Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བརྒྱད་པའི་ཚེས་བརྒྱད་དང་ཞར་བྱུང་སེམས་ཁྲལ།

Posted on 2008-08-102008-08-10 By རིག་འབྱུང་དོན་གྲུབ་བཀྲ་ཤིས་ 17 Comments on བརྒྱད་པའི་ཚེས་བརྒྱད་དང་ཞར་བྱུང་སེམས་ཁྲལ།

སྐར་ཆེན།

ནམ་རྒྱུན་ནས་ང་ནི་བསམ་ཚུལ་གླེང་རྒྱུར་དགའ། རྨོངས་འཆར་སྤེལ་རྒྱུར་དགའ། གང་ཤེས་བ་དེ་གཞན་ལ་བརྒྱུད་སྤྲོད་བྱེད་རྒྱུར་དེ་བས་དགའ། འོན་ཀྱང༌།

དེ་རིང་སང་ཉིན། ངེད་ཀྱིས་བསམ་ཚུལ་གླེང་མི་ཤེས་བའི་ཚད་ཞིག་ལ་སླེབས།

གྲོགས་པོས་ཁྱེད་ཀྱིས་ཅི་ཞིག་བྱེད་ཀྱི་ཡོད་དམ་ཞེས་དྲིས་ཚེ༌། ལན་ནི་གཞན་གྱིས་སྤེལ་བའི་རྩོམ་ཡིག་རང་གི་སྐད་དུ་བསྒྱུར་ནས་བསྡད་ཡོད་ལབ་རྒྱུ་དེ་ཡིན། འོ་ན། ཅིའི་ཕྱིར་ང་བསམ་ཚུལ་གླེང་མི་ཤེས་བའི་ཚད་ལ་སླེབས་པ་རེད་དམ་ཟེར་ན། ང་ལ་དམིགས་བསལ་གྱི་ལན་མེད་ལ་ལན་གྱི་ངལ་བ་ཁུར་ལ་བླངས་ནས་ཅི་བྱེད།

དེ་རིང་སང་ཉིན་བོད་དོན་ཞེས་ཕར་རྒྱ་ནག་ལ་བརྗོད་མི་དགོས་བར་རྒྱ་ནག་གིས་ང་ཚོ་ལ་བོད་དོན་ཚུར་འགྲེལ་བརྗོད་རྒྱག་གི་ཡོད་པའི་གནས་སྟངས་ཤིག་ལ་སླེབས་འདུག

གནས་སྟངས་འདི་ལྟར་ཆགས་དོན་ཡང༌། ཕུགས་དེད་ན་ང་ཚོའི་ཁོར་ཡུག་བསྐྲུན་སྟངས་དང་འབྲེལ་བ་ཡོད། བོད་རྒྱ་འབྲེལ་མོལ་ཐེངས་བདུན་པའི་ཆག་འཇིག་དེ་མ་སླེབས་བར་དུ། ང་ཚོའི་ངོས་ནས་ཁོར་ཡུག་རྐྱང་བསྐྲུན་བསྡད་པ་རེད། ཁོར་ཡུག་དེས་མཐའ་མར་བློ་ཕམ་ཞེས་བའི་ཐ་སྙད་ཞིག་འཁྱེར་ནས་ཡོང༌། བློ་ཕམ་དེའི་ཆེད་དུ་བོད་ནང་ནས་ད་ལོའི་གསུམ་པའི་བཅུ་བཞི་ནས་བོད་མི་ཚོས་རང་སྲོག་བློས་བཏང༌། འོན་ཀྱང༌། འདི་ཕྱོགས་སུ་བློ་ཕམ་དེའི་ཆེད་དུ་ཞལ་འདོན་སྐྱོར།

ཕྱི་སྡོད་བོད་མི་གཙོ་བྱས་བའི་རྒྱལ་སྤྱིའི་ཐོག་གི་བོད་དོན་རྒྱབ་སྐྱོར་བ་ཚོས། ཨོ་ཕིག་རྩེད་འགྲན་གྱི་སྔ་གཞུག་ཏུ་བོད་དོན་ཐད་ལ་གནས་ཚུལ་ཞིག་འབྱུང་གི་རེད་ཟེར། གནས་ཚུལ་འབྱུང་སྟངས་ནི་ཧ་ཅང་རབ་རིབ་ཏུ་གྱུར་སོང༌། ༢༠༠༨ ལོ་འདི་རྒྱ་ནག་ལ་མཚོན་ན་བཀྲ་མི་ཤིས་བའི་ལོ་ཞིག་རེད་ལབ་ན་མི་འགྲིགས་པ་ག་ལ་ཡོད། རླུང་འཚུབ་ཀྱི་འཇིགས་པའི་སྒང་ལ་བོད་མི་རིགས་ཀྱི་འཐབ་རྩོད་ཀྱི་དུ་བ་ཕྱོགས་གང་ས་ནས་འཕྱུར། ད་དུང་དེའི་ག་ལ་ཚད། ས་འགུལ་གྱི་འཇིགས་པ་སླེབས། འོན་ཀྱང༌།་ རང་བྱུང་གི་འཇིགས་པ་དང་བོད་དོན་གྱི་འཇིགས་པ་གཉིས་ཀྱིས་ཀྱང་ཨོ་རྩལ་འགྲན་བསྡུར་འགོག་ཐུབ་མ་སོང༌། ཨོ་རྩལ་འགྲན་ཚོགས་དངོས་སུ་འགོ་བཙུགས་སོང༌། རྒྱ་ནག་གིས་༢༠༠༨ ལོའི་ཨོ་རྩལ་འགྲན་ཚོགས་དང་བསྟུན་ནས་རང་གི་སྲོལ་རྒྱུན་རིག་གཞུང་ངོ་སྤྲོད་བྱས་སོང༌། ངོ་སྤྲོད་བྱེད་སྟངས་ཀྱང་ཐུན་མོང་མ་ཡིན་པའི་ལམ་ནས་བྱས་སོང༌།

