམ་གྱི་རྩོད་པ་འདིའི་དམིགས་ཡུལ་ཡང་། གནད་དོན་འདི་འདྲ་ཞིག་གི་སྒང་ལ་གཏུགས་ཐུབ་ན་ག་འདྲ་འདུག
བོད་ནང་དུ་བཞུགས་མཁན་བརྒྱ་ཆ་དགུ་བཅུ་གོ་བདུན་དེ་ལ་དཀའ་ངལ་མེད་ན། ཕྱི་རོལ་གྱི་བརྒྱ་ཆ་གསུམ་འདི་ལ་ཡང་རྩོད་པ་ཡོད་མ་རེད་། ཉེ་བའི་ཆར། བོད་ནང་གི་སྤྱི་ཚོགས་ཀྱི་སྒྲོམ་གཞི་དང་བཅས་པར་སྔོན་བྱུང་མ་མྱོང་བའི་འགྱུར་བ་ཞིག་འགྲོ་བཞིན་འདུག འགྱུར་བ་དེ་རང་བཞིན་གྱིས་བྱུང་བ་ཞིག་མ་རེད། བཙན་གྱིས་བཏང་བ་ཞིག་རེད། བཙན་གྱིས་གཏོང་མཁན་དེ་རྒྱ་ནག་གཞུང་རེད་། བོད་ནང་ན། འབྲོག་པ་མང་པོ་རྩ་ཐང་ནས་གྲོང་ཁྱེར་ལ་འདེད་བཞིན་འདུག བོད་ནང་ན། གྲོང་ཚོའི་སློབ་གྲ་རྣམས་སྒོ་བརྒྱབ་ནས་ཡུལ་ཚོའི་ནང་དུ་ཁུ་བསྡུ་བྱེད་བཞིན་འདུག བོད་ནང་ན། བོད་ཀྱི་སྐད་ཡིག་གི་སྲིད་ཇུས་ལ་འགྱུར་བ་བཏང་ནས་བོད་ཀྱི་སྐད་ཡིག་གི་དབང་ཐང་ཆུང་དུ་གཏོང་བཞིན་འདུག བསམ་བློ་ཞིབ་ཏུ་བཏང་ན། འགྱུར་བ་འདི་དག་གི་མ་འོངས་པ་ནི། ཧ་ཅང་འཇིགས་ཡེར་བ་ཞིག་རེད། དཀོན་མཆོག་གསུམ། བོད་ནང་དུ་བཞུགས་མཁན། བརྒྱ་ཆ་དགུ་བཅུ་གོ་བདུན་དེ་སྙིང་རྗེ་ཨ། ད། ཕྱི་ལོགས་ཀྱི་བརྒྱ་ཆ་གསུམ་གྱིས་རྩོད་བཞིན་པའི་བཀའ་ཁྲི་དེར། བོད་ནང་གི་འགྱུར་བ་འདི་དག་ལ་ཁ་གཏད་རྒྱུའི་ཆོད་སེམས་ཤིག་ཨེ་ཡོད་ན། ད། བརྒྱ་ཆ་གསུམ་གྱི་རྩོད་པ་འདི་ལ་ཆོད་སེམས་ཤིག་ཡོད་དམ།
བརྒྱ་ཆ་གསུམ་ལས་བརྒྱ་ཆ་གཉིས་ཡོད་སའི་རྒྱ་གར་ནང་དུ་སྡོད་མཁན་ཚོའི་གྲས་ནས་བཀའ་ཁྲི་ཞིག་མ་འདེམས་པ་དེ་ནི་ང་ཚོས་རྦད་དེ་ནོར་བ་རེད། འཇོན་ན་མ་འཇོན་ན། རྩ་བཟང་ས་དང་ཆུ་ཡག་སར་ཡོད་མཁན་ཚོ་གང་ལྟར་རྒྱལ་ཁོངས་གཞན་པ་ཞིག་ཏུ་འཛུལ་ཚར་བ་ཡིན་ཙང་། ཁ་སང་གི་བགྲོ་གླེང་མི་སྤུས་དང་ལར་ཞེན་སོགས་ཀྱིས་སྣ་དྲངས་ཏེ། རྒྱ་གར་གྱི་ཤར་ནུབ་འདིར་ཡོད་པའི་མི་ཞིག་འདེམས་ཐུབ་ཡོད་ན། ཡང་ན་རྩ་ཆུ་བཟང་ས་གཡུག་ནས་འདིར་ཤི་འཐམས་རོ་འཐམས་བྱེད་མཁན་ཞིག་འདེམས་ཐུབ་ཡོད་ན། དེ་ཡང་གནད་འགག་ཅིག་མིན་ནམ་བསམ།
སུ་ཞིག་ཁྲི་ལ་འཁོད་ཀྱང་། བརྒྱ་ཆ་གཉིས་ཡོད་སར་འདེམས་ཐུབ་པ་ཡིན་ན། གནམ་ནས་འཕུར་ཡོང་བ་ནང་བཞིན་ཅིག་མིན་པ་གསལ་བོ་ཡིན་ཁར། ལས་ཀའི་ཕྱག་རྗེས་ལྟ་རྒྱུའང་ཁྱད་པར་ཞིག་ཡོད་ས་རེད།
