འབའ་སྲས།
ཁ་སང་བདེ་ལ་སྐྱིད་པའི་རང་ཁྱིམ་ནས།།
ཕ་མ་ལྷན་དུ་འཛོམས་པའི་དགོད་སྒྲ་མཆིས།།
དེ་རིང་འཇིགས་ཤིང་སྐྱོ་བའི་འཇིག་རྟེན་ཞིག །
གློ་བུར་ཉིད་དུ་སྲོག་གི་གཤེད་མར་གདེངས།།
འཆི་བ་མི་རྟག་ཡིན་པས་མི་འཆི་བ།།
སུ་དང་གང་གིས་བཟློག་པར་མི་འགྱུར་ཀྱང་།།
གློ་བུར་ཉིད་དུ་ཚེ་སྲོག་ཁྲི་མ་འབུམ།།
ལྷན་ཅིག་འཕྲོག་པའི་གཤེད་འདི་ཨ་ཙ་མ།།
ལས་ཀྱི་ཐག་ནག་དགེ་སྒྲུབ་གྲི་ཡིས་ཆོད།།
འཆི་བ་མི་རྟག་རིང་དུ་དགེ་བས་བསྲིངས།།
འོན་ཀྱང་ས་ཆེན་གཡོ་བའི་གཤེད་ཀྱི་ཁ།།
ཕྱིར་ཕྱིར་བཟློག་པ་མགོ་ནག་མི་ལ་མེད།།
ས་དཔྱད་མཁན་པོའི་ལག་ན་སྔོན་བརྡའི་ཐིག །
མོ་བ་རྩིས་པའི་ཕྱག་ན་སྐྱུར་རུ་ར།།
འདས་དང་མ་འོངས་ལམ་སྟོན་ལྷག་པའི་ལྷ།།
འདི་དག་ཚང་མ་དེ་རིང་གང་དུ་བྲོས།།
ས་ལ་གཟིགས་པའི་དགུང་ན་གནམ་ཞིག་ཡོད།།
ས་ལ་བདུད་རྩི་སྩོལ་བའི་ཆར་ཞིག་ཡོད།།
ས་ཆེན་ཡོམ་ཡོམ་འདར་བའི་ཉིན་མོ་འདིར།།
གནམ་རྒན་མ་ཡི་མིག་རྡོ་སུ་ཡིས་བྲུས།།
མི་རོ་འབུམ་ཕྲག་གྱང་རོ་གསེབ་ཏུ་ལྷུང་།།
ངུ་འབོད་ཀྱེ་ཧུད་ས་ན་འབྲུག་བཞིན་ལྡིར།།
ཤིན་ཏུ་གདུང་བའི་མིག་ཆུ་ཆར་ལྟར་བྱོ།།
འདི་དག་ཚང་མ་སུ་ཡི་བུ་ལོན་ཡིན།།
སྐྱིད་པའི་དུས་སུ་ལྷ་ཡང་འཁོར་ནས་ཡོང་།།
སྤྲོ་བའི་ཚེ་ན་གཞི་བདག་ཐམས་ཅད་འདུས།།
མྱ་ངན་སྟོང་གི་འོ་དོད་འབྱིན་པའི་ཉིན།།
གཞི་བདག་ལྷ་ཡང་རྒྱུ་འབྲས་མེད་པ་ཉིད།།
མི་ཡི་སེམས་གསོ་ད་ནི་མི་ཡིས་གསོ།།
མི་ཡི་སྡུག་བསྔལ་འདི་ཡང་མི་ཡིས་འདེགས།།
མི་ཡི་བརྩེ་བ་རོགས་རམ་མི་ཡིས་བྱེད།།
མི་ལས་གཞན་དང་གང་ལ་སྐྱབས་མི་མཆི།།
༡༤/༠༤/༡༤ ཉིན།
ཡག་པོ་བྲིས་དཀའ་དྲིན་ཆེ་།
སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ
སོ་སོའི་རང་དོན། རང་སྐྱིད། རང་བདེ། རང་གྲགས། རང་ཕྱུག་པོར་ཆགས་པ་སོགས་རང་དོན་ཁག་བཅང་གི་ཆེད་དུ་དཀོན་མཆོག་ལ་བོས་ནས་དཀོན་མཆོག་ལ་སྡུག་མི་སྐུལ་ཟེར་ན། ང་ནི་དགའ་བ་ལ། དཀོན་མཆོག་ངེད་ཚད་ནས་ཡིན་རིང་ཙམ་བཞུགས་ཐུབ་པའི་དུས་ཁོམ་བྱུང་རྒྱུ་རེད།