འཛམ་གླིང་གཅིག་དང་རྨི་ལམ་གཅིག་དེ་བརྒྱུད་ནས་འཛམ་གླིང་འདིའི་སྒང་ན་རྒྱ་ནག་གཅིག་ཡིན་པ་ངོ་སྤྲོད་བྱས་སོང༌།

ཨོ་རྩལ་འགྲན་ཚོགས་དབུ་འཛུགས་མ་བྱས་བའི་སྔོན་དུ། རྒྱ་ནག་གཞུང་གིས་པེ་ཅིང་དུ་གནས་སྡོད་བྱེད་བཞིན་པའི་ཡུལ་མི་མང་པོ་གནས་སྤོར་བྱེད་དུ་བཅུག ཡུལ་མི་གནས་སྤོར་དང་མཁའ་རླུང་འབག་བཙོག་གི་གནད་དོན་འདི་གཉིས་ཀྱི་ཐད་ལ། རྒྱ་ནག་སྐམ་ས་ཆེན་པོའི་མི་མང་གི་ཁོངས་སུ་ཡང་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་རྣམ་འགྱུར་བསྟན། རྣམ་འགྱུར་དེ་ཆུ་ཚོད་ཉེར་བཞི་ལ་ཡང་བསྡད་མ་སོང༌། ད་དུང་ཤར་ཀི་སི་ཐིན་ཏུ་རྒྱ་ནག་གི་ཉེན་རྟོག་མི་སྣ་བཅུ་དྲུག་གི་ཚེ་སྲོག་བཀུམས་པའི་གསར་འགྱུར་ཐོན། དེའི་རྗེས་སུ། བོད་རང་དབང་སླེོབ་ཕྲུག་ཚོགས་ཆུང་གི་ཚོགས་མིས་ཨོ་རྩལ་ཚོགས་རའི་སྒོ་དང་ཐག་ཉེ་ས་ནས་བོད་ཀྱི་དར་ཆ་གློག་སྡོང་ལ་བཏགས། དེ་ཡང་ཡལ་སོང༌། ད་དུང་དེའི་ག་ལ་ཚད། བོད་རང་དབང་སློབ་ཕྲུག་ཚོགས་ཆུང་གི་ཚོགས་མི་འགས་པེ་ཅིང་གི་གནམ་བདེ་སྒོ་མོ་ཆེའི་མདུན་ཐང་ནས་བོད་ཀྱི་རྒྱལ་དར་བསྣམས་ནས་ཐང་ལ་ཉལ། ད་དུང་ཧོང་ཀོང་དུ་ཡང་ངོ་རྒོལ་གྱི་ལས་འགུལ་སྤེལ། འོན་ཀྱང༌། འདི་དག་རེ་རེ་བཞིན་ཡལ་སོང༌།

འདི་དག་གིས་གནད་དོན་ཞིག་འཆད་ཀྱི་འདུག ད་ནི་གཞན་ཅི་ཡང་མ་ཡིན་པར། མི་སྒེར་བའི་ལས་འགུལ་གྱིས་རྒྱ་ནག་སྐམ་ས་ཆེན་མོའི་ས་ཐོག་ནས་ནུས་བ་མི་ཐོན་པ་དེ་རེད།

ད་ལོར་བོད་ནང་དུ་བོད་མིའི་ཞི་བའི་ངོ་རྒོལ་བྱུང་བའི་རྗེས་སུ། འཛམ་གླིང་གི་དོ་སྣང་བོད་དོན་ལ་ཕྱོགས།