༸གོང་ས་མཆོག་གང་དུ་བཞུགས་ཡུལ་འདི་ནི་བོད་མི་རྣམས་ཀྱི་བློ་གཏད་བ་་ཁྲི་པའི་དེ་ཡང་ཕྱི་རོལ་དུ་ཡོད་པའི་བོད་མི་མང་གིས་ཐད་ཀར་འོས་འཔེན་བྱས་ཏེ་ཕེབས་ཀྱི་ཡོད་དུས་བོད་མིའི་བརྒྱ་ཆ་གསུམ་ལས་མ་ལོན་ཀྱང་དེས་བརྒྱ་ཆ་དགུ་བཅུ་གོ་བདུན་གྱིས་བོད་མིའི་ཚབ་མཚོན་གྱི་ཡོད་པར་ཡིད་ཆེས་བྱེད་དགོས།གལ་ཏེ་བཀའ་བློན་ཁྲི་པ་ཤེས་འཇོན་དང་ཉམས་མྱོང་ལྡན་པ་ད་ཕན་བོད་གཞུང་མང་ལ་ཁ་ཡོད་ལག་ཡོད་ཀྱི་སྲི་ཞུ་བསྒྲུབས་ནས་མཛད་རྗེས་མིག་མཐོང་ལག་ཟིན་ཡོད་པ་མ་ཟད།་རྒྱལ་སྤྱིའི་ཐོག་འབྲེལ་བ་གནང་ཐུབ་མཁན་གྱི་མི་ཞིག་སླེབས་རྒྱུར་མི་མང་གིས་ཆོལ་ཁ་དང་ལུང་ཚན་གྱི་འཐེན་འཁྱྱེར་མེད་པར་རྒྱགཅིག་མཆོངས་གཅིག་གིས་རྒྱབ་སྐྱོར་གནང་ཐུབ་ན་ཁོང་གིས་ད་ལྟའི་བོད་རྒྱ་འབྲེལ་མོལ་ལ་གྲུབ་འབྲས་མ་སོན་པ་དེ་ལ་ཏན་ཏན་ཤུགས་གཅིག་རྒྱབ་ཐུབ་ནས་བརྒྱ་ཆ་དགུ་གོ་བདུན་གྱི་བོད་ནང་ཡོད་པའི་བོད་མིར་སེམས་པ་བཞག་ས་དང་ཡིད་ཆེས་བློ་གཏད་ཀྱིས་ཁོང་ཚོའི་འདོན་དོན་རྣམས་འགྲུབ་ཐུབ་པའི་རེ་བ་ཡོད་རེད།གལ་ཏེ་བརྒྱ་ཆ་གསུམ་ལས་མ་ཟིན་པའི་རྒྱ་བལ་འབྲུག་གསུམ་དང་ཕྱི་རྒྱལ་དུ་ཡོད་པ་རྣམས་ཀྱིས་རང་གི་དགའ་ཉེ་ཕྱོགས་གཞེན་དང་ཕ༌ཡུལ་གཅིག་པའི་གཞེན་ཁོག་གིས་ཤེས་ཡོན་ཡོད་ཟེར་ཡང་ཉམས་མྱོང་མེད་མཁན་ད་ལྟ་བར་རྩ་ཆུ་གང་སར་བསྐྱོད་དེ་རླུང་བུས་འཁྲྲིད་པའི་དར་ཅོག་བཞིན་མིའི་འདོད་པ་ལྟར་བལྟས་ཏེ་ཁ་མཁས་འདྲ་ཆགས་དང་ཚིག་སྐམ་སྟོང་བཤདབྱེད་མཁན་གྱི་མི་འདི་དྲས་ལ་འོས་འཕེན་ཚེ་དངོས་གནས་བརྒྱ་ཆ་དགུ་བཅུ་གོ་བདུན་གྱི་བོད་གཞིས་ལུས་མི་མང་བློ་ཕམ་འཇུག་ནས་བསྟན་དགྲ་རྒྱ་མིའི་དགོས་དོན་བསྒྲུབ་སྲིད་པས།བརྒྱ་ཆ་གསུམ་ལས་མ་ཟིན་པའི་བོད་མིའི་འཛིན་སྐྱོང་གི་འགོ་ཁྲིད་ཡག་པོ་གདམ་ཐུབ་མིན་དང་བཙན་བྱོལ་སྒྲིག་འཛུགས་ཚགས་ཚུད་ཡོད་མིན་ཐད་ཀར་བོད་ནང་གི་མི་མང་ལ་ཤ་ཞེན་ལ་རྒྱ་ཡོད་མིན་ལ་ར་ལས་ཡོད་སྟབས།་བརྒྱ་ཆ་གསུམ་ལས་མ་ཟིན་པའི་དབང་དུ་བཏང་ཡང་དེའི་བཀཱ་ཁྲི་ངེས་པར་དུ་གཡ་པོ་འདམས་དགོས་པ་ཡིན་ནོ།
བཅོལ་ས་དང་བཀའ་བློན་ཁྲི་པ་དེ་ཡང་ཞེས་པ་གོང་གི་ཡི་གེའི་ཆད་འདུག་པ་ཁ་བསྣོན་དུ་བཅོས་གནང་ཡོང་བ་ཞུ།་
