གངས་དཀར་སེམས།
བུ་ཆུང་དགའ་དགའ།
ཚེ་དབང་ནོར་བུ།
རང་ལོ་ཉེར་དྲུག་སྐབས་སུ།
དོ་ཟླ་མེད་པའི་རིགས་ཞེན་གྱིས།
མེ་ལྷ་དང་ལྡེབས་ནས་ས་ཆེན་པོར་སོང་ཟིན།
སེམས་ཉེ་བར་ཤོར་འགྲོ་བའི་ངའི་སེམས་ཚོར་སྦྲགས།
ཁྱེད་ཀྱི་ལང་ཚོ་དར་བའི་འཛུམ་ཆུང་།
གཞན་དང་མི་འདྲ་བའི་ཡ་རབ་ཀྱི་སྤྱོད་པ།
ངའི་མཐོང་སྣང་ལ་ཁྱོད་ནི།
བག་ཡོད་དལ་ལྷོད་སྙིང་རྗེ་ཅན་ཞིག་ཡིན།
ཁྱེད་ལ་གཏིང་རིང་བའི་ཚོར་འདུ་ལྡན་པའི་མི་གཤིས་དང་།
བཅོས་མིན་རང་ཆས་སུ་ལྡན་འདུག་པ་དེ་ངས་ཤེས་ཡོད།
ངས་དེ་སྔོན་ནས་ངོ་མ་ཚང་མ་ཤེས་ཡོད། བུ་ཆུང་ནོར་བུ་ལགས།
ཁྱེད་ཀྱིས་གླུ་གཞས་ནང་།
( སེམས་བཅོལ་ས་དེ་)
རང་ཁྱིམ་ཁ་བ་ལྗོངས་དེ་ཡིན་པ་ངས་ཤེས་ཡོད།
ཕ་ཡུལ་བོད་ནས།
ཁྱེད་ལ་ ( ཚང་མ་ཁྱེད་ཀྱིས་གནང་བྱུང་།
ཁྱེད་ལས་བཀའ་དྲིན་ཆེ་བ་མེད།)
( བྱམས་དང་བརྩེ་བ་ཁྱེད་ཀྱི་སྙིང་རེད།)
གངས་ཅན་པའི་ཟས་མཆོག་ནི།
( ཟས་རིགས་སྣ་མང་ཟས་མྱོང་ཡང་།
རྩམ་པ་ལགས། ཁྱོད་ཀྱི་བྲོ་བ་ནམ་ཡང་བརྗེད་མི་སྲིད།
ཁྱོད་ལས་དྲིན་ཆེ་བ་མེད།
ངའི་ལུས་སྟོབས་འདི།
ཁྱོད་ཀྱིས་རྒྱས་བྱུང་།
ངའི་སེམས་ཤུགས་དེ། ཁྱོད་ཀྱིས་གནང་བྱུང་།
ཁྱོད་ལས་དྲིན་ཆེ་བ་མེད། )
གངས་ལྗོངས་ཕ་སར་བཅང་བའི་ལྷད་མེད་ཀྱི་བརྩེ་བ་དེ་གླུ་རུ་ལེན་མྱོང་།
སྙིང་ཁྲག་གིས་ཚོས་པའི་རིགས་ཞེན་གྱི་བསྟོད་པ་ནི།
( སྔོ་ལྗང་ཟས་རིགས་ཟེར་ན་ཁྱེད་ཀྱི་མིང་རེད།
གཞན་ལ་གནོད་འཚེ་མེད་པ་ཁྱེད་ཀྱི་གཤིས་རེད།
བྱམས་དང་སྙིང་རྗེ་ལྡན་པ་ཁྱེད་ཀྱི་སེམས་རེད།)
སོགས་གྱེར་ཡོད།
བུ་ཆུང་ནོར་བུ་ལགས།
དོན་ངོ་མ་ངས་སྔོན་མ་ནས་ཤེས་ཡོད།
ཁྲ་ཁྲ་ཟིང་ཟིང་གི་བོད་རྒྱ་གཉིས་ཀྱི་གྲོང་ཁྱེར་ཆེན་མོའི་ནང་།
ཁྱེད་གང་སར་སྤྲང་འཁྱམ་རྒྱག་རྒྱུར་དགའ་བའི་འཁྱམ་པོ་མིན་ལ།