འཛམ་གླིང་གི་གཞུང་འབྲེལ་ཚོགས་པ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཚོས་རྒྱ་ནག་གཞུང་ལ་སྐྱོན་བརྗོད་བྱས། མི་སྒེར་བ་མང་པོས་རྒྱ་ནག་གི་གཏུམ་སྤྱོད་ལ་ངོ་རྒོལ་བྱས། བོད་དོན་རྒྱབ་སྐྱོར་ཚོགས་པ་དག་གིས་རྒྱ་ནག་ལ་ངོ་རྒོལ་ཤུགས་ཆེར་བྱས། ཕྱི་སྡོད་བོད་མི་ཚོས་ཉིན་མཚན་གཉིས་ལ་བོད་དོན་ཁྱབ་བསྒྲགས་དང་བོད་ནང་གི་བོད་མིར་གདུང་སེམས་མཉམ་སྐྱེལ་བྱས། འཛམ་གླིང་ཞི་བདེའི་འགོ་འཁྲིད་མང་པོ་མཉམ་རུབ་ཀྱིས་བོད་དོན་ལ་རྒྱབ་སྐྱོར་བྱས། ཡོ་རོབ་དང་ཨ་རིའི་རྒྱལ་ཁབ་ཁ་ཤས་སྔོན་ལ་ཐོན་ནས་བོད་དོན་བཤད། བོད་དོན་ལ་རྒྱབ་སྐྱོར་གྱི་རྣམ་འགྱུར་ཡིག་ངག་གཉིས་ཐོག་ནས་བསྟན། ཡོ་རོབ་གྲོས་ཚོགས་ཀྱིས་བོད་དོན་ཐད་ལ་གྲོས་ཆོད་གསར་བ་བཞག རྒྱ་ནག་སྐམ་ས་ཆེན་མོའི་ཤེས་ཡོན་པ་དང་ཁྲིམས་རྩོད་པ་འགས་བོད་དོན་ཀྱི་སྲིད་ཇུས་ཐད་རྒྱ་ནག་གཞུང་ལ་སྙན་ཞུ་ཕུལ། ཨོ་རྩལ་འགྲན་བསྡུར་ལ་ཞུགས་མཁན་གྱི་ལུས་རྩལ་བ་ཁ་ཤས་ཀྱིས་སྔོན་ཚུན་ནས་དགོངས་ཞུ་བྱས། ད་དུང་སྲིད་འཛིན་དང་སྲིད་བློན་མང་པོས་རྒྱ་ནག་གཞུང་ལ་སྐྱོན་བརྗོད་དང་འབྲེལ་ཏཱ་ལའི་བླ་མ་དང་འབྲེལ་མོལ་བྱེད་དགོས་བའི་རེ་བ་བཏོན། སྲིད་བློན་དང་སྲིད་འཛིན་ཁ་ཤས་ཀྱིས་ཨོ་རྩལ་འགྲན་ཚོགས་ཀྱི་མཛད་སྒོར་འགྲོ་མིན་ཐད་ཀྱི་སྐད་ཆ་བཤད། དེའི་ཁོངས་སུ་ཨ་རིའི་སྲིད་འཛིན་བྷུའུ་ཞི་ཡང་ཡོད།

གང་ལྟར། ཨོ་རྩལ་འགྲན་ཚོགས་ཀྱི་དུས་ཚོད་སླེབས་སོང། ཨ་རིའི་སྲིད་འཛིན་གྱི་སྐད་ཆ་ཡང་འགྱུར་སོང༌། ཨ་རིའི་སྲིད་འཛིན་གྱིས་ཕྱི་སྡོད་རྒྱ་ནག་གི་དམངས་གཙོ་དོན་གཉེར་ཅནཚོའི་རེ་བ་དང་དྲན་སྐུལ་འཁྱེར་ནས་རྒྱ་ནག་ལ་སླེབས།

འདིའི་མིང་ལ་ཆབ་སྲིད་སྐྱོང་སྟངས་ཟེར། ཆབ་སྲིད་སྐྱོང་སྟངས་འདི་བཙན་བྱོལ་བོད་གཞུང་མ་ཡིན་པའི་འཛམ་གླིང་རྒྱལ་ཁབ་ཚང་མར་ཡོད་པའི་ལེགས་བྱང་ཞིག་ཡིན། འོན་ཀྱང༌། ང་ཚོ་ད་དུང་ཡང་ཆབ་སྲིད་སྐྱོང་སྟངས་འདིར་གོམས་མེད། ཉེ་ཆར་ཨོ་རྩལ་འགྲན་བསྡུར་ལ་ཞུགས་མཁན་གྱི་ལུས་རྩལ་པབཞི་བཅུ་ལྷག་གིས་བོད་དོན་ཐད་ཀྱི་སྙན་ཞུ་ཞིག་རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐོའོ་ལ་ཕུལ། འོན་ཀྱང༌། དེ་ལ་ཧུའུ་ཡི་ངོས་ནས་ལན་མེད། སུས་ཀྱང་ཁོང་ལ་ལན་རྒྱག་དགོས་ཞེས་ཁོང་ལ་བཙན་བཀའ་གཏོང་མི་ནུས། རྒྱུ་མཚན། ང་ཚོའི་གནད་དོན་ཡང་ཁོང་གི་ལག་ལ་ཤོར་ནས་ཡོད། སའི་གོ་ལའི་དཔལ་འབྱོར་གྱི་ཁྲོམ་རྭ་ཆེན་མོ་འདི་ཡང་ཁོང་གི་ལག་ལ་ཤོར་གྲབས་ཡོད།

ད་ནི་བོད་དོན་ཞེས་གླེང་གིན་ཡོད་པ་མ་གཏོགས། བོད་དོན་དེ་བོད་དོན་ཡིན་པ་དངོས་སུ་ཚོར་མཁན་བོད་ནང་གི་བོད་མི་རྣམས་ཡིན་ལ་དེའི་ཆེད་དུ་རང་སྲོག་བློས་གཏོང་མཁན་ཡང་ཁོང་ཚོ་ཡིན། ཕྱི་ལོགས་སུ་བོད་དོན་གླེང་མཁན་ནི་ཕྱི་རྒྱལ་བ་ཚོ་ཡིན་ལ་དེའི་ཆེད་དུ་རྒྱ་ནག་ལ་སྐུལ་འདེད་བྱེད་མཁན་ཡང་ཕྱི་རྒྱལ་བ་ཚོ་རེད།

ལྷག་པར་དུ། དེ་རིང་སང་ཉིན། བོད་དོན་ཞེས་བཙན་བྱོལ་བོད་གཞུང་གིས་ཕར་རྒྱ་ནག་ལ་གླེང་མི་དགོས་བར། རྒྱ་ནག་གིས་ཚུར་གླེང་གི་ཡོད།

