ཁུ་ནུ་བསྟན་འཛིན་ཡོན་ལྡན།
དུས་ཟེར་བ་དེ་ཅི་འདྲའི་བཙན་པོ་ཞིག་རེད་ཨང་། བདག་གི་བཀའ་དྲིན་ཅན་གྱི་དགེ་རྒན་དགེ་བཤེས་བློ་བཟང་དོན་ལྡན་མཆོག་ཞིང་ལ་གཤེགས་ནས་བགྲང་བྱ་དྲུག་འཁོར་སོང་། ལོ་ངོ་དྲུག་པོ་དེ་དག་གི་རིང་རྒན་ལགས་ཁོང་ཁོ་བོའི་དྲུང་དུ་བཞུགས་ཡོད་པའི་ཚོར་བ་སྐྱེ་བ་ནི་ཉིན་གཅིག་ག་ལ་ཡིན། དེ་ནི་ཁོང་གི་ལྷད་མེད་ཀྱི་བྱམས་བརྩེ་ཡིད་ལ་དྲན་ཞིང་། རྩ་ཆེའི་བསླབ་གདམས་སེམས་ལ་བཟུང་བས་ཡིན། རྒན་དམ་པ་ཁོང་ནི། བོད་དུ་རྒྱ་དམར་གྱིས་བཙན་འཛུལ་བྱས་ཏེ་༧གོང་ས་མཆོག་སྐུ་འཁོར་ལྷན་རྒྱས་རྒྱ་གར་དུ་ཆིབས་ཞལ་བསྒྱུར་སྐབས་ཁོང་ཡང་བོད་ནས་རྒྱ་གར་དུ་བྲོས་བྱོལ་ཕེབས་ཏེ་ཐོག་མར་སྦག་ས་ཆོས་སྒར་དུ་བཞུགས། དེ་རྗེས་རྒྱ་གར་ལྷོ་ཕྱོགས་གདན་ས་ཆེན་མོ་དགའ་ལྡན་ཤར་རྩེ་ཐོས་བསམ་ནོར་གླིང་གྲྭ་ཚང་དུ་ཕེབས། ཁོང་ནི་སྐུ་གཟུགས་རིད་ལ་ཅུང་སྒུར་བ་དང་། བཞིན་གྱི་རྣམ་འགྱུར་ཁྲོ་ཙམ་ཡོད། ཁོང་ལ་དབུགས་མི་བདེ་བའི་ནད་ཡོད་པས་ཞལ་ནས་དབུགས་ཕྱུང་བའི་སྒྲ་ཐོན། ཁོང་ནི་ཆོས་སེམས་ཆེ་ལ་ཕྱག་མོ་ཐིག་པོ་ཞིག་ཡིན། བཞེས་ཟས་གཡོ་སྦྱོར་ལའང་མཁས། ང་རང་ཆུང་བྱིས་པའི་དུས་ནས་རྒན་དམ་པས་ཕ་མ་བཞིན་དུ་ཟ་ལུགས་འཐུང་ལུགས་ནས་མི་གཅིག་གི་མི་ཚེ་ལ་ཕན་པའི་བླང་དོར་གྱི་གནས་དང་བསམ་བློའི་ཁྱེར་སོ་བཅས་པ་ཁོང་གིས་བསླབ་གནང་བྱུང་། ཁོང་གིས་རྒྱུན་དུ། འཇིག་རྟེན་པའི་རབ་ལས། ཆོས་པའི་ཐ་སྐྱིད་ཅེས་པའི་བསླབ་ཚིག་དེ་ཡང་ཡང་དྲན་གྱིན། རྒན་དམ་པ་ཁོང་ནི་ལ་ཕུག་དང་སི་པན་མཉམ་སྦང་བྱས་པ་བཞེས་རྒྱུར་མཉེས་པས། ཞིང་ལ་གཤེགས་པའི་སྔ་ཉིན་དེར་ངས་ཁྲོམ་ནས་ལ་ཕུག་ཉོས་ཏེ་ཆུ་ནང་སྦངས་ནས་ཁོང་གི་གསོལ་ལྕོག་འོག་ཏུ་བཞག་པར། ཁོང་གིས་ “ང་ཆབ་གསང་འགྲོ་བར་རོགས་གྱིས་” གསུངས་བྱུང་། དེ་སྔ་ཕར་ཚུར་ཕེབས་སྐྱོད་ལ་ཕྱག་རོགས་མི་དགོས་པས། ད་རེས་ང་ལ་རོགས་གྱིས་གསུངས་དུས་རྒན་ལགས་ལ་སྙུང་གཞི་ཕོག་མེད་དམ་སྙམ་བྱུང་། ཁོང་ལ་དེའི་སྐོར་བཀའ་འདྲི་ཞུས་པས་གང་ཡང་མི་འདུག་གསུངས་བྱུང་། ཕྱི་ཉིན་སྔ་དྲོ་ཆུ་ཚོད་བརྒྱད་པ་ཙམ་ལ་ཁོང་གི་གཟིམ་ཤག་ཏུ་ ཕྱིན་པས། ནང་ནས་སྒོ་རྒྱག་ཡོད་པས་སྒོ་ཇི་ཙམ་བརྡུངས་ཀྱང་ཨ་ལན་གནང་མ་བྱུང་། སྒོ་བརྡུང་ཐེངས་རེར་ཁོ་བོའི་སྙིང་གི་འཕར་ལྡིང་ཇེ་མགྱོགས་སུ་ཕྱིན། དེ་ནས་ངས་ཤག་རྒྱབ་ཀྱི་སྒེའུ་ནས་བལྟས་པས་ཁོང་ནི་གཡོ་འགུལ་ཅི་ཡང་མེད་པར་མལ་ཁྲི་སྟེང་དུ་གཟིམས་བཞུགས་འདུག ངས་སྒེའུ་ལས། རྒན་ལགས། རྒན་ལགས། ཞེས་ཐེངས་མང་བོས་ཀྱང་འཇམ་ཐིང་ངེ་ཡིན་པས། ངའི་སྙིང་ནས་བཞུར་བའི་མིག་ཆུའི་རྒྱུན་དེ་སུ་ཡིས་འགོག་ནུས། དེ་ནས་ཅི་བྱེད་འདི་བྱེད་མེད་པར་ཡང་བསྐྱར་སྒོའི་ཕྱོགས་སུ་ཕྱིན། སྒོ་ཤུགས་ཀྱིས་འབུད་དེ་ནང་དུ་ཕྱིན་པར། ཁོང་ནི་སེང་གེའི་གཟིམ་སྟབས་ཀྱིས་མནལ་ཅིང་། ཞལ་གྱི་གཟི་མདངས་སྔར་ལས་ལྷག་པ་ཧ་ཅང་ཞི་བའི་ངང་ནས་ཐུན་ལ་བཞུགས་འདུག ཁོང་གིས་རྣམ་ཀུན་ “འཇིག་རྟེན་པའི་རབ་ལས། ཆོས་པའི་ཐ་སྐྱིད།” གསུངས་བ་ཡིད་ལ་དྲན་ནས་སྔར་ན་མེད་པའི་དད་པ་ཞིག་གིས་ལུས་ཀྱི་བ་སྤུ་ཡང་ལྡང་བར་བྱས། ཁོང་གི་ཞབས་ལ་གཏུགས་ཏེ་ཆོས་གོས་སེར་པོ་ཞིག་སྐུ་ལ་གཡོགས། སྐབས་དེར་བྱི་ཕྲུག་ཐང་ལ་ལུས་པ་ལྟ་བུ་ང་རང་མི་ཡུལ་འདིར་ཁེར་རྐྱང་དུ་ལུས་པའི་ཚོར་བ་ཞིག་བྱུང་། ད་ཆ་ཕྲན་ལ་སྒོ་གསུམ་གྱི་ལེགས་ཆ་ཕྲ་མོ་ཅི་ཞིག་ཡོད་ཚེ་དགེ་རྒན་དམ་པ་ཁོང་གི་བྱམས་སྐྱོང་དང་བསླབ་བྱ་ལ་བརྟེན་ནས་བྱུང་བའི་འབྲས་བུ་ཡིན། ཁོང་དང་གཏན་དུ་བྲལ་བའི་ཉིན་མོ་དེ་ནི་ཅི་འདྲའི་བརྗེད་དཀའ་བའི་ཉིན་མོ་ཞིག་རེད་ཨང་། འབྲས་ལྗོངས་རྣམ་རྒྱལ་གསོ་རིག་མཐོ་སློབ་ཀྱི་རང་ཤག་ཏུ་རྒན་དམ་པའི་ཞལ་གྱི་དཀྱིལ་འཁོར་དྲན་བཞིན་དུ་སྤྱི་ལོ་ ༢༠༢༠ སྤྱི་ཟླ་ ༡༢ ཚེ་ ༥ ལ་ཤར་མར་བྲིས༎