སྤྲུལ་སྐུ་བསྟན་འཛིན་སྐལ་ལྡན།
དགེ་ལུགས་རྒྱུགས་སྤྲོད་ཅེས་ཡོངས་སུ་གྲགས་ཤིང་། སྙན་གྲགས་ལྡན་པའི་རྒྱུགས་སྤྲོད་ཆེན་མོ་དེར་འཛུལ་ཞུགས་གནང་མཁན་གྱི་ཁྲོད་དུ། ད་ལྟའི་ཆར་བཀའ་བརྒྱུད་རྙིང་མ་སོགས་ཆོས་བརྒྱུད་གཞན་དག་ནས་ཀྱང་ཕེབས་ཏེ་དགེ་བཤེས་ཐོན་མཁན་ཉུང་ཤས་ཤིག་འདུག་ཅིང་། ཉིན་འགའི་སྔོན་དུ་རྒྱུད་སྟོད་གྲྭ་ཚང་ནས་ངེད་ལའང་ཇོ་ནང་གི་དགེ་བཤེས་ཞིག་གིས་ཀྱང་རྟགས་གསལ་བཏང་གནང་སོང་བ་དང་། ཁོང་པའང་ཕྱག་དཔེ་མཁས་པའི་གྲས་རེད་འདུག་ལ། འདི་དག་ནི་དགའ་དད་སྤྲོ་གསུམ་གསུམ་གྱིས་ཡིད་སེམས་འཁོལ་བའི་གནས་ཤིག་ཅིའི་ཕྱིར་མ་ཡིན།
སྤྱིར་རྒྱུགས་སྤྲོད་དེར་འཛུལ་ཞུགས་བྱེད་པར་ཕོ་མོ་དང་མི་རིགས། ཆོས་བརྒྱུད། རྒྱལ་ཁབ་སོགས་དབྱེར་མེད་ཀྱི་ཁྱད་ཆོས་ཁག་ལྡན་པ་ནི། གནའ་སྔ་མོར་དཔལ་ནཱ་ལེནྜར་རྒྱལ་ཁབ་དྲུག་ཅུ་ལྷག་གི་སློབ་གཉེར་བ་རྣམས་ཡོང་སྟེ་མཉམ་ཞུགས་གནང་གི་ཡོད་པ་སོགས་དང་ཆ་མཐུན་པ་མང་པོ་ཞིག་ཡོད།
གདན་ས་ཆེ་ཁག་ནས་རྒྱུགས་སྤྲོད་དེར་ཕེབས་མཁན་ཚོ་ནི། རང་རང་སོ་སོའི་གྲྭ་ཚང་ནས་གཞུང་ཆེན་བཀའ་པོད་ལྔ་སོགས་ལ་ལོ་ངོ་བཅོ་བརྒྱད་རིང་རིམ་བཞིན་སློབ་སྦྱོང་དང་རྒྱུགས་སྤྲོད་བྱས་ཏེ་ཐོན་པ་དང་། དེ་རྗེས་སེ་འབྲས་དགེ་གསུམ་ནས་ཐོན་པའི་དགེ་འདུན་པ་རྣམས་གཙོ་བོར་གྱུར་བའི་སློབ་གཉེར་བ་རྣམས་དང་མཉམ་དུ་ལོ་དྲུག་རིང་རྒྱུགས་སྤྲོད་བྱས་ཏེ། དགེ་བཤེས་ལྷ་རམས་པའི་ཤེས་ཚད་དང་ཕྱག་འཁྱེར་འབུལ་བཞིན་ཡོད། ད་ལྟའི་ཆར་རྒྱུགས་སྤྲོད་དེ་དག་གྲུབ་ནས་དགེ་བཤེས་ལྷ་རམས་ཐོན་མཁན་གྱི་ཁོངས་སུ་ཐེ་ཝན་པ་དང་སོག་པོའང་ཉུང་ཤས་ཤིག་ཡོད།
ལར་ནས་འཇིག་རྟེན་འདིའི་སྟེང་གི་གྲུབ་འབྲས་ཡོད་ཚད་དཀའ་སྤྱད་སྡུག་རུས་བྱས་པའི་མཇུག་འབྲས་ཤིག་ཡིན་པ་ནི། རྒྱུ་འབྲས་བསླུ་བ་མེད་པའི་ཆོས་ཉིད་ཅིག་དང་རྟོག་པ་དང་ལྡན་པ་དག་གིས་ཤེས་རྟོགས་ཐུབ་པ་དང་ཐུན་སྣང་དུ་གྲུབ་པ་ཞིག་ཡིན།