རྒྱུ་མཚན། ང་ཚོའི་ངོས་ནས་ཁོར་ཡུག་བསྐྲུན་སྟངས་མ་ཤེས་བ་རེད། ང་ཚོའི་ངོས་ནས་ཆབ་སྲིད་སྐྱོང་སྟངས་མ་ཤེས་བ་རེད། བོད་ནང་གི་བོད་མི་ཚོས་བོད་ཀྱི་རང་དབང་དེ་ཕྱི་སྡོད་བོད་མི་ཚོས་ཕྱི་ནས་ནང་ལ་འཁྱེར་ཡོང་གི་རེད་བསམ་ནས་ད་ལྟ་བར་དུ་རེ་བ་བརྒྱབ། ལོ་ནས་ལོ་བརྩེགས་ཏེ་རེ་བ་བརྒྱབ། འོན་ཀྱང༌། ད་ནི་ཕྱི་ན་བོད་བཙོང་གི་འདུག་མ་གཏོགས་བོད་དོན་བསྒྲུབ་ཀྱིན་མི་འདུག བོད་ནང་གི་བོད་མི་ཚོས་ཨོ་རྩལ་འགྲན་ཚོགས་ཀྱི་སྔ་ནུབ་དུ་བོད་དོན་ལ་འགྱུར་བ་ཞིག་འགྲོ་གི་རེད་བསམ་ནས་ཉིན་མཚན་གཉིས་ལ་རྨི་ལ་མ་བཏང༌། རྨི་ལམ་དེར་གཞོགས་འདེགས་ཀྱི་དོད་དུ། འདི་ཕྱོགས་སུ་བོད་གཞུང་དམངས་ལས་འགུལ་ཚོགས་ཆུང་ཟེར་བ་ཞིག་བཙུགས་ནས། ཞལ་འདོན་སྐྱོར། བོད་མི་ཚེ་སྲོག་ཤོར་བ་རྣམས་ཀྱི་ཆེད་དུ་ཞལ་འདོན་སྐྱོར། རྒྱ་མི་འདས་གྲོངས་སུ་ཕྱིན་པ་རྣམས་ཀྱི་ཆེད་དུ་ཞལ་འདོན་སྐྱོར། ད་དུང༌། བོད་རྒྱ་འབྲེལ་མོལ་ཐེངས་བདུན་པའི་རྗེས་སུ། ད་ལྟའི་བཀའ་བློན་ཁྲི་བས། བོད་ཀྱི་གནད་དོན་སེལ་དང་མ་སེལ་ཟེར་ཡ་འདི་ཚང་མ་རྒྱ་ནག་ལ་རེག་ལས་པ་རེད། ང་ཚོའི་ངོས་ནས་ལྷག་བསམ་རྣམ་དག་ཡིན་ཟེར། ཡོད་ཚད་ཕར་ཕྱོགས་ལ་རེག་ལས་ན། ང་ཚོས་ཅི་ཞིག་རྩོད་དགོས་སམ། ཡོད་ཚད་གཞན་ལ་རེག་ལས་ན་ང་ཚོས་ཁོར་ཡུག་བསྐྲུན་ནས་ཅི་བྱེད། ཆབ་སྲིད་སྐྱོང་སྟངས་ལ་ལྷག་བསམ་རྣམ་དག་ཡིན་ཟེར་བ་འདི་ང་ཚོ་གཅིག་པོ་ཡིན། ཡོད་ཚད་གཞན་ལ་རེག་ལས་བའི་སྒང་ལ་ད་དུང་ལྷག་བསམ་རྣམ་དག་ཡིན་ན། དོན་དངོས་སུ། བོད་ཀྱི་དཀའ་རྙོག་ཅི་ལྟར་སེལ། བོད་ནང་གི་བོད་མི་ཚོའི་རེ་བ་ཇི་ལྟར་བསྒྲུབས། རང་གི་མི་རིགས་ཀྱི་ཆེད་དུ་རང་སྲོག་ཤོར་བའི་དཔའ་བོ་དཔའ་མོ་ཚོར་ཕྱི་མའི་ཡུལ་ནས་ཅི་ཞིག་རྩིས་སྤྲོད་ཀྱི་ཡིན་ནམ།

ད་ནི་ང་ལ་སེམས་ཁྲལ་གཞན་ཞིག་སླེབས། བརྒྱད་པའི་ཚེས་བརྒྱད་འདི་ནས་བཟུང༌། རྒྱ་ནག་ལ་འགྱུར་བ་འགྲོ་གི་རེད་ལ། འགྱུར་བ་འགྲོ་སྟངས་དེ་ཡང་དཔལ་འབྱོར་ནས་འགོ་འཛུགས་ཀྱི་རེད། རྒྱ་ནག་གི་གཞུང་ཞབས་མི་སྣའི་གླ་ཕོགས་ནས་འགྱུར་བ་འགྲོ་གི་རེད། ད་དུང༌། རྒྱ་ནག་གི་ཆབ་སྲིད་ལ་ཡང་འགྱུར་བ་འགྲོ་གི་རེད། བོད་རིགས་ས་ཁུལ་སྲིད་སྐྱོང་བྱེད་སྟངས་ནས་འགྱུར་བ་འགྲོ་གི་རེད་ལ་བོད་རིགས་ས་ཁུལ་དུ་ལས་བྱེད་བསྐོ་འཇོག་བྱེད་སྟངས་ནས་འགྱུར་བ་འགྲོ་གི་རེད། འགྱུར་བ་འདི་གཉིས་ཀ་རྒྱ་ནག་མི་མང་གི་འབྱུང་འགྱུར་གྱི་ཁེ་ཕན་གྱི་ཆེད་དུ་འགྲོ་གི་རེད། འོན་ཀྱང༌། བོད་དོན་འདི་རྒྱ་ནག་གི་ལག་ལ་ཤོར་འགྲོ་བའི་ཉེན་ཚབས་ཇེ་ཆེ་ནས་ཇེ་ཆེ་རེད།