བོད་རྒྱ་ཞི་མོལ་ཟེར་བའི་བྱ་བ་དེ་ཚ། ཡི་གེར་འབྲི་རྒྱུ་དང་ཁས་བཤད་རྒྱུ་ལྟ་བུའི་ལས་སླ་བའི་བྱ་བ་ཞིག་མ་ཡིན། རྒྱལ་སྤྱིའི་ཁྲིམས་དང་ངོས་འཛིན། ལོ་རྒྱུས་ཀྱི་ས་རྟགས་སོགས་ཕྱོགས་ཀུན་ནས་དཀའ་གནད་ཤོར་ཟིན་པའི་རང་དབང་བསྐྱར་སློག་དེ་དཀའ། ད་མི་བུ་སུ་ཞིག་ཕེབས་ཀྱང་དེ་རང་ལས་འཕར་མ་ཞིག་མཇལ་དཀའ༌༌༌༌༌༌༌༌༌
རྩོམ་སྒྲིག་པས་གནད་འགག་ཆེ་ས་མི་དོན་ཡོད་པ་ཞིག་གླེང་འདུག
བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་བ་སུ་སླེབས་ཀྱང་ད་བར་བཙན་བྱོལ་བོད་མིའི་དཀའ་ངལ་སེལ་ཐབས་ལ་ཐུགས་གཞིགས་གནང་ཡོད་པ་མ་རེད། ལྷག་པར་དུ་གཞིས་ཆགས་ཀྱི་བགོ་སྐལ་མེད་པའི་གསར་འབྱོར་ཚོ་ལ་ལྷག་ཏུ་ཕན་འདོགས་བྱེད་སེམས་མེད་པ་ལྟ་བུ་རེད། བོད་ཀྱི་གྲོས་ཚོགས་ནང་དུ་གླེང་གི་མ་རེད། བོད་གཞུང་ནང་སྲིད་ལས་ཁུངས་ནང་དུའང་གསར་འབྱོར་ཆེད་འདི་ཡིན་ཟེར་བ་ཞིག་གོ་མྱོང་མེད། དེ་ལས་ལྷག་སོ་བ་རེད་མདོག་མདོག་མང་པོ་གསར་འབྱོར་ཚོ་ལ་བཤད་ཀྱི་ཡོད་པ་རེད།
ང་ཚོའི་རྩོད་པ་འདི་ལ་ཆོད་སེམས་ཤིག་དགོས་རྒྱུ་གལ་ཆེ་གི
བཀའ་བློན་ཁྲི་བ་དེ་ལ་ཡང་ཆོད་སེམས་ཤིག་དགོས་རྒྱུ་གལ་ཆེ་གི
ཟམ་གདོང་རིན་པོ་ཆེས་ཡང་། བཀའ་ཤག་སྐབས་སྔོན་མའི་སྐབས་སུ། བོད་རྒྱ་འབྲེལ་མོལ་དེ་བཟང་ན་བཟང་ཐག་ཆོད་པ་དང་ངན་ན་ངན་ཐག་ཆོད་པ་ཞིག་ལ་བསྐྱལ་གི་ཡིན་གསུངས་ཡོད།
འོན་ཀྱང་། ཐོག་མའི་དགོངས་གཞི་དེའི་སྒང་ནས་བསྡད་མ་སོང་། འགྱུར་བ་མང་པོ་བཏང་སོང་། མང་ཆེ་བ་བཙན་བཅོལ་སྒྲིག་འཛུགས་ལ་དམིགས་ནས་བཏང་སོང་། བོད་ནང་ལ་དམིགས་ནས་བཏང་མ་སོང་། འདི་ཚོ། བོད་མི་ཚོས་མཁྱེན་དགོས་བ་རེད་དྲན།
ད། འབྱུང་འགྱུར་གྱི་ལོ་ལྔ་དེ་ཡང་། དམིགས་ས་གཏད་ས་མེད་པར་ཕྱིན་ན། ཇི་འདྲའི་སྐྱོའང་བསམ། བོད་དོན་ཟེར་བ་འདི། བོད་མི་ས་ཡ་དྲུག་གི་དོན་དག་ཡིན་ན། བོད་ནང་གཙོ་བོ་རེད། བཙན་བྱོལ་ཕལ་བ་རེད། གཙོ་ཕལ་གྱི་དབྱེ་བ་ངོས་ཟིན་པའི་སྒོ་ནས། དམིགས་ས་གཏད་ས་དེ་མ་ནོར་བ་བྱེད་དགོས་གི་རེད། ད་མང་པོ་བཤད་གི་མིན། བཤད་དགོས་བ་དེ་སྒང་ན་བཤད་ཡོད། དེ་ཙམ་བྱོས།