གཡང་སྐྱབས་རྒྱལ།
———————
ང་ཚོས་ ཤ་མོག་མོག་དང་ཚལ་མོག་མོག་བཟོས་པ་ཡིན། ཉི་མ་ཡང་ནུབ་ལ་ཉེ། ཁ་ཟས་བཟོ་རྒྱུ་ལ་ཆུ་ཚོད་འགའ་རེ་འགོར་ན་ཡང་། ཟ་རྒྱུ་ནི་སྐར་མ་ཁ་ཤས་ཀྱི་ལས་ཀ་རེད། ཆང་ཕོར་རྣམས་བཏེགས་ཏེ་ཧུབ་འཐུང་བྱས། ང་ཚོ་ལ་རྒྱུན་ལྡན་གྱི་སྐད་ཆ་དེ་ཚོ་མ་གཏོགས་མེད་པར་གྱུར། བཙན་བྱོལ་བའི་མི་ཚེ། ཨ་རིའི་ནང་གི་ལས་ཀ གྲོགས་མེད་ཁེར་རྐྱང་། དམིགས་བསལ་གྱིས་ང་ཚོས་དཀའ་ངལ་གྱི་ཕྱོགས་ནས་གླེང་པ་ཡིན། མཚམས་ཤིག་ལ་བོད་ཀྱི་མ་འོངས་པའི་ཐད་གླེང་མགོ་བརྩམས། རྒན་ལགས་ཀྱང་ར་བཟི་བ་འདྲ། འོན་ཀྱང་། ཁོང་གི་མིག་གོར་རིལ་དེ་དག་གྲུང་རིག་རིག་བྱེད།
“གལ་སྲིད་བོད་མི་བརྒྱ་ཆ་མང་ཤོས་ཀྱིས་ དབུ་མའི་ལམ་ལ་ འདོད་པ་ཡོད་ཅེས་བཤད་དེ་ཐག་ཆོད་པ་ཡིན་ན། ཉི་མ་དེ་ནི་ང་བོད་ནས་ཁ་གྱེས་པའི་ཉི་མ་དེ་ཡིན།”
“གང་དུ།”
“གང་དུ་ཡིན་ན་ཡང་འགྲིག ང་བོད་ལ་སྡོད་འདོད་མེད།”
“རྒྱུ་མཚན་?”
“ང་ཚོ་བོད་དུ་སྡོད་མཁན་རྣམས་ལ་མཚོན་ན། རྒྱ་མི་ལ་གཤིབས། རྒྱ་མིས་བཙིར། ང་ཚོས་རྒྱ་མི་ཤེས་ཀྱི་ཡོད། ཁྱོད་ཚོ་རྒྱ་མི་ལ་ཐུག་ནས་སྣ་ཁུག་བརྡབས་མྱོང་ཡོད་པ་རེད། ང་ཚོ་སྣ་ཁུག་ཐེངས་མང་པོ་བརྡབས་ཚར་པ་རེད། རྒྱའི་འོག་ནས་བསྡད་ན་ “བོད་ཟེར་བ་འདི་”དུས་ཚོད་སྔ་ཕྱི་ཙམ་རེད་མ་གཏོགས་འཆི་རྒྱུ་ཉག་གཅིག་རེད། ཤེས་སོང་ངམ།”
“ཡིན་ན་ཡང་། ༧རྒྱལ་བ་རིན་པོ་ཆེས་་་་་་”
“༧རྒྱལ་བ་རིན་པོ་ཆེས་ཀྱང་་་་་་”
ང་ཚོའི་ཁ་བརྡ་དེ་ཡུད་ཙམ་རིང་ཆད་པར་གྱུར། ཁུ་སིམ་མེར་འདུག ཕྱི་ལོགས་ནི་ནག་ཁུང་རེད་ལ། སྦལ་པ་ཡིན་ནམ་ཡང་འབུ་རིགས་ཤིག་ཡིན་ནམ། “བཙིར་-འཚིར་-བཙིར་-འཚིར་” ལྟ་བུའི་སྐད་ཅོར་ཞིག་གོ་གི་འདུག
༢༠༠༨ ལོ་ནས་བཟུང་བོད་ནང་དུ་འགྱུར་བ་ཞིག་ཕྱིན་ཡོད་པ་ནི། རྒྱ་རྒྱ་དང་བོད་བོད་ཅེས་པ་འདི་རེད། “ རྒྱ་རྒྱ་ཡུལ་ན་སྐྱིད། བོད་བོད་ཡུལ་ན་སྐྱིད།” “ཁོ་རྒྱ་རིགས་རེད། ང་བོད་རིགས་ཡིན།” ལྟ་ཕྱོགས་འདི་དང་ལངས་ཕྱོགས་འདི་རྒྱ་བོད་གཉིས་ལ་ཁྱད་མེད་དུ་ཡོད་པ་རེད། གྲོགས་པོ་ཞིག་གིས་བརྗོད་དོན།