གཅིག་བྱས་ན། བོད་དོན་འདི་རྒྱ་ནག་ལ་བཙོང་བའི་ནག་ཉེས་དེ་ཕྱི་སྡོད་བོད་མི་ཚོའི་སྒང་ལ་ཡོང་སྲིད།

ངེད་ཀྱི་རེ་བར། ད་ལྟའིབོད་རྒྱ་འབྲེལ་མོལ་གྱི་ལས་ཀྱི་སྣེ་མོར་གཏོགས་མཁན་ཚོས། བོད་དོན་མ་བཙོང་རོགས་གནང༌། བོད་ནང་གི་བོད་མི་ཚོའི་རེ་བ་ནག་ཁུང་ལ་མ་འདེད་རོགས། གཞིས་བྱེས་བོད་མིའི་རེ་བ་ཆུ་ལ་མ་བསྐྱུར་རོགས། ༧གོང་ས་མཆོག་ལ་དབུ་བསྐོར་མ་ཞུ་རོགས། བོད་རྒྱ་འབྲེལ་མོལ་འདི་སྒེར་གྱི་ཚོང་ལམ་ལ་་མ་བསྒྱུར་རོགས་གནང༌། ཐུགས་རྗེས་གཟིགས།

གསར་འགྱུར།

Post navigation

Previous Post: ནང་གི་མེ་ལྕེ།
Next Post: རིག་གནས་གསར་བརྗེ་ཞིག་ཡོང་གི་ཡོད་དམ།

Comments (17) on “བརྒྱད་པའི་ཚེས་བརྒྱད་དང་ཞར་བྱུང་སེམས་ཁྲལ།”

  1. མགོན་པོ་ཕྱག་གཉིས་པ། says:
    2008-08-10 at 3:23 pm

    ངའི་བསམ་པར་བོད་གཞིས་བྱེས་གཉིས་ནས་གང་ཐུབ་ཅི་ཐུབ་དང་རང་གི་ནུས་ཚོད་ཀྱིས་བོད་མིའི་རང་དབང་འཐབ་རྩོད་ཆེད་འབད་བརྩོན་བྱེད་ཀྱི་ཡོད་པ་རེད་བསམས། བོད་གཞུང་ནས་ཀྱང་རྒྱལ་དབང་རིན་པོ་ཆེའི་བཀའ་དགོངས་ལྟར་རེ་བ་ཞིག་ཁྱེར་ཏེ་རྒྱ་མི་དང་མཉམ་དུ་འབྲེལ་མོལ་རིམ་པ་ཁ་ཤས་ཤིག་བྱས་པ་ལྟར་རེད། གྲུབ་འབྲས་ཐོབ་མ་ཐོབ་དེ་ལོགས་ཀ་རེད། གང་ལྟར་འབད་བརྩོན་བྱེད་ཀྱི་འདུག་སྙམ།
    ད་ངས་ཁྱོད་ནས་མགོ་མི་ཚོས་པའི་དོན་དག་ཅིག་ཁྱེད་རང་ནས་ཕྱི་སྡོད་བོད་མི་ཚོས་བོད་བཙོང་གི་ཡོད་པ་རེད་མདོག་མདོག་ཅིག་ལབ་སོང་། བོད་ཇི་ལྟར་བཙོང་གི་ཡོད་པའི་སྐོར་འགྲེལ་བཤད་གསལ་པོ་ཞིག་གནང་རོགས་གནང་། གཞན་པ་ཁྱེད་རང་ནས་ཆབ་སྲིད་སྐྱོང་སྟངས་མ་ཤེས་པ་རེད་ཟེར་ནས་མང་པོ་ཞིག་ལབ་ཡོང་གི་འདུག་པས། ཆབ་སྲིད་སྐྱོང་སྟངས་ཡག་ཤོས་དེ་ཁྱེད་རང་གིས་ཅིག་སྟོན་དང་། ངས་ནི་ད་བར་ང་ཚོས་བྱས་དང་བྱེད་བཞིན་པ་འདི་ལས་ལྷག་པའི་བསམ་ཚུལ་ཞིག་རྙེད་དཀའ། བསམ་ཚུལ་གསར་པ་དེ་འདྲ་ཡོད་ན་དཔེ་ཡག་པོ་རེད། འཆར་གཞི་ཡག་པོ་ཞིག་བཀོད་དང་ང་ཚོ་དེའི་ནང་ལྟར་འགྲོ