དེར་བརྟེན། རྒྱུགས་སྤྲོད་དེ་དག་ལ་མཉམ་ཞུགས་བྱ་རྒྱུར་དཀའ་ལས་མང་བོ་ཞིག་རྒྱག་དགོས་བརྟེན། དགེ་འདུན་པ་ཞིག་གིས་ལོ་མང་བོའི་རིང་དཀའ་ལས་མང་བོ་བརྒྱབ་སྟེ་ལོ་ལྔའི་རིང་རྒྱུགས་འཕྲོད་ཙམ་བྱུང་བར་བརྟེན། རྒྱུགས་སྤྲོད་དེར་མི་འགྲོ་མཁན་གྱི་གྲྭ་བ་ཁ་ཤས་ཤིག་གིས། འཇིགས་མེད་བསྟན་རྒྱས་ཁོ་འདྲ་བས་ཀྱང་རྒྱུགས་འཕྲོད་ན། རྒྱུགས་མི་འཕྲོད་ཡག་གང་ཡོད་རེད་ཅེས་རྒྱུན་དུ་ལྐོག་ལབ་བྱེད་རྒྱུ་ཡོད་པ་དང་། དེ་རྗེས་སྐད་ཆ་དེ་དག་རིམ་གྱིས་འཇིགས་མེད་བསྟན་རྒྱས་ཀྱི་རྣ་བར་ཡང་བྱུང་བར་བརྟེན། ཁོས། རེད་རེད། བོད་ལ་གཏམ་དཔེ་ཞིག་ཡོད་རེད། ཨ་སྦོ་ཧོར་ཐུད་ཟ་གི་ཡོད་པ་མི་ཚོས་མཐོང་གི་ཡོད་རེད། ཨ་སྦོ་ཧོར་ལ་རྒྱག་གི་ཡོད་པ་མི་ཚོས་མཐོང་གི་ཡོད་མ་རེད། ཟེར་བ་ལྟར་ང་འཇིགས་མེད་བསྟན་རྒྱས་རྒྱུགས་འཕྲོད་ཀྱི་ཡོད་པ་མཐོང་གི་ཡོད་རེད། ང་འཇིགས་མེད་བསྟན་རྒྱས་མཚན་ལ་གཉིད་མ་ཁུག་པར་དཔེ་ཆ་སྐྱོར་སྦྱོང་བྱེད་ཀྱི་ཡོད་པ་མཐོང་གི་ཡོད་མ་རེད། ཅེས་པ་དངོས་གནས་རེད།
སློབ་གཉེར་བ་དེ་དག་གིས་ལོ་མང་བོའི་རིང་དཀའ་བ་ཁྱད་དུ་བསད་དེ། སློབ་སྦྱོང་བྱས་པའི་རིག་པའི་གནས་དེ་དག་རྒྱུ་རྐྱེན་མང་བོ་ཞིག་གི་དབང་གིས་རྒྱུན་ལྡན་སྤྱི་ཚོགས་ཀྱི་ཁྲོད་དུ་བེད་སྤྱོད་དེ་ཙམ་གཏོང་ཐུབ་ཀྱི་མེད་པ་དཔེར་ན། དགེ་བཤེས་མང་བོ་ཞིག་གིས་སྐད་ཡིག་གཉིས་པ་གཞན་མི་ཤེས་པ་དང་། བོད་མི་མང་ཆེ་བས་ནང་ཆོས་ཟེར་ན་འདོན་པ་གདོན་རྒྱུ་དང་ཕྱག་སྐོར་སོགས་ཙམ་ལས་དེ་ལ་ལྟ་གྲུབ་ཟབ་མོ་དང་། ཚན་རིག་གི་ཆ། ཚད་མ་རིག་པ། སེམས་ཁམས་རིག་པ་སོགས་ཤེས་དགོས་པ་མང་པོ་ཞིག་ཡོད་པ་སྐྱབས་གཅིག་རྒྱལ་བ་བསྟན་འཛིན་རྒྱ་མཚོས་ལན་གཅིག་ཙམ་མིན་པར་གསུངས་ནའང་རྣ་བའི་རྒྱབ་ཀྱི་ལྷག་པ་ལྟ་བུར་བརྩི་བ་དང་། དེ་ལྟ་མིན་ན་ང་ལྟ་བུའི་མི་ཞིག་གིས་ཀྱང་ཕྱི་རྒྱལ་ཡུལ་གྲུ་རེ་ཟུང་ནས་ནང་ཆོས་ངོ་སྤྲོད་བྱེད་སར་སློབ་དཔོན་ཆེན་མོ་དང་། དགེ་རྒན་ཆེན་མོ་ཡིན་ཟེར་མཁན་མང་བོ་ཡོང་གི་འདུག་པ་དེ་ཚོར་སློབ་སྦྱོང་མེད་པ་ག་ལ་ཡིན། ལར་ནས་བོད་མི་ཚོ་ནི་བླ་ཆེན་རྒྱལ་བ་རིན་པོ་ཆེ་དང་། ས་སྐྱ་བདག་ཁྲི། རྒྱལ་བ་ཀརྨ་པ་ལྟ་བུ་ཉུང་ཤས་ཤིག་ལས་དགེ་འདུན་པ་ཚོར་དད་པ་ཕར་ཟད་གུས་ཞབས་ཙམ་ཡང་མེད་པ་ཞིབ་ཏུ་བསམ་ན་གསལ་བོ་རེད། ཆེས་བློ་ཕངས་པ་ཞིག་ནི་རང་གིས་ནང་ཆོས་མི་ཤེས་མི་སྦྱང་བཞིན་དུ་ནང་ཆོས་ཀྱི་ནང་དུ་འདི་དང་འདི་བཤད་ཀྱི་ཡོད་རེད་ཅེས་རང་གིས་རྟོག་བཟོ་བྱས་ཏེ། ནང་ཆོས་ཀྱི་ནང་དུ་མེད་པ་ཞིག་ནང་ཆོས་ཀྱིས་བཤད་ཀྱི་ཡོད་རེད་ཟེར་བ་དེ་རེད།།