མི་ཚོགས་འདུས་སའི་ཁྲོམ་ཆེན་དབུས་སུ།
ཁྱེད་དེང་རབས་ཅན་དུ་རློམ་རྒྱུ་དངུལ་དངོས་ཀྱིས་བཅོམས་སོང་བའི་བྲན་ཕོའང་མིན།
ཁྱེད་ཀླད་སྟོང་གཞན་ཟེར་རྗེས་འབྲང་གི་རྒྱུག་ཁྱི་མིན་ལ།
ཁྱེད་དུས་ཚོད་གང་ཆོད་བྱེད་མཁན་མགོ་བདེ་དྲན་འཕྲུལ་གྱི་བྱ་སྤུ་ལྟ་བུའང་རེད་མི་འདུག
གཞས་པ་བུ་ཆུང་ཚེ་དབང་ནོར་བུ་སྟེ།
ཤེས་ཡོན་རྭ་བར་འགྲིམས་མྱོང་བའི་བོད་ལྗོངས་སློབ་གྲྭ་ཆེན་མོའི་སློབ་མ་རེད།
གཞོན་ནུ་ཚེ་དབང་ནོར་བུ་ནི།
མང་པོས་དགའ་སྣང་བྱེད་ས་བོད་ཀྱི་གཞས་པ་གྲགས་ཅན་ཞིག་རེད།
ངས་དེ་རེད་ཟེར་དགོས་དོན་ཡང་།
གཞིས་སུ་ཡོད་པའི་མདོ་དབུས་ཁམས་གསུམ་གྱི་སྤུན་ཟླ་ཚོས་ཤེས་ཀྱི་རེད།
བོད་ཨིན་རྒྱ་སྐད་ཡིག་གསུམ་སྤྱོད་དེ།
རང་ཁ་བའི་མི་རིགས་ལ།
ལང་ཚོ་དར་བའི་བོད་ཀྱི་གཞོན་ནུ་འདིས།
ལུས་ངག་ཡིད་གསུམ་དྭངས་གཙང་གི་འདུན་མ་མངོན་ནས།
སྙིང་སྟོབས་དེས་སེམས་ཐག་རྦེད་བཅད་ཀྱིས།
རང་ལུས་མཆོད་མེར་སྒྲོན་ཡོད།
ངས་ངོ་མ་སྔོན་མ་ནས་ཤེས་ཡོད།
བུ་ནོར་བུས་མགོ་བོ་ནམ་མཁར་ཕྱོགས་ཏེ།
སྙིང་གཏམ་གླུ་ངག་ལ་གྱེར་ཟིན་པ་ཤེས་ཡོད།
( བསམ་རྒྱུ་ཁྱེད་ལས་མི་གདའ།
དྲན་རྒྱུ་ཁྱེད་ལས་མི་གདའ།
ཁྱེད་ཆེད་དུ་ལང་ཚོ་གཏོང་ན་འགྱོད་པ་མེད།
ལང་ཚོའི་གཟུགས་པོ་གསེར་དང་འདྲ།
གསེར་གསེར་སྲང་བརྒྱ་ཡིས་དོ་ཟླ་མེད།)
བུ་ནོར་བུའི་རིན་བྲལ་གྱི་ལང་ཚོ་དེ།
རང་མི་རིགས་འདིར་ལེགས་སྐྱེས་ཕུལ་སོང་།
བུ་ཆུང་ནོར་བུ་མེ་ལྷ་དང་ལྡེབས་ནས་སོང་ཚུལ་ཐོས་ནས་བཟུང་།
ངའི་མིག་ནང་གི་མཆི་མ་ལམ་སེང་འགོག་མ་ཐུབ།
བུ་ཆུང་ནོར་བུས་སོ་སོའི་ལུས་ངག་ཡིད་གསུམ་གྱིས།
གསེར་སངས་བརྒྱ་ཡིས་མི་ཁུག་པའི་ལང་ཚོ།
བསམ་རྒྱུ་དྲན་རྒྱུ་གཅིག་ལས་མེད་པའི།
རང་མི་རིགས་འདིར་ཕུལ་དུས།