  2. ལྕགས་རྒྱ་འགྲམ་ནག says:
    2008-08-10 at 3:39 pm

    ཕྱི་སྡོད་བོད་མི་ཚོས་བོད་བཙོང་གི་འདུག་ཟེར་བ་འདིའི་སྐོར་ལ་གླེང་མོལ་བྱེད་རོགས།

  3. ཡེ་ཤེས། says:
    2008-08-10 at 4:05 pm

    ང་ཚོའི་སྐུ་ངོ་རེ་འགས་གཞུང་དམངས་ཀྱི་རྒྱུ་ནོར་འབོར་ཆེན་ལྐོག་ཟ་བྱས་དང་བྱེད་བཞིན་པ་དེར་དམིགས་པ་མིན་འགྲོ། དེ་ཡིན་ན་དེ་ཙམ་གྱིས་ཕྱི་སྡོད་བོད་མི་ཡོངས་ཀྱི་ཚབ་བྱེད་ཐུབ་རྒྱུ་མ་རེད་གོ།

  4. མགོན་པོ་ཕྱག་གཉིས་པ། says:
    2008-08-10 at 5:41 pm

    སྐུ་ངོ་སུས་སུས་གཞུང་དམངས་ཀྱི་རྒྱུ་ནོར་ལྐོག་ཟོས་བྱས་པ་རེད། གྲངས་འབོར་ག་ཚོད་ཅིག་ལྐོག་ཟོས་བྱས་རེད། དེ་ཚོ་དངོས་གནས་ཁུངས་སྐྱེལ་ཡོད་ན་གསལ་པོ་བཟོ་དགོས་ངེས་ཤིག་རེད། ཡིན་ན་ཡང་། ང་ཚོས་ཁུངས་སྐྱེལ་བྱེད་མི་ཐུབ་པའི་གཏམ་མ་བཤད་ན་བཟང་། མིན་འགྲོ། མེད་འགྲོ་ཟེར་བ་རྐྱང་རྐྱང་བཤད་བསྡད་ན་གཉའ་ཁ་ལྷམ་མཐིལ་གྱིས་ཟུར་གི་མ་རེད།
    ཡེ་ཤེས་ཀྱི་སྐོར་ལ་ད་མང་པོ་མ་ལབ། ཁོང་བླ་མ་གཞན་པ་མང་པོ་ཞིག་ནང་བཞིན་སྤམ་པོ་བྱས། སྐད་ཆ་ཡང་གང་ཉུང་ཉུང་ཞིག་ལབ་ནས་ཡིན་མདོག་ཁ་བོ་བྱས་སྡོད་མཁན་ཞིག་མ་རེད། ཁ་རུ་ཁ་ཐུག་ཅིག་རེད། ང་ཚོས་ཁོ་ལ་གཤེ་གཤེ་བཏང་དེ་འདྲ་བྱས་ན་ཡང་ཅི་མི་སྙམ་པར་ད་རུང་འདིར་ཡོང་ནས་རང་གི་བསམ་ཚུལ་མུ་མཐུད་དུ་བརྗོད་མཁན་བླ་མ་ཁ་སངས་པོ་ཞིག་རེད་སྙམ།
    ཁོ་ལ་ངག་བདེ་བོ་ཞིག་འདུག ཁོང་གིས་བྲིས་པའི་སྙན་ཚིག་དེ་ཚོའང་སྙན་པོ་འདུག ཁོ་ཕལ་ཆེར་མི་ཀླད་པ་ཅན་ཞིག་མ་རེད། འདིར་ཡོང་ནས་རྒྱུ་མཚན་གྱིས་ཕོངས་པའི་སྐད་ཆ་ག་ཚོད་བཤད་པ་ཚང་མས་ཤེས་གསལ་ལྟར་རེད། ཁོའི་སྐད་ཆ་དེ་ཚོར་རྒྱུ་མཚན་གྱིས་ཕོངས་པས་མི་ཚང་མས་ཁོ་ལ་ལན་འདེབས་རྐྱང་རྐྱང་བྱས་བསྡད་ཡོད་མ་རེད་དམ།
    ཡང་མིན་ན་ཁོས་བསམས་བཙུགས་ནས་སྐོར་ལོག་ཤོད་ཀྱི་ཡོད་རེད། ལྡོག་ཕྱོགས་ཀྱི་སྐད་ཆ་དེ་ཚོར་ང་ལ་ཡིད་ཆེས་ཡོད། དེས་བདེན་པའི་ངོས་གཞན་ཞིག་ང་ཚོར་སྟོན་ཐུབ་པ་རེད། ཁོ་ལ་མི་ཚང་མས་ལན་འདེབས་བྱས་ཏེ་ང་ཚོས་བགྲོ་གླེང་མང་པོ་བྱེད་ཐུབ་ཀྱི་འདུག་པས་ཁོས་བཤད་པའི་ཆོ་མེད་ཀྱི་སྐད་ཆ་དེ་ཚོའང་ཆོ་མེད་རང་མ་རེད།

  5. གཡང་སྐྱབས་རྒྱལ། says:
    2008-08-10 at 5:54 pm

    གྲོགས་པོ་ཚོ།
    ང་ཚོ་འདིར་ཡོང་དོན་ནི་མི་ཡུལ་ལ་འཁྱམས་འཁྱམས་ནས། རང་ཡུལ་དྲན་དྲན་ནས། བོད་འདི་ལ་སེམས་ཉེ་ཉེ་ནས། རང་དང་རིགས་གཅིག་པ་ཚོ་མཇལ་འདོད་ཆེ་ཆེ་ནས་མ་རེད་དམ། དེ་ཡིན་བཟོ་འདུག