“སྔོན་མ་ཡིན་ན་རྒྱ་ནག་གཞུང་གི་བོད་རིགས་ལས་བྱེད་པ་མཐོ་གྲས་དེ་ཚོ་པེ་ཅིན་ལ་ཕྱིན་པ་ཡིན་ན། མགྲོན་ཁང་གང་དུ་བསྡད་འདོད་ཀྱང་སྡོད་ཐུབ་པ་རེད། ༢༠༠༨ ཀྱི་རྗེས་ནས་ཁྱེད་ཀྱི་ “ལག་འཁྱེར་”སྟེང་ན་ མིང་རིང་པོ་འདུག ཁྱོད་སུ་ཡིན། ཁྱོད་བོད་རིགས་ཡིན་ནམ། སོགས་ཀྱི་དྲི་བ་སྣེ་མང་དྲིས་ཏེ། མཐར་བོད་རིགས་ཀྱི་མགྲོན་ཁང་མ་གཏོགས་སྡོད་ས་མི་རྙེད་པ་ཆགས་ཡོད་པ་རེད། བྱས་ཙང་། ད་ཡིན་ན་ཁོ་ཚོའི་སེམས་ལ་ཡང་། “ཨ་ལེ” ཟེར་བ་ཞིག་འཁོར་ཡོད་པ་རེད།” ཅེས་བཤད་བྱུང་།
ཡང་གྲོགས་པོ་གཞན་ཞིག་གིས་བརྗོད་དོན། “ང་ལྟ་སྐོར་ལ་ཕྱིན་པ་ཡིན། ང་ཚོ་མི་བཅོ་ལྔ་ཡོད། ནུབ་ཕྱོགས་ཀྱི་རྒྱལ་ཁབ་ཅིག་ལ་ཕྱིན་པ་ཡིན། སྐྱིད་པོ་བྱུང་། ང་ཚོ་ཚུར་ལོག་ཡོང་དུས་ རྒྱ་མི་རྣམས་ཤར་གཏོང་བྱས་བྱུང་། ང་དང་ངའི་གྲོགས་པོ་གཉིས་བཀག་བྱུང་། འགོག་པའི་ལས་ཀ་དེ་ཐོག་མར་ང་ཚོའི་མིང་ནས་མགོ་བཙུགས་པ་རེད། མིང་ཡིག་གསུམ་རེད། “བཀྲ་ཤིས་ཚེ་རིང་”ཟེར་ན་མིང་ཡིག་བཞི་རེད། དེ་ནས་རིམ་གྱིས་ང་ཚོའི་ཅ་ལག་རྣམས་རེ་རེ་བཞིན་བསྔོགས་པ་རེད། ཆུ་ཚོད་གཉིས་ཙམ་བཀག་པ་རེད། ད་ བོད་མི་ཡིན་ན་ རང་གིས་ཅིག་བྱེད་མ་ཐུབ་ན། རེ་བ་མི་འདུག་གོ།” ཅེས་བཤད་བྱུང་།
འདི་དག་ནི་རྒྱ་ལ་མ་དགའ་བ་དང་རྒྱ་མི་ལ་མ་དགའ་བ་དེ་འདྲ་མ་རེད། རྒྱ་ཆེན་པོས་བོད་ཆུང་ཆུང་བཙིར་བ་ལ་མ་དགའ་བ་ཞིག་རེད། སྙིང་ལ་གྲི་བཙུགས་ནའང་ད་དུང་བགད་མོ་འཚེར་འཚེར་བྱེད་དགོས་པ་འདི་ལ་བསུན་སྣང་སྐྱེས་པ་རེད། གནས་ཚུལ་འདི་དག་ནི་ བོད་ཆོལ་ཁ་གསུམ་ལ་དབྱེ་བ་མེད་པ་དེ་འདྲ་ཞིག་ཡིན་པ་རེད། འདི་ནི་བོད་མིའི་བརྒྱ་ཆ་ ༩༧ ལ་འབྱུང་བཞིན་པའི་གནས་ཚུལ་དེ་རེད།
ངའི་སེམས་ལ་གནས་ཚུལ་ཞིག་ཤར་ཡོང་། དེ་ནི་ཉ་པས་ཉ་མོ་ཞིག་མཚོ་ནས་དྲངས། གྲུ་གཟིངས་ཀྱི་ཤིང་ལེབ་ཏུ་གཡུགས། ཉ་མོ་ཟུར་གྱིས་བསྡད། ཕར་མཆོངས་ཚུར་མཆོངས་ཤིག་བྱས། མིག་འབྱེད་ཟུམ་ཐེངས་འགའ་བྱས། དེ་ནས་འཕག་འཚག་ཆེན་པོ་ཞིག་བརྒྱབ། “འཕག་འཚག་”དེ་ནི་ཉ་མོ་ཤི་ཁ་མའི་འཕག་འཚག་དེ་རེད།
“ཀྱེ་ བརྒྱ་ཆ་གསུམ། ཧེལ་ལོ། བརྒྱ་ཆ་གསུམ།”
རྒན་ལགས་ར་བཟི་ན་འང་དོན་གྱི་སྐད་ཆ་བཤད་འདུག། ང་ར་མ་བཟི་ན་ཡང་སྐད་ཆ་ད་ག་རང་ཡིན། ལམ་དབུ་མ་ཟེར་བ་དེ་ངོས་ལེན་བྱ་ཐུབ་ས་མ་རེད། དེ་བས་ཀྱང་རྒྱ་ནག་གི་བཅའ་ཁྲིམས་འོག་ནམ་ཡང་བསྡོད་འདོད་མེད་།
རེ་བ་ཆེ་ས་དང་གྲ་སྒྲིག་སྡུག་ས་ནས་་་་་་་་་་་་་་་་་་་་་་་་་་་་་