བུ་ཆུང་ཚེ་དབང་ནོར་བུ་གཙོས་མང་པོ་སོང་ཤུལ་དུ།
ངའི་སེམས་པ་སྡུག་ལས་གྲོལ་མ་ཐུབ་པ་ལུས་ཡོད།
ད་དུང་ཡང་།
བུ་ཆུང་ནོར་བུའི་འཛུམ་ཆུང་དེ་ངའི་སེམས་སུ་ཝ་ལེར་ཡོད།
ད་དུང་ཡང་།
ངའི་རྣ་བའི་ཟུར་དུ་ཁྱོད་ཀྱིས་གྱེར་བཞིན་པའི།
སེམས་ཀྱི་དབྱངས་རྟ་རེ་རེ།
( ལང་ཚོ་ནི་ནོར་བུ་རེད།
རིན་ཆེན་ནོར་བུ་རེད།
ང་ཚོའི་ལང་ཚོ་ཡིན།)
ཞེས་དང་།
ཁ་བ་གངས་ཅན་པའི་ཕ་ས་དེ།
ཁྱོད་ཀྱིས་ ( ངའི་རྨི་ལམ་ནང་གི་ཞིང་ཁམས།
ཕ་ཡུལ་ལས་སྐྱིད་འདྲ་གང་ནའང་མི་འདུག
སེམས་བསམ་པ་དཀར་ས་ཕ་ཡུལ་རེད། )
ཅེས་གླུ་ངག་ལ་ལེན་ནས་ཞིང་ཁམས་གཞན་ལ་ཆས་སོང་བ་ཤར་ཡོང་།
བུ་ཆུང་ཚེ་དབང་ནོར་བུ།
ངའི་སྙིང་ནས་གཅེས་པར་འོས་པའི་བོད་ཀྱི་ཕ་བཟང་བུ།
གལ་ཏེ་སྟིང་ལྷ་ཡུལ་དུ་ཕེབས་ལམ་ནས།
འགག་སྒོར་དཀའ་ཁག་འདྲ་འབྱུང་ན།
ངག་ནས་མ་ཎི་འབྲུ་དྲུག་གྱེར་འདོན་བྱེད་རྒྱུ་མ་བརྗེད།
བུ་ཆུང་ཚེ་དབང་ནོར་བུ་ཁྱེད་ལ་དུང་མཁན་ཚང་མས།
བུ་ཆུང་ནོར་བུ་མི་ལུས་གཞན་ལ་འཕོས་ཚེ།
སླར་ཁྱོད་ཀྱི་སེམས་ཁོང་རུས་པའི་གསེང་ནས་དུང་ས་དང་།
བླ་འཁོར་ས་བོད་ཁ་བ་གངས་ཅན་པའི།
སྐྱེ་བ་ཕུལ་དུ་བྱུང་བ་ཞིག་ལ་བསྒྱུར་ནས།
ཕེབས་ཤོག་ཨང་། ཞེས་ངུ་འབོད་བྱེད་བཞིན་པ་མ་བརྗེད།
ང་ཚོར་བུ་ཆུང་ནོར་བུ་ཁྱེད་འདྲ་མཁོ།
དེ་སྔོན་ནོར་བུས་ས་གྲགས་གནམ་གྲགས་ཀྱིས།
བོད་རྒྱ་གཉིས་ཀྱི་ས་མང་པོར་སྙན་གྲགས་བཞག་ཟིན་པ་ལྟར།
དཔའ་བོ་དང་ཕོ་རབ་ཚེ་དབང་ནོར་བུ།
བུ་ཆུང་ཁྱོད་ནང་བཞིན་ང་ཚོར་ལ་ཧ་ཅང་མཁོ་བ་མཁྱེན་ནས།
སླར་བོད་ཁ་བ་གངས་ཅན་གྱི་ལྗོངས་སུ།
གང་མགྱོགས་མྱུར་དུ།
ཕེབས་ཤོག་ཨང་།
ཨོ་གླིང་རང་ཤག་ཏུ།
ཕྱི་ལོ་ ༢༠༢༢ ཟླ་ ༣ ཚེས་ ༨ ཉིན་བྲིས།
མཆན། () གུགས་རྟགས་ནང་གི་ཚིག་ཚེ་དབང་ནོར་བུའི་གཞས་ཚིག་ཡིན།