    ཕྱག་གཉིས་པ་སོགས་ཀྱིས་ཡེ་ཤེས་ཀྱི་སྐོར་ལ་མང་པོ་ཞིག་བྲིས་ཐལ། ད་ཆོག་གི ཡེ་ཤེས་ལ་ཡོན་ཏན་ཡོད། ཡེ་ཤེས་ཀྱིས་གནོད་བསྐྱལ་བ་མེད། ཡེ་ཤེས་ཀྱིས་བསམ་ཚུལ་དང་གནས་ཚུལ་ཤོད། ཡེ་ཤེས་ཀྱི་སྙན་ངག་བཟང་། ད་ཁོང་ཡང་ཡང་འདིར་ཕེབས་རོགས་དང་། ཕེབས་ནས་གསུངས་རོགས་ཞུས་ན་ཆོག་ག

    དེ་ནས་ཕྱག་གཉིས་པས་གཉའ་ཁ་ལྷམ་མཐིལ་གྱིས་མི་ཁེབས་ཞེས་ཐེངས་ཁ་ཤས་ལ་བཤད་སོང་། དེ་འདྲའི་གཉའ་ཆེ་ཞིག་གང་ན་ཡོད་ནི་རེད། ཡང་ན་ལྷམ་དེ་བྱིས་པ་ལོ་གཅིག་གི་ལྷམ་ཞིག་རེད་དམ། ཧ་ཧ།

  6. སྟག་སྨྱོན། says:
    2008-08-10 at 6:02 pm

    ང་སྟག་སྨྱོན་ཡིན།

  7. སྟག་སྨྱོན། says:
    2008-08-10 at 6:03 pm

    བཤད་རྒྱུ་ཨེ་ཡོད། མེད་ན་ཉལ་རྒྱུ་ཡིན།

  8. ཡེ་ཤེས། says:
    2008-08-10 at 6:22 pm

    ད་ཡང་ངའི་གསར་རྒོད་ཚོ་བོད་ནང་གི་མི་རབས་གསུམ་པའི་རྗེས་སུ་འགྲོ་གིན་མེད་ལ། མི་རབས་གསུམ་པའི་སྙན་ངག་གི་སྦྱོང་དེབ་མེ་ལོང་མ་མ་ཡིན་པར་མེ་ལོང་མ་ལས་བསྟན་པའི་རྐེད་པ་ཕྲ་ཞིང་རོ་སྨད་སྦོམ་པ་ཚོ་ཡིན་ཟེར་གིན་འདུག

  9. མགོན་པོ་ཕྱག་གཉིས་པ། says:
    2008-08-10 at 6:27 pm

    རྒྱུ་མཚན་མེད་པའི་སྐད་ཆ་བཤད་བསྡད་ན་གཉའ་ཁ་ཇེ་ཆེ་དང་ཇེ་ཆེ་ཡིན་ནི་རེད། དེ་ལྷམ་མཐིལ་གྱིས་ག་ལ་ཁེབས། གནམ་གྱིས་ཀྱང་ཁེབས་དཀའ། གཉའ་ཁ་ལྷམ་མཐིལ་གྱིས་མི་ཁེབས་ཟེར་བའི་ཚིག་འདི་ངས་ཐེངས་མ་གཉིས་ལ་བཤད་པ་ཡིན། ཐེངས་ཁ་ཤས་ལ་བཤད་མེད། ད་ཁྱེད་རང་གིས་ཀྱང་གཉའ་ཁ་ལྷམ་མཐིལ་གྱིས་ཁེབས་མ་སོང་ང། དེ་གཉའ་ཁ་ཆེ་བའི་རྟགས་རེད། གཉའ་ཁ་ཆེ་བའི་རྟགས་ཟེར་ནས་ཁྱེད་རང་གི་སྐྱེས་སྨན་གྱི་སྟུ་འདྲ་བོ་ཞིག་ཁྱེར་ཡོང་ནས་སྟོན་རྒྱུ་ཅང་ཡོད་མ་རེད། གཉའ་ཁ་ཆེ་བ་དེ་ཁུངས་མེད་ཀྱི་གཉའ་ཁ་ཆེ་བ་ལ་ཤོད་ཀྱི་ཡོད་རེད།

  10. ཡེ་ཤེས། says:
    2008-08-10 at 6:34 pm

    འདི་ལ་རང་རེའི་གཞིས་ཆགས་པ་ཚོས་ཁ་ཚུམས་ཟེར་རྒྱུའི་ཚབ་ཏུ་སྡུག་རྐུབ་ཚུམས་ཟེར་སྲོལ་ཞིག་ཡོད་པ་དེས་བདེན་དཔང་བྱེད་ཐུབ་ཀི་པ།

  11. ཡེ་ཤེས། says:
    2008-08-10 at 6:36 pm

    གཞན་ཡང་སྙན་ངག་གི་གཞུང་ལས་བཞད་གད་ཀྱི་ཉམས་ཟེར་བ་དེ་འདི་འདྲ་ཞིག་ལ་ཟེར་བ་འདྲ།

  12. ཡེ་ཤེས། says:
    2008-08-10 at 7:22 pm

    No,
    གཉའ་ཁ་ཐམས་ཅད་ཀོས་གཡོག་ཏུ། །
    དེ་ཉིད་ཀོ་བས་ག་ལ་ལྡེང་། །
    Yes,
    རླིག་པ་ཐམས་ཅད་གཏུབས་པ་ན།།
    གཉའ་ཁ་ཐམས་ཅད་གཡོགས་དང་མཚུངས། །

  13. གཡང་སྐྱབས་རྒྱལ says:
    2008-08-10 at 8:00 pm

    ཨ་རོ་ཕྱག་གཉིས་པ་ལགས། ཁྱེད་ཀྱིས་ “གཉའ་ཁ་ཆེ་བ་དེ་ཁུངས་མེད་ཀྱི་གཉའ་ཁ་ཆེ་བ་ལ་ཤོད་ཀྱི་ཡོད་རེད།”ཅེས་བྲིས་འདུག འདིའི་ཁུངས་གང་ཡིན། ཁྱེད་ཀྱི་ཕྱག་གཅིག་ཡིན་ནམ། དེ་མིན་གྱི་བསྟན་བཅོས་ཀྱི་ཁུངས་ཡོད་དམ། ངག་རྒྱུན་གྱི་ཁུངས་ཡོད་དམ། ཁྱེད་ཀྱི་བསམ་ཚུལ་ཙམ་ཡིན་ན་ངས་བརྩི་དགོས་དོན་གང་ཡིན།

  14. མགོན་པོ་ཕྱག་གཉིས་པ། says:
    2008-08-10 at 10:43 pm

    དེ་བསམ་ཚུལ་གང་ཡང་མ་རེད། དེ་གཟུགས་རྒྱན་རེད།

  15. དགེ་ཆོས། says:
    2008-08-10 at 10:53 pm

    ད་ཁྱོད་ཚོས་བཤད་བཤད་པའི་རྔ་མ་ཀླུ་སྨྱོན་མིན་ན་གཉའ་མ་རེད་ལ།

  16. མགོན་པོ་ཕྱག་གཉིས་པ། says:
    2008-08-10 at 11:11 pm

    ད་འདིར་ཧ་མ་གོ་བར་ཁ་གདངས་ནས་སྡོད་མཁན་དེ་འདྲ་ཡོད་སྲིད་ཀྱི་རེད། ཧ་མི་གོ་ན་གཉའ་མ་ཟེར་ན་སྟུ་རེད། དངོས་སུ་ན། གུ་རུ་ཟེར་བའི་ལེགས་སྦྱར་གྱི་སྐད་དེ་བོད་ཡིག་ལ་བསྒྱུར་སྐབས་དོན་གྱི་འབབ་ས་དེ་ཀུན་གྱི་གཉའ་བར་ཡོད་པས་གཉའ་མ་ཞེས་བསྒྱུར་དགོས་རྒྱུ་ལ་སྟུ་ལ་དགའ་མཁན་གྱི་ལོ་ཙྰ་བ་ཞིག་ནས་བརླ་མ་ཞེས་བསྒྱུར་བ་རེད། དེ་ནས་རྗེས་རབས་པ་ཁ་ཤས་ཤིག་དེ་ལ་རྣམ་རྟོག་སྐྱེས་ཏེ་སེམས་ལ་མ་ཤོང་པར་ཅུང་ཟད་ལེགས་བཅོས་ཀྱིས་བླ་མ་ཞེས་གོ་རྒྱུ་ཡོད་པ་ཞིག་ཏུབཅོས།

  17. དགེ་ཆོས། says:
    2008-08-10 at 11:34 pm

    ད་གསར་བུ་ཚོས་ཁ་བརླ་བཞིན་འདུག ལེགས་སྦྱར་སྐད་དུ་གཉའ་མ་ལ་བྷ་ག་ཟེར། འདི་ཙམ་ཞིག་ཤེས་ན་ལེགས། དབྱིན་སྐད་དུ་ཕུའུ་སེས་ཟེར།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།
  • རང་མི་རང་ལས། རང་ཁ་རང་གསོ། རང་དོན་རང་གཅེས། རང་འགན་རང་འཁུར་བྱས་ནས་གཞན་བརྟེན་འཚོ་སྐྱེལ་གྱི་བསམ་བློ་དོར་དགོས་པའི་དུས་ལ་བབས་མི་འདུག་གམ།
  • དྷ་ས་ནས་དིང་རིའི་ས་ཡོམ་ལ་ལྟ་བ།
  • སྤྱི་འཐུས་ཀྱི་འོས་བསྡུའི་ལས་རིམ་དང་འབྲེལ་བའི་སྐོར་ལ་རང་གི་བསམ་ཚུལ་གླེང་བ།
  • ཨ་རྒྱ་ར་གསུམ་གྱི་ཆབ་སྲིད་འགལ་འབྲེལ་བདེན་གཏམ་གཅེར་བུ་མ།
  • མང་གཙོ་ཁྲིམས་ཀྱི་དབང་བསྒྱུར་ནས་དམངས་གཙོ་གྲལ་རིམ་གཅིག་བསྡུས་ལ་ཁ་ཕྱོགས་པ་མ་རེད་དམ།

ཉེ་ཆར་གྱི་མཆན་བུ།

  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།
  • འབྲོང་བུ་སོག་ཚ། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།
  • ཚེ་བརྟན་འགྱུར་མེད། on དིང་རིར་ས་འགུལ་རྒྱུག་ནས་དྷ་ས་སེམས་འགུལ་ཐེབས།
  • ཀླུ་སྨྱོན་ཧེ་རུ་ཀ on སྐལ་བཟང་ཟླ་བ་མཐོ་རིས་བོ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།   (58)
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ། (42)
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།   (31)
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ། (25)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme