༼དངོས་བྱུང་ལ་གཞི་བྱས་ནས་བྲིས།༽
སྤོབས་པ་མཐའ་ཡས།
དུས་རབས་ཉེར་གཅིག་པ་ཚེས་ནས་ལོ་གཉིས་ལྷག་འདས་རྗེས་ཀྱི་ཉིན་ཞིག་གི་ཞོགས་པ་དེར་ང་རྡེ་རུ་རྡུན་དུ་ཡོད་པའི་དོན་གྲུབ་གླིང་བོད་མིའི་གཞིས་སྒར་གྱི་སྨིན་གྲོལ་གླིང་དགོན་པའི་མགྲོན་ཁང་དུ་ཡོད། ང་ལ་སྨན་རྩིས་ཁང་གི་ལོ་ཐོ་དེབ་ཆུང་ཞིག་ཡོད་པ་དེར་རྒྱུན་དུ་དྲན་ཐོ་འབྲི་བ་དང་མཚམས་རེར་ཉིན་ཐོ་ལྟ་བུ་ཚིག་རེ་ཟུང་ཡང་འབྲི། ངས་ལོ་ཐོ་དེབ་ཆུང་དེ་ཕྱིར་བཏོན་ནས་ལྟ་སྐབས་ཉིན་དེ་ནི་ངའི་ཕ་རྒན་གྲོངས་ནས་ལོ་བཞི་འགོར་བའི་ཚེས་གྲངས་ཏག་ཏག་དེར་ཁེལ་འདུག བསྔོ་རྟེན་ཞིག་ཕུལ་བསམ་ནས་དགོན་པའི་ཡིག་ཚང་ཕྱོགས་སུ་ཆས། ཉིན་དེར་གནམ་གཤིས་གྲང་མོ་ཞིག་བསྟན་འདུག ཆར་བ་ཐར་ཐོར་རེ་ཡང་འཐོར་གྱིན་འདུག དགོན་པའི་གྲྭ་ཆུང་ཁ་ཤས་ཤིག་གིས་གཟན་མགོ་ཐོག་ཏུ་བཀབ་ནས་ཆར་བ་འགོག་ཐབས་བྱེད་ཅིང་འདུ་ཁང་གི་ཕྱོགས་སུ་རྒྱུག་གིན་འདུག བལྟས་ཚོད་ལ་འདོན་ཚོགས་ཤིག་ལ་འདུས་གྲབས་ཡོད་པ་འདྲ།
ང་དགོན་པའི་ཡིག་ཚང་གི་མདུན་དུ་སླེབས་སྐབས་བུད་མེད་ལོ་ན་ལྔ་བཅུ་ཡས་མས་སུ་སླེབས་ལོས་ཡོད་སྙམ་པ་ཞིག་ཡིག་ཚང་གི་སྒོ་ཁར་སླེབས་ནས་ལག་གི་ཆར་གདུགས་ནག་པོ་དེ་མར་བསྐུམས་ཤིང་རྩེ་ཐུར་དུ་བསྟན་ནས་དཀྲུགས་དཀྲུགས་ཤིག་བྱས་རྗེས་ཡིག་ཚང་དུ་འཛུལ་སོང་། ང་ཡིག་ཚང་ནང་དུ་སླེབས་སྐབས་བུད་མེད་དེ་ཡིག་ཚང་གི་གྲྭ་བ་དེའི་ཁ་གཏད་དུ་འདུག་སྟེགས་སྒང་དུ་བསྡད་ནས་རས་ཀྱི་དངུལ་ཁུག་རྙིང་པ་སྒོར་སྒོར་ཆུང་ངུ་ཞིག་སྔོགས་བཞིན་འདུག
ཀོ་བ་ནག་པོའི་ཤུན་པ་ཅན་གྱི་སྐུབ་སྟེགས་འཁོར་ལོ་མའི་སྟེང་དུ་བསྡད་ཡོད་པའི་གྲྭ་བ་ན་གཞོན་དེས་མདུན་ཅོག་འཐེན་སྒམ་ཁ་ཕྱེ་ནས་འཛིན་ཤོག་བྲི་སའི་དེབ་ཆུང་ཞིག་ཕྱིར་བཏོན་ནས། ”ག་རེའི་ཆེད་དུ་ཡིན།” ཞེས་དྲིས་བྱུང་།
བུད་མེད་དེས་མགོ་མདུན་དུ་སྒུར་ནས་གྲྭ་བ་དེའི་གདོང་པ་ལ་ཐག་ཉེ་ཐབས་བྱས་ནས་སྐད་གདངས་དམའ་ཙམ་གྱིས། “གནང་ཉིན་ངའི་བུ་མོས་ཝི་ཟ་ཞུ་གི་ཡོད་རེད། བར་ཆད་ལམ་སེལ་དང་སྒྲོལ་མ་འདོན་རོགས།” ཞེས་ལབ་སོང་།
མོས་ལས་ཀ་ཚར་བ་དང་ཕྱིར་ཆས་སོང་། དེའི་རྗེས་ལ་ངས་ཕ་འདས་པོའི་ཆེད་དུ་བསྔོ་རྟེན་ཕུལ།
ང་ཕྱིར་འགྲུལ་ཁང་དུ་ཡོང་ནས་ཁང་གླ་རྩིས་བརྒྱབ། འཁུར་ཁུག་ཁུར་ནས་གྲོང་སྡེའི་ཕྱིའི་གླ་འཁོར་སྒུག་ས་དེར་ཡོང་། ལམ་བར་དུ་གོང་ཐང་ཚུལ་ཁྲིམས་ཀྱི་དྲན་རྟེན་མཆོད་རྟེན་དེ་ལ་ཞིབ་ལྟ་ཞིག་བྱས། ང་འགྲུལ་འཁོར་བསྒུག་ས་རུ་སླེབས་དུས་ངས་དགོན་པའི་ཡིག་ཚང་དུ་མཐོང་བའི་བུད་མེད་དེ་ད་དུང་དེར་བསྡད་འདུག
མོས་ང་ལ་བལྟས་ནས། “ཁྱེད་ག་བར་འགྲོ་གི་ཡིན།” ཟེར།
ངས། “ང་འགྲུལ་འཁོར་འབབ་ཚུགས་གསར་པར་འགྲོ་དགོས།” ཞེས་བཤད།
ངེད་གཉིས་གླ་འཁོར་རྐང་གསུམ་ཞིག་གི་ནང་ལ་ལྷན་དུ་གྲོང་ཁྱེར་དཀྱིལ་བར་དུ་ཡོང་། ལམ་བར་དུ་ངས་མོ་ལ་ང་དྷི་ལིར་འགྲོ་མཁན་ཡིན་ཚུལ་བཤད།
མོས། “ཁྱོད་ཀྱིས་ཅ་ལག་ཅིག་ཁྱེར་ཐུབ་ཀྱིན་ཡོད་དམ།” ཟེར།
ངས། “ཅ་ལག་ཆུང་ཆུང་ཞིག་ཡིན་ན་ལོས་ཐུབ། ཅ་ལག་ག་བར་ཡོད།” ཅེས་དྲིས།
མོས་ཅ་ལག་ཆུང་ཆུང་ཞིག་ལས་མེད་ཚུལ་དང་ཅ་ལག་དེ་ཁྱིམ་དུ་ཡོད་པས་འགྲུལ་འཁོར་འབབ་ཚུགས་སུ་མགྱོག་པོར་ཁྱེར་ཡོང་རྒྱུ་ཡིན་ཚུལ་བཤད་བྱུང་།
མཇུག་མཐར་ངས། “ངའི་འགྲུལ་འཁོར་ཆུ་ཚོད་བཅུ་གཅིག་གི་སྟེང་ལ་ལམ་དུ་ཆས་ཀྱིན་ཡོད་པས་དེའི་བར་དུ་སླེབས་པ་གྱིས།” ཞེས་ལན་བཏབ།
ངའི་འགྲུལ་འཁོར་ལམ་དུ་མ་ཆས་གོང་ལ་ཅ་ལག་ཁྱེར་ནས་སླེབས་བྱུང་། ཅ་ལག་ཆུང་ཆུང་དེ་གང་ཡིན་མི་ཤེས། ཚགས་པར་ཁ་ཤས་ཤིག་གིས་བཏུམས་ནས་འགྱིག་ཤོག་ཁུག་མ་ཞིག་གི་ནང་ལ་བཅུག་འདུག སྟེང་དུ་སྤྲད་ཡུལ་གྱི་ཁ་པར་ཨང་གྲངས་བྲིས་འདུག གྱོན་ཆས་ཤིག་ཡིན་ནམ་སྙམ་པ་ཞིག་འདུག
ངས་རྩེད་མོའི་ཚུལ་དུ། “ངས་འདི་ཁྱེར་ནས་ག་ཤེད་ཅིག་ཏུ་བྲོས་སོང་ན་ག་རེ་བྱེད་ཀྱི་ཡིན།”
མོས་ཐལ་མོ་བྲང་ཁར་གཏུག་ནས། “ག་བ་ག་བ། དཀོན་མཆོག་གསུམ་པོས་གཟིགས་ཡོད་རེད་ད།”
ངས། “ང་དཀོན་མཆོག་གསུམ་ཟེར་བ་དེ་འདྲ་ལ་དད་པ་འཇོག་ཤེས་མཁན་གང་ཡང་མིན་ད།”
མོས། “ད་ག་རེ་གསུང་གིན་ཡོད། ད་ནང་ཞོགས་པ་ངེད་གཉིས་སྨིན་གྲོལ་གླིང་དུ་སྐྱབས་འཇུག་ཞུ་རུ་མཉམ་པོར་སླེབས་མ་སོང་སམ། དད་པ་མེད་ན་འདི་འདྲའི་གནམ་གཤིས་སྡུག་པོ་ཞིག་གི་ནང་ལ་དགོན་པར་སྐྱབས་འཇུག་ཞུ་སར་འགྲོ་གི་མ་རེད་ད།” ཟེར་ནས་སྤྲིན་ནག་ལྷོག་ལྷོག་ཏུ་ཁོལ་བཞིན་པའི་གནམ་ལ་མཛུབ་མོ་ཀེར།
དེར་ངས་ཁ་ཐུག་ཏུ་ལན་འདེབས་ཐུབ་མ་སོང་། ངེད་གཉིས་ཀ་གད་མོ་ཐུང་ཐུང་ཞིག་བགད། ང་འགྲུལ་འཁོར་དུ་འཛུལ་ནས་ཡུན་རིང་མ་འགོར་བར་ལམ་དུ་ཆས།
དྷི་ལིའི་མ་ཇུ་ནུ་ཀ་ཏྲི་ལར་སླེབས་པའི་མཚན་མོ་དེར་ང་ཞི་བདེ་མགྲོན་ཁང་གསར་པར་བསྡད། ཕྱི་ཉིན་ཞོགས་པར་ཅ་ལག་སྤྲད་ས་དེར་ཁ་པར་བཏང་། ཅ་ལག་ལེན་མཁན་དེ་བུ་མོ་ཞིག་རེད། ལོ་ན་ཉི་ཤུར་སོན་ཙམ་ལ་གཟུགས་པོ་ཕྲ་ཞིང་སྐྲ་ལོ་གནག་པོ་འོད་འཁྱུག་འཁྱུག་ཅིག་རྒྱབ་དུ་གཟར་འདུག མོས་ང་ལ་ཐུགས་རྗེ་ཆེས་བརྗོད་ནས་ཅ་ལག་དེ་བཟུང་ཞིང་ཕྱིར་ལོག་སོང་། དེ་མ་ཐག་ངའི་སེམས་ལ་ཕྱི་རྒྱལ་དུ་འགྲོ་མཁན་གྱི་བུ་མོ་དེ་འདི་ཡིན་ངེས་རེད་སྙམ། གཞིས་ཆགས་བུ་མོ་འདི་ཚོར་སྐྱེ་གཟུགས་རྣམ་པ་འདུག་ཨང་སྙམ་ནས་མོ་ངའི་མཐོང་ལམ་ལས་མ་ཡལ་བར་དུ་མིག་སྐྱེལ་བྱས། ཉིན་དེའི་ཕྱི་དྲོར་ངའི་གྲོགས་པོ་བཀྲ་བཟང་ལགས་དང་འཕྲད། ངེད་གཉིས་ཀྱིས་བར་དོའི་འཕྲངས་ལས་དོག་པའི་སྲང་ལམ་དེའི་ཟུར་ཞིག་ཏུ་ཇ་མངར་ཤེལ་ཕོར་གང་རེ་འཇིབ་ཞོར་དུ་ཀི་རོམ་རྩེད་བཞིན་གླེང་མོལ་མགོ་ཚུགས། བཀྲ་བཟང་ལགས་ང་དང་ཕ་ཡུལ་གཅིག་པ་ལྟ་བུ་མིན་ན་ཡང་ཡུན་རིང་གི་འགྲོགས་འདྲིས་བརྒྱུད་བློས་ཐུབ་ཀྱི་གྲོགས་པོ་ཞིག་ཡིན། ངས་ཁོང་ལ་སང་ཉིན་ང་ཧང་ག་རིའི་གཞུང་ཚབ་ཏུ་ཝི་ཟ་ཞུ་བར་འགྲོ་རྒྱུ་ཡིན་ཚུལ་སོགས་བཤད།
དེར་ཁོ་ཡིད་ཚིམ་པའི་ཉམས་ཀྱིས། “ཡག་པོ་རེད། རྒྱ་གར་དུ་ཚ་བས་ཚིག་བཅུག་ནས་འདུག་པ་ལས་འགུལ་སྐྱོད་རེ་རྒྱག་ཐུབ་ན་ཡག་ཤོས་རེད།” ཟེར།
བཀྲ་བཟང་ལགས་མ་ཇུ་ནུ་ཀ་ཏྲི་ལར་བསྡད་ནས་ཟླ་བ་གཅིག་ལྷག་ཙམ་སོང་དོན་དེ་ཡང་དགོན་པ་ཞིག་གི་གཉེར་བས་དངུལ་ཕོན་ཆེན་ཞིག་བླངས་ནས་ཁོང་གི་ཆོས་ཚོགས་བརྒྱུད་གཏོང་ཐབས་བྱེད་ཀྱིན་ཡོད་པ་ངས་ཤེས་ཀྱིན་ཡོད། དེའི་མ་ཚད་ཁོ་དགོན་པ་དེའི་དགེ་བཤེས་ཤིག་ཡིན་མདོག་གིས་ཐར་ཐབས་བྱེད་ཀྱིན་ཡོད་སྟབས་གཟན་ཤམ་གྱོན་སྟངས་དང་ནང་ཆོས་ཀྱི་རྒྱུན་ཤེས་སྐོར་རེ་ཡང་སྦྱང་གིན་འདུག མཚམས་ཞིག་ལ་སྲང་ལམ་དེ་བརྒྱུད་ནས་མི་རྒྱག་པ་ལོ་བཞི་བཅུ་ཡས་མས་སུ་སོན་ཡོད་དམ་སྙམ་པ་ཞིག་སླེབས་བྱུང་། ཁོག་སྟོད་ལ་རས་སྲབ་མོ་དཀར་པོའི་བསིལ་གྱོན་ཕུ་དུང་ཐུང་ཐུང་ཞིག་དང་། སྨད་ལ་དོར་ཐུང་སྐྱ་བོ་ཞིག་གྱོན་འདུག
ངའི་གྲོགས་པོ་བཀྲ་བཟང་ཡར་ལངས་ནས་གུས་ཞབས་ཆེ་མདོག་གིས་མི་དེ་ལ། “རྒན་ལགས་ག་བར་ཕེབས་ཀྱིན་ཡོད།” ཅེས་དྲིས་སོང་།
མི་དེས། ནུའུ་དྷི་ལི་ལ་སོང་བ་ཡིན། ཟེར་ནས་ཡར་ཕྱིན་སོང་། མི་དེ་ལ་སྐྲ་མེད་པའི་ཆ་ནས་གྲྭ་བ་ཞིག་ཡིན་ནམ་སྙམ་པ་དང་གདོང་ལ་ཞག་རྩི་སྣུམ་པོ་ཞིག་ཡོད་པའི་ཆ་ནས་དགོན་པའི་ལས་སྣེ་ཡིན་པར་ཚོད་དཔག་བྱེད་ཐུབ་ཙམ་ཞིག་འདུག
དེ་མ་ཐག་བཀྲ་བཟང་ང་ལ་ཚུར་ཁ་འཁོར་ནས། “ཁོང་ནི་ང་ཚོ་ཕྱི་རྒྱལ་ལ་གཏོང་རོགས་བྱེད་མཁན་སྙེ་སྟོད་དགོན་པའི་ཕྱག་མཛོད་ལགས་རེད།” ཟེར།
ཕྱི་ཉིན་ཞོགས་པ་ཆུ་ཚོད་དགུ་པའི་སྟེང་དུ་ང་དྷི་ལི་གསར་པར་ཡོད་པའི་ཧང་ག་རིའི་གཞུང་ཚབ་ཁང་དུ་སླེབས། ང་དེར་སླེབས་སྐབས་ཡ་མཚན་པ་ཞིག་ལ་སྔར་ཉིན་ངས་རྡེ་ར་རྡུན་ནས་ཁྱེར་ཡོང་བའི་ཅ་ལག་སྤྲད་སའི་བུ་དེ་དང་བུ་མོ་དེ་དང་ངའི་གྲོགས་པོ་བཀྲ་བཟང་ཕྱི་རྒྱལ་དུ་གཏོང་རོགས་བྱེད་མཁན་སྙེ་སྟོད་དགོན་པའི་གཉེར་བ་གཉིས་པོ་ལྷན་དུ་དེར་སླེབས་འདུག བུ་མོ་དེས་ང་མཐོང་སྐབས་དོག་མི་བདེ་བ་ལྟར་ང་ངོ་ཤེས་ཚུལ་སྟོན་གྱིན་མི་འདུག་སྟབས་ངས་ཀྱང་ངོ་མི་ཤེས་མདོག་བྱས།
ཕྱི་ཉིན་ཕྱི་དྲོར་ང་དང་ངའི་གྲོགས་པོ་བཀྲ་བཟང་གཉིས་ཀྱིས་ཀི་རོམ་རྩེད་བཞིན་སྲང་ལམ་ཟུར་དུ་ཆེད་དུ་ཐལ་རྡུལ་འགམ་པ་ལྟར་བསྡད། སྐབས་ཤིག་ལ་མི་ཚོགས་ཀྱིས་འཚངས་ཁ་བརྒྱབ་ནས་དགའ་སྐྱིད་འགྲུལ་ཁང་གི་ཕྱོགས་སུ་རྒྱུག་གིན་འདུག ཚང་མའི་གདོང་ལ་ཧང་སངས་བའི་ཉམས་ལྟ་བུ་ཞིག་མངོན་འདུག ངས་ཐོག་མར་གང་ཞིག་བྱུང་སོང་བ་གསལ་པོར་མ་ཤེས། ཚང་མས་མི་ཞིག་ཁང་སྟེང་ནས་ལྷུང་བའི་སྐོར་ཞིག་ཤོད་ཀྱིན་འདུག ཤི་ཡོད་མེད་ཅིག་ཕན་ཚུན་འདྲི་བཞིན་འདུག དེ་མ་ཐག་ཏུ་པུ་ལི་སི་ཁ་ཤས་ཤིག་ཀྱང་བྲེལ་སྟབས་ཀྱིས་ཕྱོགས་དེར་ཆས་སོང་།
ངའི་གྲོགས་པོས་གློ་བུར་དུ་ཧ་ལས་ནས། “དེ་དགའ་སྐྱིད་མགྲོན་ཁང་ནས་ཟག་པ་རེད་འདུག མགྱོག་པོར་འགྲོ། ག་རེ་བྱུང་མིན་ལྟ་རུ་འགྲོ།” ཟེར།
ངེད་གཉིས་ཀ་ཡར་སོང་། ངེད་གཉིས་དེར་སླེབས་སྐབས་མི་མང་པོ་ཞིག་གི་ས་ཁྲོད་དུ་ཐག་ཉེ་ས་རུ་ཡག་པོ་ཞིག་མཐོང་གིན་མི་འདུག་མོད་སར་འགྱེལ་ཡོད་པའི་མི་དེ་བུད་མེད་ཅིག་རེད། པུ་ལི་སི་ཁ་ཤས་ཤིག་གིས་མི་རྣམས་ཉེ་སར་བཅར་མི་འཇུག་པར་སྲུང་ནས་བསྡད་འདུག བུད་མེད་དེ་མཚམས་མཚམས་སུ་འཕག་འཚག་རེ་རྒྱག་པ་དང་བསྟུན་ཁ་ནང་ནས་ཁྲག་བཞུར་ཡོང་གིན་འདུག ཐོག་བརྩེགས་གསུམ་ཀྱི་ཡང་སྟེང་གི་ཁང་མིག་དེའི་སྒེའུ་ཁུང་ཆེན་པོ་དེའི་ཤེལ་དྲྭ་ཆག་ཡོད་རོ་ཁ་ཤས་ཀྱང་བུད་མེད་དེའི་གཡས་གཡོན་དུ་འཐོར་འདུག
ངའི་གྲོགས་པོ་བཀྲ་བཟང་གིས་ཆག་སྐྱོན་ཤོར་ཡོད་པའི་སྒེའུ་ཁུང་དེར་ཡར་བལྟས་ནས། “ཇོ་བོ་རིན་པོ། ཁང་མིག་དེ་རྒན་ཁོང་ཚོ་བཞུགས་ས་དེ་རེད།” ཟེར་ནས་ཧ་ལས་ལས་བྱས་བྱུང་།
ངའི་གྲོགས་པོ་བཀྲ་བཟང་ལགས་ཡར་དགའ་སྐྱིད་འགྲུལ་ཁང་དུ་འཛུལ་ཐབས་བྱས་སོང་མོད་བུ་མོ་དེ་འགྱེལ་་ཡོད་ས་དེ་སྒོ་དང་ཉེ་སྟབས་པུ་ལི་སིས་མི་གཅིག་ཀྱང་ཡར་གཏོང་གིན་མི་འདུག ངེད་གཉིས་ཀྱིས་ཡར་ལྟ་སྐབས་ཤེལ་དྲ་ཆག་རོ་དེའི་ནང་ན་མི་ཁ་ཤས་ཤིག་ཕར་འཁོར་ཚུར་འཁོར་བྱེད་ཀྱིན་འདུག དེའི་གྲས་ན་ངས་སྔར་ཉིན་མཐོང་བའི་སྙེ་སྟོད་དགོན་པའི་ཕྱག་མཛོད་ལགས་ཀྱང་འདུག
དེར་ཡོད་མི་ཚང་མས་ག་རེ་བྱས་ནས་ལྷུང་བ་ཡིན་མིན་འདྲི་རྩད་བྱེད་ཀྱིན་འདུག ཡིན་ན་ཡང་ལན་འདེབས་མཁན་སུ་ཡང་མི་འདུག དེ་མ་ཐག་ཏུ་འགྲུལ་ཁང་གི་སྒོ་ཕྱེ་ནས་གྲྭ་བ་ཁ་ཤས་ཤིག་ཕྱིན་ཐོན་སོང་། གྲྭ་ཆས་གྱོན་མཁན་གཉིས་དང་གྱོན་མེད་མཁན་ཁ་ཤས་ཤིག་འདུག གྲྭ་བ་དེ་ཚོ་ཚིག་པ་ཟ་འདུག ཐོག་མར་པུ་ལི་སི་དང་གྲྭ་བ་ཚོའི་བར་དུ་ཁ་རྩོད་ལྟ་བུ་ཞིག་བྱུང་སོང་། ད་དུང་ཡང་སར་འགྱེལ་ཡོད་པའི་བུད་མེད་དེ་འཕག་འཚག་རེ་བརྒྱབ་དུས་ཁ་ནང་ནས་ཁྲག་ཕྱིར་བསྐྱུག་ཡོང་གིན་འདུག གྲྭ་བ་ཡིན་ནམ་མི་མགོ་རིལ་དོར་ཐུང་གྱོན་མཁན་ལོ་རྒན་ཙམ་པ་ཞིག་གིས་བུད་མེད་དེ་ལ་ལག་པ་འཆངས་ནས་ཁ་སར་སྦུབ་དུ་བཞག་སོང་། དེ་ནས་བུད་མེད་དེ་འགུལ་བ་མཐོང་མ་སོང་། ངས་ད་ཤི་ཚར་སོང་བ་མིན་ནམ་སྙམ།
གྲྭ་བ་དེ་ཚོ་མི་ཚོགས་ཀྱིས་སྟེང་ལ་ཁ་འཁོར་ནས་སྐད་ཤུགས་ཆེན་པོས། “མི་ཤི་ས་ན་ཁྱོད་ཚོར་ག་རེ་ལྟ་རྒྱུ་འདུག ཕར་སོང་།” ཟེར།
མི་ཚོགས་ཀྱི་ཁྲོད་ནས་བུད་མེད་ཅིག་གིས། “སྐུ་ཞབས་ལགས། ག་རེ་བྱས་ནས་ལྷུང་སོང་བ་རེད།” ཅེས་དྲིས་སོང་།
གྲྭ་བ་གཅིག་གིས་སྐད་ཆ་འདྲི་མཁན་བུད་མེད་དེའི་གདོང་ལ་མཛུབ་མོ་ཀེར་ནས། “ག་རེ་བྱས་ནས་ཟག་པ་རེད་ཟེར་ན་ག་རེ་ལབ་ཀྱི་ཡོད། མར་ཟག་པ་རེད། ཁྱོད་ཚོར་ག་རེ་ལྟ་རྒྱུ་འདུག” ཟེར།
གྲྭ་བ་དེ་ཚོས་ངར་ངར་གཤེ་གཤེ་བྱེད་པ་ཚོད་ཅིག་མི་འདུག ཕལ་ཆེར་རྡུང་མི་ངམ་སྙམ་པའི་བཟོ་ལྟ་དེར་མི་ཚོགས་ཀྱང་ཞེད་ནས་སྔོན་མ་རྣམས་བཟུར་རིམ་བཞིན་རྒྱབ་མ་རྣམས་ཀྱང་ཡི་ཆད་ཀྱི་ཉམས་ཀྱིས་མགོ་བོ་གཡུག་བཞིན་སྡོད་མ་ཕོད་པར་ཕྱོགས་ཕྱོགས་སུ་གྱེས་སོང་།
ངའི་གྲོགས་པོས་སྒེའུ་ཁུང་ནས་ལྷུང་བའི་མི་སུ་ཡིན་ཤེས་འདོད་བྱེད་ཀྱིན་འདུག ངེད་གཉིས་མི་ཚོགས་ཚང་མ་འཐོར་མ་ཚར་བར་དུ་མཐོང་ས་ཞིག་ཏུ་བསྡད། དེ་མ་ཐག་ཏུ་འཁོར་གསུམ་འགྲུལ་འཁོར་གཉིས་སྔ་གཞུག་ཏུ་སླེབས་བྱུང་། དགའ་སྐྱིད་འགྲུལ་ཁང་ནང་གི་བདག་གཉེར་བ་སོགས་སྐྱ་སེར་ཁ་ཤས་དང་པུ་ལི་སི་ཁ་ཤས་བཅས་རུབ་རུབ་ཀྱིས་བུ་མོ་དེ་འཁོར་གསུམ་འགྲུལ་འཁོར་སྔོན་མ་དེའི་ནང་དུ་བཅུག་སོང་། འབྲེལ་ཡོད་བོད་མི་སྐྱ་སེར་ཁ་ཤས་ཤིག་ཀྱང་འགྲུལ་འཁོར་རྐང་གསུམ་རྗེས་མ་དེའི་ནང་དུ་བསྡད་ནས་མ་ཇུ་ནུ་ཀ་ཏྲི་ལའི་ཁྲོམ་སྲང་དང་ཁ་བྲལ་སོང་། སྨན་ཁང་དུ་སྐྱེལ་བ་ཡིན་ངེས་རེད། སྐབས་དེར་དངོས་གནས་མོ་ཤི་མི་འདུག རྐང་ལག་འགུལ་བཞིན་པ་ངས་མཐོང་སོང་།
གནས་ཚུལ་དེས་ང་ཚོ་ཚང་མ་ཧང་སངས་སུ་བཅུག་སོང་། རིང་པོར་མ་འགྱང་བར་ངའི་གྲོགས་པོ་བཀྲ་བཟང་ལགས་ཀྱིས་ཁང་པའི་སྒེའུ་ཁུང་ནས་མར་ལྷུང་བའི་བུད་མེད་དེ་སྔར་ཉིན་ཧང་ག་རིའི་གཞུང་ཚབ་ཁང་དུ་ཕྱག་མཛོད་ལགས་དང་མཉམ་དུ་འགྲོ་མཁན་དེ་ཡིན་པ་ཤེས་འདུག དེ་ནི་གཞན་སུ་ཡང་མ་ཡིན་པར་ངས་ཉིན་གསུམ་གྱི་སྔོན་དུ་རྡེ་ར་རྡུན་ནས་ཁྱེར་ཡོང་བའི་ཅ་ལག་སྤྲད་སའི་བུ་མོ་དེ་ཡིན་པ་ཤེས། ད་དུང་མོ་ཁྱིམ་ཚང་སྐྱོ་བོ་ཞིག་གི་བུ་མོ་ཡིན་སྟབས་ཕྱག་མཛོད་ལགས་ཀྱིས་དངུལ་སྔ་གཡར་ཐེངས་མང་པོ་ཞིག་བྱས་པ་དང་ཉིན་དེར་ལམ་འགྲོ་ཆེན་པོ་བྱུང་ནས་ཝི་ཟ་ཐོབ་པར་རྙོགས་དྲ་མ་བྱུང་བས་བདུན་ཕྲག་གཅིག་གི་ནང་ཚུན་ལ་ཧང་ག་རིར་འགྲོ་རྒྱུ་ཡིན་ཚུལ་སོགས་ཀྱང་ཐོས་འདུག ཡིན་ན་ཡང་མོ་ག་འདྲ་བྱས་ནས་སྙེ་སྟོད་དགོན་པའི་འགྲུལ་ཁང་གི་སྒེའུ་ཁུང་ནས་མར་ལྷུང་བ་ཡིན་ཤེས་མི་འདུག བཀྲ་བཟང་ལགས་ཉི་མ་མང་པོའི་རིང་ལ་སྙེ་སྟོད་དགོན་པའི་གཉེར་བ་ཚོའི་ཉེ་སར་བཅར་ཡང་ཐུབ་མི་འདུག
བུ་མོ་དེ་སྨན་ཁང་ནང་དུ་སླེབས་ནས་ཆུ་ཚོད་ཁ་ཤས་རྗེས་སུ་གྲོངས་སོང་ཚུལ་ཐོས། ཡིན་ན་ཡང་ག་འདྲ་བྱས་ནས་མར་ལྷུང་སོང་བའི་དྲི་བ་དེར་སྙེ་སྟོད་དགོན་པའི་ལས་སྣེ་ཚོ་དང་དགའ་སྐྱིད་འགྲུལ་ཁང་གི་བདག་གཉེར་བ་ཚོ་ཚིག་པ་ཟ་བ་ལ་ཚོད་ཅིག་མི་འདུག་པས་དེའི་སྐོར་གླེང་བར་སྐྲག་སྣང་བྱེད་དགོས་པའི་ཚད་དུ་སླེབས་སོང་། ལྷག་པར་ངའི་གྲོགས་པོ་བཀྲ་བཟང་གིས་དེའི་སྐོར་གཏན་ནས་གླེང་འདོད་བྱེད་ཀྱིན་མི་འདུག སྐབས་དེ་ནས་ཟླ་ཤས་རིང་ལ་མན་ཇུ་ནུ་ཀ་ཏྲི་ལ་རུ་སྐད་ཆ་དེ་དྲིས་ན་ཁྱོད་ཀྱི་གཡས་གཡོན་གྱི་མི་ཚང་མའི་གདོང་ལ་སུན་པའམ་སྐྲག་པའི་རྣམ་འགྱུར་ཞིག་མངོན་ནས་ཕར་འཁོར་འགྲོ་ངེས། ས་གནས་པུ་ལི་སིས་མགྲིན་ཚབ་པས་ཀྱང་བུད་མེད་དེ་སྟབས་མ་ལེགས་པར་དགའ་སྐྱིད་འགྲུལ་ཁང་གི་སྒེའུ་ཁུང་ནས་མར་ལྷུང་བ་རེད་ཟེར་བའི་འགྲེལ་བཤད་ཚིག་གཅིག་དང་ཧིན་སྒོར་འབུམ་གཅིག་སྤྲད་ནས་མོའི་ནང་མི་ཚོའི་ཁ་བཀག་པ་རེད་ཟེར།
གནས་ཚུལ་རྙིང་པ་རེད། འོན་ཀྱང་སེམས་པ་སྐྱོ་དགོས་པ་ཞིག་རེད། བུད་མེད་ན་གཞོན་དེའི་མི་ཚེ་འཕྲོ་བརླག་ཏུ་ཕྱིན་པ་ནི་ཆེས་ཕངས་པོ་རེད།
བྱམས་པ་ལགས། གནས་ཚུལ་འདི་འདྲ་ལ་རྙིང་པ་ཟེར་བ་ཞིག་ག་ལ་སྲིད། ཕོ་གྱོད་ཕ་བོང་རྒས་རྒྱུ་མེད༎མོ་ཤུག་པ་རུལ་རྒྱུ་མེད༎ ཟེར་སྲོལ་ཡོད་པ་མ་ཡིན་ནམ།
སྐུ་ཞབས་སྤོབས་པ་མཐའ་ཡས་ཁྱེད་ཀྱི་ཡག་པོ་བྲིས་འདུག་དོན་དག་དེ་དེང་སང་དངོས་གནས་ག་རེ་ཡིན་མིན་གོ་རྒྱུ་འདུག་པས་བུ་མོ་དེ་སྙིང་རྗེ།་ང་ནི་དྲ་རྒྱ་ནང་དུ་ཡི་གེ་ཡག་པོ་གཏོང་མི་ཤེས་མཁན་ཞིག་ཡིན་དགོངས་དག
སྤོབས་པ་མཐའ་ཡས་ལགས། མཆོག་གིས་གསལ་བོ་ཤེས་པ་འདྲ་ཞིག་འདུག་པས་བུ་མོ་དེ་དཀོར་སྐྱལ་དེ་ཚོས་བསད་པ་འམ། གཞན་མིས་ཕྲག་དོགས་ནས་བསད་པ་ཡིན་མིན་གསལ་བཤད་གནང་ན་ཤིན་ཏུ་ལེགས། སྐུ་གཅེས་མི་རོ་གསེར་སྒྲུང་ལྟ་བུ་མ་གསུངས་རོགས།
it is truth story. i heard it several years ago. these days the killer is living in Switzerland.
སྐུ་ཞབས་སྤོ་པ་མཐའ་ཡས་ལགས། ཐུགས་རྗེ་ཆེ། བསམ་ཡིད་ལས་འདས་པའི་དོན་རྐྱེན་འདི་དག་ཡང་ནས་བསྐྱར་དུ་གླེང་དགོས། ལྷག་པར་དུ་བཙན་བྱོལ་སྤྱི་ཚོགས་ཁྲོད་གླེང་དགོས། སྔོན་མ་ཕྱག་མཛོད་དང་གྲྭ་བ་སོགས་མཐོང་དུས་སེམས་བསམ་པའི་གཏིང་ནས་གུས་བརྩི་ཡོད་ཡ། ས་ཆ་འདིར་བསླེབས་དུས་ཧམ་སེམས་ཀྱིས་ཁེངས་བའི་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
སྤོབས་པ་ལགས་
ཨ་མ་མ་་་་ ཁྱེད་ཀྱི་བོད་ཡིག་བྲི་སྟངས་དེ་ངོ་མ་མཐའ་ཡས་པ་དེ་འདྲའི་དཔུས་དག་ཞིག་འདུག་ ངའི་ཡིད་འཕྲོག་སོང་ བཙན་བྱོལ་བོད་ཀྱི་སློབ་གྲ་ཁག་ནང་ཁྱེད་ལྟ་བུའི་བོད་ཡིག་དགེ་རྒན་འདི་འདྲ་བྱུང་ན་ དེང་དུས་ཀྱི་གཞོན་སྐྱེད་ཚོར་རང་རེའི་སྐད་ཡིག་གི་དཔུས་ཚད་ལེགས་པོ་ཆག་རྒྱུའི་རེ་བ་ཆེན་པོ་བདའ་ བརྩོམ་གཙང་མ་འདི་རིགས་གང་མང་ཞལ་འདེབས་གནང་ཐུབ་ན་ང་ལྟ་བུའི་བོད་ཡིག་གི་སློབ་མར་ཡང་ཕན་ཐོག་ཤིན་དུ་ཆེན་པོ་དང་ དགའ་པོ་ཡོང་ཞི་འདུག་ ཐུགས་རྗེ་ཆེ་ ཁ་བྲོ་།
བརྩམས་སྒྲུང་ཐུང་ཐུང་འདི་བཀླགས་རྗེས་ཚ་བ་འབར་ནས། ཁ་ལག་ལ་ཡང་བྲོ་བ་མེད་པ་བཟོས་སོང་།
སྤོབས་པ་ཁྱོད་ཀྱིས་ཁྱེད་རང་གཞིས་ཆགས་ཤིག་ཡིན་པའི་ཁུལ་གྱིས་པི་ལི་སི་སོགས་གཞན་སྐད་བོད་སྐད་ནང་བསྲེས་ལྷད་བྱས་ཞོར་གཏམ་འདི་བཤད་དུས་ང་ཁོང་ཁྲོ་ལངས་ཏེ་ཁོག་ན་མེ་དམར་ལྷབ་ལྷོབ་འབར་གྱིན་འདུག ཤི་རེ་ཁོ། ཁོ་རེ་སེམས་པ་སྐྱོ་ནས།
གྲྭ་གཟུགས་དེ་དག་གི་མིང་དངོས་སུ་སྨོས་ན་རན་པོ་རང་མི་འདུག སྤོབས་པ་མཐའ་ཡས་ཁོང་གིས་ཀྱང་གསལ་པོ་མཁྱེན་གིན་ཡོད། འོན་ཀྱང་དེ་དག་ད་ལྟ་གྲ་བ་མིན་པས་ཀུན་གྱིས་མཁྱེན་དགོས་པ་ནི་གནད་དུ་ཆེ། དེ་མ་གཏོགས་དེ་དག་གིས་གྲྭ་ཆས་གྱོན་པ་རྒྱུ་མཚན་དུ་བྱས་ནས་གྲྭ་བ་ལ་སླར་ཡང་སྐྱོན་བརྗོད་བྱེད་པའི་གཞི་རྩ་གཅིག་ཏུ་འགྱུར་རྒྱུ་རེད།
བསྐལ་བཟང་དོན་གྲུབ་ལགས། གཞིས་ཆགས་གཞིས་ཆགས་་་་་་་་་་་་་་་་་་་་་་་་་་་་་་་་་་
གཞིས་ཆགས་ཟེར་བ་འདི་དུས་བབ་དྲ་ཚིག་དང་ཚགས་པར། དེ་བཞིན་བང་ཆེན་ཚགས་པར་བཅས་ཀྱི་ནང་དུ་སྐྱོན་བརྗོད་བརྗོད་ཀྱི་བརྗོད་གཞི་གཅིག་ཏུ་གང་གི་ཕྱིར་འཇོག་ཀྱི་ཡོད་དམ། ང་ངོ་མར་ཡ་མཚན་གི ཡིན་གཅིག་མིན་གཅིག གཏམ་ལ་གཏམ་ལན་དང་ ཐད་ཀར་ཕྱོགས་གཞན་གྱི་སྡེ་ཁག་གི་མིང་སྨོས་ནས་ལན་རྒྱག་དགོས་ཀྱི་ཡོད་དམ། ཁོ་བོས་བློ་གཟུ་བོར་གནས་པའི་སྒོ་ནས་བལྟས་ན་གཞིས་ཆགས་ནང་ནས་འཚར་ལོངས་བྱུང་བ་དང་ཧི་མ་ལ་ཡ་བ་ནི་རྣམས་སྐྱོན་བརྗོད་ལ་བཟོད་སྲན་ཐུབ་པ་དང་ཁོག་ཆེ་བ། སྐད་ཆ་ཚིག་འཇམ་རྩུབ་གང་ཡིན་ན་ཡང་རྣར་འགྲོ་ས་ཡོད་པ་དང་ མི་གཤིས་དྲང་བ་བཅས་ཀྱི་ཁྱད་ཆོས་དང་ལྡན་པ་མཐོང། འོན་ཀྱང་ངོས་ནས་གཞིས་ཆགས་པ་རྣམས་ཕྱོགས་ཐམས་ཅད་ནས་ཡག་པོ་རེད་ཅེས་དུས་ནམ་ཡང་ཞུ་གིན་མེད། དེ་འདྲ་ཟེར་ན་དྲང་པོ་མིན།
ང་ཚོ་བོད་པའི་ཚགས་པར་ནང་དུ་གཞིས་ཆགས་པ་རྣམས་ནི་མ་ཚང་བ་དང་མ་འཇོན་པའི་ཆ་ངོས་བཟུང་སའི་ཆོས་ཅན་ཞིག་ཏུ་འཛིན་ན་མི་འགྲིག་པས་དེ་རིགས་ལ་འབད་དགོས་པ་ཡིན། དཔེར་ན་གཞིས་ཆགས་པ་ཞིག་གིས་གསར་འབྱོར་བའི་བྱ་སྤྱོད་མི་འགྲིག་པའི་ཐོག་ནས་སྐྱོན་བརྗོད་གཅིག་དུས་བབས་ཚགས་པར་ནང་རྩོམ་ཞིག་སྤེལ་ན་དེ་ལ་རྩོམ་ལན་ཧ་ལམ་བཀའ་ཁྲིའི་གྲུབ་འབྲས་ལས་མང་བ་གང་སྲིད། བྱས་ཙང། དེ་རིགས་ལ་འབད་དགོས། ང་ཚོ་བོད་རིགས་མཐུན་འབྲེལ་ཟེར་བ་ན་ཆོལ་ཁ་ཆོས་ལུགས་གཅིག་པུ་ལ་མི་ཟེར་བར། གསར་འབྱོར་གཞིས་ཆགས་པའི་དབར་གྱི་མཐུན་འབྲེལ་ལ་ཡང་ཟེར་གྱིན་ཡོད་པས་དེ་ལ་གཟབ་དགོས་པ་ཡིན།
ངོ་མ་བཤད་ན་དེ་ཚོ་གྲྭ་བ་མ་རེད་ཡིན་ན་འང་གཟན་ཤམས་གྱོན་ཡོད་ཙང་ཚང་མས་གྲྭ་བ་རེད་ཟེར་གི་རེད
གནས་ཚུལ་འདིའི་རིགས་བོད་ཕྱི་ནང་གང་ན་འང་ཡོད་ནི་རེད
སྤྱིར་བཤད་ན་སྐབས་དེར་འབྲེལ་ཡོད་ཉེ་མི་རྣམས་ནས་ཕྱི་གསལ་ནང་གསལ་ཞིག་བཟོ་དགོས་ངེས་རེད་ཡིན་ན་འང་ནང་མི་གཉོམ་དྲག་པ་དང་གྲ་རྫུན་དེ་ཚོར་ཧམ་པ་ཚ་དྲག་པ་དང་རྒྱུ་དངོས་ཀྱིས་བསླུ་ཐབས་ལ་བརྟེན་ནས་གསལ་བོ་གང་ཡང་བཟོ་ཐུབ་མེད་
དངོས་གནས་ཡིད་སྐྱོ་བ་ལ་། སྙིང་རྗེ་་་་་་་་
སྤོབས་པ་མཐའ་ཡས་ཀྱི་སྒྲུང་དེ་དག་སྙན་ཚོད་གཅིག་མི་འདུག
དཀོན་ཅོག་གིས་གཟིགས་གྲྭ་པས་གནང་སྟངས་དེ་དག་ཅི་འདྲིའི་སྐྱུག་བྲོ་བ་ལ།
མ་གཞི་བུ་མོ་དེ་ཡང་འཆལ་མོ་མདོ་མེད་ཅིག་ད་ཡིན་ངེས་རེད།
གང་ལྟར་ཀྱང་སྒྲུང་གི་མ་ཁོག་དངོས་བྱུང་རེད་ལ་དེ་ལ་རྩོམ་པ་པོས་སྨན་སྣ་བསྲེབས་ཡོད་མེད་ནི་མི་ཤེས།
དངོས་གནས་ཡིད་སྐྱོ་བ་ལ་ ཨ་ཁ་སྙིང་རྗེ་་་་་
བརྗོད་མི་ཐུབ་པའི་ཆགས་སྒོ་དང་། དོན་རྐྱེན་དེ་ཡོང་བྲགས་འདྲ། གསལ་བོ་བྱོས་དང་།
སྒྲུང་དང་ལོ་རྒྱུས་འགལ་བ་རེད། ཨོ་རིག་ལགས།
ང་ཚོ་མི་རིགས་གཅིག་ཡིན། ང་ཚོའི་དམིགས་ཡུལ་གཅིག་ཡིན།
ཟག་པ་མ་རེད་བཞག གཡུགས་པ་རེད་བཞག གཡུག་མཁན་གྲྭ་པ་ཚོ་རེད། སངས་རྒྱས་བསྟན་པའི་དོན་ཡིན་ཤས་ཆེ། དགེ་འདུན་ལ་ཁ་གཏོང་མི་ཉན། སྐྱབས་ཡུལ་རེད་པཱ། སྡིག་པ་ཚབ་ཆེན་གསོག་གི་རེད་དཱ། སྐྱབས་སུ་མཆིའོ།
སྤོབས་པ་མཐའ་ཡས་ལགས།
འདི་སྙན་ངག་ཙམ་མིན་པར་དངོས་སྒྲུང་ཡིན་ན། ༼་་་་་་། འགྲེལ་བཤད་ཚིག་གཅིག་དང་ཧིན་སྒོར་འབུམ་གཅིག་སྤྲད་ནས་མོའི་ནང་མི་ཚོའི་ཁ་བཀག་པ་རེད་ཟེར།༽ཟེར་བ་ལྟར་ན། ཁྱེད་རང་ནི། བུད་མེད་འཆི་མཁན་དེའི་ཨ་མ་མཐོང་མྱོང་ལ། བུ་མོ་དེའི་ཁ་པར་ཨ་གྲངས་ཡོད་པ་དང་། མོ་དང་ཕྲད་ནས་ཨ་མའི་རྔན་པ་སྤྲད་པ་དང་། ཡང་ཁྱེད་རང་བུ་མོ་དེ་ཧང་ག་རིའི་གཞུང་ཚབ་ཏུ་མཐོང་ཡང་། མ་མཐོང་མདོག་མདོག་བྱས་དགོས་སྟངས་དང་། ཡང་ཁང་བརྩེགས་ནས་མར་ལྷུང་ནས་འཆི་མཁན་དེ་ཡང་། བུ་མོ་དེ་རང་ཡིན་པ་ཤེས་སྟངས་བལྟས་ན། ཁྱེད་རང་ནི་བུ་མོ་དེའི་འཆི་རྐྱེན་དཔང་པོ་ཡག་ཤོས་ཤིག་ཏུ་མཐོང་ན་མུ་མཐུད་ནས་གླེང་དགོས་འདུག དྲི་བ་གཅིག་ཡོད་པ་ནི། ཁྱེད་རང་༼སྤོབས་པ་མཐའ་ཡས་ལགས།༽ཧང་ག་རིའི་གཞུང་ཚབ་ཏུ་འགྲོ་དགོས་དོན་གང་ཡིན་ནམ། ??????
དེ་མིན་ན་མོ་གསོད་མཁན་གྱི་གྲས་སུ་ཁྱད་རང་མི་ཚུད་པའི་ངེས་པ་མི་འདུག་ན། གསར་འགྱུར་འདིའི་རིགས་ཁ་བརྡར་མ་བཀོད་གོང་ལ་བསམ་བློ་མང་པོ་གཏོང་དགོས་མི་འདུག་གམ།
བསམ་ཚུལ་འདོན་མཁན་ཁ་ཤས་ཀྱི་གཤིས་ཀ་འདི་ཡ་མཚན་པོ་རེད་ཡག་པོ་ཅིག་བྱས་ན་རྒྱལ་བ་རིན་པོ་ཆེ་ཟམ་གདོང་རིན་པོ་ཆེ་ཟེར་ནས་གང་ཟག་སྒེར་གྱི་མཚན་ནས་སྨོས་རྒྱུ་དང་།
སྡུག་ཅག་བྱེད་ན་གྲྭ་བ་ཚོའམ་གཞིས་ཆགས་སམ་ཡང་ན་གསར་འབྱོར་ཟེར་ནས་སྤྱི་མིང་ནས་སྨོས་རྐྱང་རེད་།
འོ་ན་རྒྱལ་བ་རིན་པོ་ཆེ་དང་ཟམ་གདོང་རིན་པོ་ཆེ་གྲྭ་མ་རེད་ཟེར་རྒྱུ་ཡིན་ནམ།་?
རྩོམ་འདི་ལ་གནས་ཚུལ་ཡ་མཚན་པོ་ཞིག་འདུག་པ་དེ་ནི་། ཧོབ་ཏེ་བལྟས་ན་གྲྭ་པ་དེ་ཚོས་བསད་པ་རེད་ཟེར་བ་དངོས་སུ་མ་སྨོས་པའི་ཐབས་ཤེས་ཡོད་ཚད་བྱས་འདུག་མོད་དོན་ལ་གསོད་མཁན་དེ་དག་ཡིན་པ་གོ་ཐུབ་པ་ཅིག་བཟོས་འདུག ཀློག་གིན་ཀློག་གིན་ཡི་གེ་འབྲི་སྟངས་མཛེས་དྲགས་ནས་ངོ་མ་མི་དེ་དག་གི་བསད་པ་རེད་བསམ་དགོས་པ་ཟོས་འདུག དེ་རྒྱུ་རྩལ་དང་གཡོ་བྱུས་གཉིས་ཀ་ཡིན་སྲིད། ལར་ནས་མི་དེ་དག་གིས་བསད་པ་ཡིན་ན་ཁུངས་དང་ར་སྤྲོད་གསལ་པོ་དགོས་པས་གང་ཡང་མེད་པར་རྩོམ་འདི་འདྲ་སྤེལ་ལུགས་ཀྱིས་རྩོམ་པ་པོའི་ཀུན་སློང་ལ་དྭོགས་པ་ཟ་དགོས་པ་དང་ཕྱོགས་གཞན་ཞིག་ནས་ཀློག་པ་པོ་ཚོ་རང་ཉིད་དོན་མེད་ཁོང་ཁྲོ་ལང་ན་སོ་སོ་སྡུག་གྱོང་ཡིན་རྒྱུ་རེད། དེ་བསམ་ཚུལ་ཙམ་ཡིན་རྗེས་སུ་མཇལ་ཡོང་།།
ལ་ལ་ཞིག་གིས་ངས་པུ་ལི་སི་ཞེས་བྲིས་པ་དེར་བཀའ་བཀྱོན་རེ་གནང་འདུག དེར་ངས་དགོངས་དག་ཞུ། policeཟེར་བའི་མིང་བརྡ་འདིར་དེང་སང་བོད་སྐད་ནང་དུ་འདྲ་མིན་མང་པོ་ཞིག་འདུག བོད་ནང་དུ་རྒྱ་སྐད་ལས་ཐད་སྒྱུར་གྱིས་སྤྱི་བདེ་མི་སྣ་དང་ཉེར་རྟོག་པ་སོགས་འདུག བོད་ཕྱིར་བདེ་སྲུང་མི་སྣ་དང་། སྐོར་གཡེང་བ། སྐོར་འཆག་པ། སྐོར་སྲུང་པ་སོགས་གཏན་ཁེལ་ལྟ་བུ་ཞིག་མི་འདུག་པས་པུ་ལི་སི་ཞེས་དབྱིན་སྒྲ་སོར་བཞག་གིས་འབྲི་དགོས་ཐུག་སོང་། འདིའི་སྐོར་ལ་བཀའ་སློབ་རེ་ཡོད་ན་གསུང་རོགས།
ལ་ལ་ཞིགགིས་ངའི་བོད་ཡིག་འབྲི་སྟངས་ལ་བསྟོད་བསྔགས་གནང་འདུག་མོད་ངས་ད་ལྟ་བཀླགས་སྐབས་ལྷག་ཆད་ནོར་གསུམ་ཡང་མང་པོ་ཞིག་སོར་འདུག་པས་དེར་ཡང་དགོངས་དག་ཞུ།
ལ་ལ་ཞིག་གིས་ངའི་ཀུན་སློང་ལ་དོག་སློང་རེ་ཡང་བྱས་འདུག་མོད་ཀུན་སློང་ནི་ང་རང་ཉིད་ཀྱི་ནང་སེམས་ཀྱི་བྱེད་ལས་ཞིག་ཡིན་སྟབས་འདི་རེད་ཟེར་ནས་བསྟན་ཐུབ་པ་མ་བྱུང་བས་དེར་ཡང་དགོངས་དག་ཞུ།
ངས་འདི་སྒྲུང་ཡིན་པའི་ཟོལ་གྱིས་བྲིས་ཡོད་ཀྱང་དངོས་བྱུང་གིས་བརྒྱ་ཆ་མཐོན་པོ་ཞིག་ཟིན་ཡོད་སྟབས་འདིར་ཀློག་མཁན་མང་པོ་ཞིག་གིས་བཀླགས་མ་ཐག་ཏུ་ངོས་ཟིན་སོང་བའི་རྣམ་འགྱུར་བསྟན་ཡོད་པ་དེ་རེད། ཚོགས་སྡེ་གང་ཡང་རུང་བ་ཞིག་ལ་སྒྲོ་སྐུར་གྱི་དམིགས་ཡུལ་བཅངས་ནས་བྲིས་པ་གང་ཡང་མིན།
ཁྱེད་ཀྱི་སྒྲུང་འདིའི་མཇུག་ཏུ་ངའི་སྒྲུང་རྩོམ་”ཁ་བ་ནག་པོ་”མཐུད་ཚེ་སྒྲུང་ཆ་ཚང་ཞིག་ཏུ་འགྱུར་ན་ཐང་ཀི
སྒྲུང་རྩོམ་འདིས་ང་ལའང་སྒྲུང་འདི་འདྲ་འབྲི་ཐུབ་ན་སྙམ་པའི་བག་ཆགས་ཤིག་བཞག་བྱུང་། ཡིན་ནའང་ངས་འབྲི་མི་ཤེས།
ཁྱེད་ཀྱི་དངོས་ཡོད་གནས་ཚུལ་བྲིས་པར་ཐུགས་རྗེ་ཆེ། ལུས་གྲྺ་ཆས་གྱོན་པའི་ནག་ཚོང་བ་དེའི་རིགས་ལ་གྲྭ་པའི་ཐ་སྙད་དེ་མ་འབོད་ན་ལེགས།
སྤོབས་པ་མཐའ་ཡས་ཀྱི་སྒྲུང་རྩོམ་འདི་དོན་ལ་དངོས་ཡོད་ཡིན་ཟེར་བ་དང་། ཤུགས་ལ་གྲྭ་བ་ཁ་ཤས་ཀྱིས་བུ་མོ་ཞིག་བསད་རབས་འདུག སྒྲུང་ལ་ལྟོས་ཡོངས་དུས་ངས་ཤེས་པ་དང་གཅིག་པ་འདྲ་ཞིག་བྲིས་འདུག ངའི་ཤེས་པ་དེ་ཡིན་ན། མགྲོན་ཁང་དེ་ནས་མི་གཉིས་གསུམ་ཞིག་བསད་མྱོང་ཡོད་པ་རེད། འོན་ཀྱང་གྲྭ་ཚང་ཞིག་གི་མགྲོན་ཁང་མ་རེད། རྒྱ་གར་གཞུང་གིས་བརྟག་དཔྱད་གཏོང་མ་ཐུབ་པ་ཞིག་གྲྭ་ཚང་ཞིག་དང་། གྲྭ་བ་ཁ་ཤས་ཀྱིས་བསད་པའི་རྣམ་པ་བསྟན་ནས། འཛམ་གླིང་གི་བོད་ཡིག་ཤེས་པའི་དྲ་རྒྱ་ཀློག་མཁན་ཡོངས་ཀྱི་མདུན་དུ་སྤེལ་བ་འདི་ལ་ཡིད་གཏན་ནས་མ་རངས།
དངོས་སྒྲུང་འདི་ལོ་ངོ་ལྔ་དྲུག་ཅིག་གི་གོང་ནས་ཐོས་མྱོང་། འོན་ཀྱང་་་དེ་རིང་འདྲ་བའི་འགོ་མཇུག་ཁ་གསལ་ཞིག་གོ་མ་མྱོང་། མ་ཟད་་བདུན་ཕྲག་གཅིག་མིན་ཙམ་གྱི་སྔོན་ཏག་ཏག་དེར་ང་དང་ངའི་གྲོགས་པོ་གཉིས་ཀྱིས་བུ་མོ་དེ་ཤི་རྐྱེན་སྐོར་གི་ཁ་བརྡ་ཐར་ཐོ་ཞིག་བྱས་པ་ཡིན། དཀོན་ཅོག་གིས་མཁྱེན་་་སྤོབས་པ་མཐའ་ཡས་ལགས་ཀྱི་བཤད་པ་དངོས་བདེན་ཡིན་ས་རེད། ངའི་གྲོགས་པོས་གནས་ཚུལ་དེའི་འགོ་མཇུག་ཆ་ཚང་ལ་རྒྱུས་ཡོད་ན་ཡང་ཁ་གསལ་གཏིང་གསལ་ཞིག་ད་དུང་ཡང་ཤོད་ཐུབ་གི་མི་འདུག
སྤོབས་པས་གོང་དུ་ཤོད་པ་དང་གཅིག་མཚུངས་རེད།
རེ་རེ་བཞིན་དྲིས་ཚེ་ལན་མི་འདེབས་པར་རླུང་ལངས་གིས།
དོན་དག་དེར་ཤོད་མི་ཕོད་པའི་གསང་བ་ག་རེ་རེད།
ཀུན་སློང་བསྟན་མ་ཐུབ་པ་དེ་ལ་དགོངས་དག་ཟེར་བ་ཟེར་རྒྱུས་འཕོངས་པའི་གཅམ་བུ་འདྲ་ཆགས་ཀྱི་ཚིག་ཅིག་མ་ཡིན་ནམ། ཕྱོགས་གཞན་ཞིག་ནས་བལྟས་ན་དགོངས་དག་ཐུགས་བདེན་ཞུ་མི་དགོས་པར་ནན་གྱིས་ཞུས་བ་དེ་བགད་དྲོ་བ་ཞིག་ཀྱང་བྱུང་འདུག
གང་ལྟར་ང་ལ་དགོས་པ་དེ་ཁ་ཡོད་ལག་ཡོད་ཀྱི་ཁུངས་སྐྱེལ་ར་སྤྲོད་གསལ་པོ་དེ་རེད་མོད་དེ་ནི་མིན་འདུག ཁྱེད་ཀྱི་འདི་ཕྱོགས་ལྷུང་གཞི་མེད་ཀྱི་བརྩམས་སྒྲུང་ཙམ་དང་ཁ་བརྡ་དྲྭ་ཚིག་ནང་གི་གཅོལ་ཆུང་ལ་རེའི་སྙིང་ཁམས་བཀྲུངས་སྤྱད་སྤུས་དག་ཅིག་ལས་གཞན་གང་ཡང་མིན་པ་གསལ་པོ་ཤེས་སོང་།
གནའ་མི་བོད་ཀྱི་གཏམ་དཔེ་ལ་”གཏམ་དྲིས་ན་མི་ཤེས་བསྒུགས་ན་ཤེས”་ཟེར་བ་ལོས་བདེན་ཨང་།
མགྲོན་ཁང་དེ་དགོན་པ་ཞིག་གི་མ་རེད་། མི་ཚང་ཞིག་གི་རེད་། ཁང་བདག་གི་མང་ལ་འབྲས་ལྗོངས་ཟེར་གྱིན་ཡོད་པ་རེད་། མི་རེ་ཁ་ན་གཏམ་རེ་། ངས་གོ་ནོ་ཡིན་ན་མོ་རང་གི་དགའ་རོགས་གྲྦ་རྫུན་བིས་ས་ཡི་ནག་ཚོང་བྱེད་འཁན་དེའི་བསད་པ་རེད་ཟེར་།
ཟླ་མེད་ལགས། གྲྭ་བས་མི་བསད་ཚུལ་ཞིག་ཐོས་ན་ཡང་བོད་མི་ཚོའི་ངོར་ཧ་ལས་པ་ཞིག་གང་ཡང་ཡིན་རྒྱུ་མ་རེད། གྲྭ་བས་མི་བསད་ཚུལ་མང་པོ་འདུག ལོ་གཅིག་ལ་གསེར་རྟ་རྫོང་དུ་མི་བསད་ནག་ཉེས་ཅན་གྱི་བཙོན་པ་བཅུ་གཉིས་ཡོད་པའི་ནང་གི་བརྒྱད་གྲྭ་བ་རེད་ཟེར་བ་ཐོས་སོང་། རྒྱ་གར་བལ་ཡུལ་ཡས་མས་སུ་ཡང་གྲྭ་བས་མི་བསད་ཚུལ་མང་པོ་ཡོད་དྲན།
ང་རྒྱལ་མཐའ་ཡས་ལགས་ཀྱི་བཀའ་མོལ་དེ་རྟའི་རྔ་མ་བཞིན་དུ་ཕྲ་རུ་དང་རང་བཞིན་ངོ་མ་གང་ཡིན་པ་དེ་གསལ་དུ་འགྲོ་གིན་འདུག ཕྱོགས་ལྷུང་གི་ཚིག་མང་དུ་འགྲོ་གིན་འདུག ངས་སྔོན་ནས་ཀུན་སློང་ལ་བལྟ་དགོས་པའི་སྐད་ཆ་བཤད་པ་དེ་ཚོ་མངོན་ཤེས་འདྲ་སེ་བ་ཞིག་བྱུང་འདུག་སྙམ་བཞིན་རང་གི་རང་ལ་སྤོབས་པ་སྐྱེས་དགོས་པ་ཞིག་དང་བསྟོད་པ་བཏང་དགོས་པ་ཞིག་ཀྱང་ཆགས་སོང་།
རིན་ཆེན་མིང་འཛིན་པ་ལགས། ཀུན་སློང་གཙང་མའི་ངང་ནས་གླེང་ན་ཡག་པོ་མི་འདུག་གམ། ཅོལ་ཆུང་གི་ལས་ཀ་མ་ལས་རོགས། འདི་ནི་བསམ་བློ་མཐོར་འདེགས་བྱེད་སའི་སྟེགས་བུ་ཞིག་ཡིན་པ་ལས་བླུན་པོའི་ལྐུགས་རྟགས་སྟོན་སའི་འཐབ་ར་ཞིག་མ་རེད།
སེམས་ཀྱི་བསམ་པ་ལག་གིས་མ་བྲིས་ཀྱང་།།
བྲིས་པའི་ཡི་གེས་བསམ་པའི་གཟུགས་བརྙན་སྟོན།།
གོས་པའི་སྐྱག་པ་མིག་གིས་མ་མཐོང་མོད།།
དྲི་མས་ཕྱོགས་ཀུན་ཁྱབ་པའི་དཔེ་ལ་ལྟོས།།
བདེ་སྐྱིད་མོ་མིང་དང་བཟང་པོ་ཕོ་མིང་གཉིས་ཀ་མི་གཅིག་གི་མིང་ཡིན་ན་ནི་སྙིང་རྗེ་པོ་མིན་འདུག ཁྱེད་རང་གའི་བཟའ་ཟླའི་མིང་མཉམ་དུ་སྦྱར་ཡོད་ན་ནི་གང་ཤེས། གཞན་ཕོ་མིན་མོ་མིན་འདྲ་ནི་ཡེ་ཡིན། ཁྱེད་རང་ལ་བཀའ་མོལ་ཞུ་དགོས་བསམ་ཡང་མིང་དེ་མཐོང་ནས་བགད་མོ་ཤོར་དྲག་ཉལ་ཁྲིའི་སྟེང་འདྲེ་ལྡོག་རྒྱག་མ་ཚར་པར་རེ་ཞིག་ལུས་རྗེས་སུ་དྲན་པ་རྣལ་དུ་ཕབས་ནས་བལྟ་དུས་ཁྱེད་རང་གིས་དགག་པ་ཡིན་པ་གཞི་ནས་ཧ་གོ་སོང་། ལགས་སོ། ལགས་སོ་གསུང་དང་རྒྱུ་མཚན་དང་རིགས་པ་གསུང་དང་ངས་ལན་ཕུལ་ཆོག
ཁྱེད་རང་གྲྭ་པ་མིན་ན། གྲྭ་པས་མི་གསོད་སྟངས་ཉམས་ཞིབ་བྱེད་དགོས་དོན་མེད། ལྟ་བ་ལོག་པ་ཞིག་ན་གང་ཤེས། བཅོས་སྒྲུང་ཡིན། དངོས་སྒྲུང་ཡང་ཡིན། ཟེར་བ་ལྟ་བུའི་རིག་འཚོ་མ་གནས་པའི་སྐད་ཆར་ཡིད་མུག་སོང་།
བཀྲ་ཤིས་བདེ་ལེགས། །ཁྱེད་སྤོབས་པ་མཐའ་ཡས་ཡིན་ན་བུ་མོའི་ཨ་མ་དེའི་མིང་དང་བུ་མོ་དང་གྲྭ་གཟུགས་གཉེར་བ་དེ་ཚོའི་ལོ་རྒྱུས་གཞི་ཆགས་སྡོད་ས་ཡུལ་ཕྱོགས་དང་བཅས་པ་ཁ་གསལ་བོ་འདིར་བཀོད་ན་ཁྱོད་ལ་སྤོབས་པ་མཐའ་ཡས་འབོད་པ་ལས། དེ་མིན་དྭོགས་པ་མཐའ་ཡས་སུ་མ་སོང་ངམ། བྱ་རོག་སོ་བརྟག་གི་བསྟན་བཅོས་ཟེར་བ་དག་ཀྱང་འདི་འདྲ་མིན་ན་ཅི་འདྲ་རེད། ། ཨ་ལ་ཀུ་རེ་ཡིན་གདའ། ཚོར་བ་དོད་པོ་དངོས་སུ་གསུངས་འདུག དགེ་ཆོས་ཀྱི་གསུང་དང་འདྲ་བོ་གདའ། །
སྐུ་ཞབས་སྤོབས་པས་བྲིས་པའི་སྒྲུང་དེ་དངོས་བྱུང་རང་རེད་ཞག་ བླ་མ་མཁྱེན་
ངའི་ཤེས་གསལ་ལྟར་ན་འགྲོན་ཁང་དེ་གྲྭ་ཚང་ཞིག་གི་མ་རེད་ ཡིན་ན་ཡང་བུ་མོ་དེ་ལ་མཐོང་ཆེན་བཙོང་མཁན་སེར་བྱེས་གྲྭ་ཚང་གིས་དགེ་བཤེས་འམ་ཚོང་པ་གྲྭ་ཚང་ཁ་གསོ་མཁན་སྐད་གྲགས་ཅན་ཞིག་རེད་ དོན་རྐྱེན་དེ་བྱུང་རྗེས་དགེ་བཤེས་དེ་ལོ་མང་ཞིག་ཕྱི་རྒྱལ་ཁག་བསྡད་དགོས་བྱུང་པ་རེད་ བུ་མོའི་མཉམ་དུ་ཡོད་པའི་ཧང་ག་རིའི་གཞུངས་ཚབ་ཁང་གི་སྐུ་ཞབས་རྒྱག་པ་དེ་ཡང་ གྲྭ་ཚང་གི་དགེ་བཤེས་དེའི་ཕྱགས་མཛོད་ཞིག་ཡིན་པ་སྨྲོས་མེད་རེད
དེང་སང་གི་དུས་ཚོད་ལ་ དེ་ཚོ་ལ་གྲྭ་པ་མ་ཟེར་ཐབས་མེད་རེད གྲྭ་སའི་གྲྭ་པ་ཕལ་ཆེ་བ་དེ་འདྲ་བོ་ཤ་རྟག་རེད་ འདོད་ཆགས་ཞེ་སྡང་ང་རྒྱལ་ཕྲག་དོགས་ཕྱོགས་རེས་མཐུན་ཁྱེར་སོགས་བརྒྱུད་ཡོངས་སུ་གང་སྡད་པ་རེད་ མ་ཚད་འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་ཟུར་ལ་ལྟོས་དང་ གྲྭ་པ་ཡོངས་རྫོགས་ནང་ནས་བརྩེ་ཕུད་རེད་ཟེར་ནས་དགའ་ལྡན་ཁྲི་ལ་བསྐོས་པ་རེད།
གྲ་པ་གཅིག་ལ་དད་པ་ལོག་ནས། གྲ་མང་ཡོངས་ལ་དམོད་པའི་ཁ་སྡིག་མ་གསོག། འདི་ནི་སྡིག་པ་ཤིན་ཏུ་ལྕི་བའོ། །
གྲྭ་ལོག་གྲྭ་པའི་ཞབས་འདྲེན་རེད་ཟེར་བ་གོ་མྱོང་། གཅིག་བྱས་ན་སོ་སོ་གྲྭ་པ་ལོག་པའི་ཞབས་འདྲེན་དེ་འགེབས་པའི་ཆེད་དུ་གྲྭ་པ་ཟེར་བ་ཞབས་འདྲེན་དང་མ་རབས་དང་ཐབས་ཆག་རེད་སོགས་ཟེར་ན་ང་གྲྭ་པ་ལོག་ཀྱང་སྐྱོན་ཅི་ཡོད་བསམ་རྒྱུར་ཅུང་ཟད་ཕན་འདོགས་འདྲ་ཨེ་འདུག
ལར་ནས་བོད་ལ་ཆོས་ལུགས་པ་ཚོར་ཐོབ་ཐང་ཆེ་དྲག་འདུག་བསམ་པ་ཞིག་ངོ་མ་ཡོད་འདི་སྤྱི་ཚོགས་ཀྱི་དཀའ་རྙོག་རེད་མ་གཏོགས་གྲྭ་པ་རྐྱང་པས་གནས་ཚུལ་ཨེ་ཡིན། མ་ཟད་གྲྭ་པ་རེ་ཟུང་ཏན་ཏན་སྡུག་ཅག་ཡོག་རེད་ང་དེ་ཚོའི་རྒྱབ་ལང་ནམ་ཡང་བྱེད་མི་སྲིད། འོན་ཀྱང་མི་དེ་དག་སྒེར་པ་དེ་ཚོར་སྤྱི་མིང་རྩ་ནས་འཇུག་གི་མ་རེད།
རྒྱ་མིའི་རྒྱུག་ཁྱི་ཁ་ཤས་སྤྱི་ཚོགས་ནང་རྙོད་དྲ་སློང་བའི་ཆེད་དུ་ཡོང་སྲིད་པ་རེད་གོང་དུ་ཀུན་སློང་ལ་བལྟ་དགོས་ཟེར་བ་དེ་ཡིན། འོན་ཀྱང་ཧ་གོ་བ་ཞིག་ལ་སྤོབས་པ་མཐའ་ཡས་སུ་ཡིན་དང་ལས་ཀ་གང་བྱེད་ཉུལ་མ་ཡིན་མིན་ས྄ོགས་གང་ཡང་བཤད་མེད་པའ་གོ་ནོར་མ་ཐེབས་པ་གནང་རོགས།
མདོ་དོན་རང་གཞན་སུ་ཡིན་ཀྱང་སྔ་ཕྱི་བར་གསུམ་གྱི་གནས་ཚུལ་ཁོང་དུ་ཆུབ་པའི་ཐོགས་ནས་སྐད་ཆ་བཤད་ཡག་ཅིག་ཡོད་ཟེར་ནས་བཤད་པ་མ་ཡིན་པར་བཤད་པའི་འཇུག་འབྲས་ལ་བསམ་ནས་བཤད་དགོས་པ་དང་བཤད་པའི་སྐད་ཆའི་ལྗིད་ཡང་རྩོམ་པ་པོ་དང་ཀློག་པ་པོ་གཉིས་ཀས་འགན་འདྲ་མཉམ་ཁྱེར་དགོས་པ་གལ་ཆེ་པོ་མཐོང་ནས་ཞུ་བ་ཡིན།
ཐུགས་རྗེ་ཆེ་རྗེས་སུ་མཇལ་ཡོང་།།
ལས་བྲེལ་བར་གྱི་ཞོར་བྲིས་འདིའི་ནང་ཡིག་ནོར་དང་སྡེབ་སྦྱོར་མ་ལེགས་པ་འདུག་པས་བཟོད་གསོལ་ཡོང་བ་ཞུ།
དྲངས་བདེན་བཤད་པ་དེ་ སངས་རྒྱས་ཤཀྱ་མུ་ནེའི་ཆོས་ལུགས་ནང་སྒྲུབ་ཕྱོགས་ཡིན་པ་ལས་ལྡོགས་ཕྱོགས་ཡིན་པ་གསུངས་མི་འདུག།
གྲྭ་ལོག་གྲྭ་པའི་ཞབས་འདྲེན་རེད་ཟེར་བ་དེ་བདེན་པ་ཡིན་ན་ པན་ཆེན་ཆོས་ཀྱི་རྒྱལ་མཚན་གཙོའི་མང་པོ་ཞིག་ཞབས་འདྲེན་དང་ཞབས་ཞུ་གང་རེད་འགྲོ་མི་ཤེས དངོས་གནས་བཤད་ན་གྲྭ་ཚང་ཁག་ནང་རྒྱུ་དང་དབང་ཡོད་པའི་སྐུ་ཞབས་དེ་ཚོ་ལ་བསྒྱུར་བཅོས་ཞིག་བཏང་དགོས་ངེས་རེད དེ་མིན་བོད་པའི་སྤྱི་ཚོགས་ནང་ཚད་ལྡན་ཚུལ་མཐུན་གི་སྤྱི་ཚོགས་ཞིག་འོང་མི་སྲིད
བསྒྱུར་བཅོས་ཚར་གཅིག་མ་འོ་ཙི་དོང་གིས་འུ་ཚོ་ལ་བཏང་ཚར་བ་རེད། ཡང་རྐྱར་རང་གིས་རང་ལ་བྱིན་གྱིས་བརླབས། རྐང་པས་མགོ་ལ་བྱིན་གྱིས་བརླབས་འདོད་ན་དེ་ཡང་འདོད་པ་རེད་ཡིན་དང་ཡིན།
དྲང་བདེན་བཤད་ཡག་སངས་རྒྱས་ཀྱི་ཆོས་ལུགས་མ་རེད་ཟེར་བ་ནམ་ཡང་མེད། འོན་ཀྱང་མི་ལ་ལས་མི་བསོད་ཀྱི་དོན་རྐྱེན་འབྲེལ་མེད་ཅིག་ཐ་མ་དགའ་ལྡན་ཁྲི་པའི་མགོ་ལ་སྤུངས་པ་འདུག་པ་དེ་དྲང་བདེན་རྩ་ནས་མ་རེད། འདི་འདྲ་བཤད་ཡག་མི་འདི་དགེ་ལུགས་པ་ཞིག་རེད་བསམ་ན་ནོར་པ་རེད་གང་ཡིན་ཟེར་ན་ང་དགེ་ལུགས་པ་མིན་མ་ཟད་ད་ལྟ་ཆོས་ལུགས་པ་ཞིག་ཡིན་མིན་འདི་ཡང་གང་ཤེས། གང་ལྟར་དེ་དྲང་པོ་མ་རེད་ལ་བསམ་བློ་ཕྱོགས་སུ་ལྷུང་དྲག་པ་ཟུར་བལྟས་ལེབ་མཐོང་རེད། འོན་ཀྱང་ཁྱོད་ཀྱི་སྐད་ཆ་བཤད་སྟངས་དེས་མི་ཁྱོད་དགེ་ལུགས་པ་མ་ཡིན་པ་ཐག་གིས་ཆོད། ཡ་ང་ནོར་སོང་ངམ།
ངོ་མཚར་བསམ་པའི་གཟུགས་རིས་སྣ་ཚོགས་ལས།།
མཁས་དང་བླུན་པོའི་རྣམ་འགྱུར་ཐོན་པ་འདི།།
སྒྲ་དང་ཡི་གེའི་རྗེས་སུ་མ་འགྲོ་བར།།
དོན་ལ་བརྟགས་ན་འཁད་ཀྱིས་གོ་བར་ཟད།།
དྲ་གྲོགས་ལགས་ཀྱིས་ཞིབ་ཚགས་རང་བཞིན་ཅན་གྱི་སྒྲུང་གཏམ་ཀློག་བཞིན་པའི་སྒང་ཡིན། རྒྱ་གར་གྱི་དུས་ཚོད་དང་པོ་དང་སྐར་མ་བཅུ་རེད། རྫུན་ཡིན་ན་དཀོན་ཅོག རྗེས་སུ་ཞིབ་ཀློག་ཅིག་བྱས་ནས་མཆན་འདེབས་རྒྱུ་ཡིན། སྤོབས་པ་མཐའ་ཡས་ལགས། ཉིད་ཀྱི་ངོ་གདོང་ང་ལ་མི་སྟོན་ཡང་གློག་འཕྲིན་ནམ་ཡིག་ཟམ་ཞིག་ངེས་པར་བསྐུར་རོགས་ཞུ། gethong8@yahoo.com ཨོ་སང་ཉིན་དཱ་དགེ་བསྐོས་ལག་ལ་ང་ཤོར་ཚར་ཡིན་གོ
སྒྲུང་གཏམ་ནི་སྤྱི་ཚོགས་ཀྱི་གཟུགས་བརྙན་ས་རུ་འབྲི་བའི་དངོས་བྱུང་གསོན་པོ་ཞིག་རེད། ཕྱིན་ཆད་གཟབ་གཟབ་བྱས་ན་རེད། གྲྭ་བ་ཟེར་ཡང་མི་རེད། མི་ཞེས་བ་ནི་ངན་ས་བལྟས་ན་ཆགས་སྡང་གི་ཕུང་པོ་ཞིག་རེད། ཆགས་སྡང་གི་ཕུང་པའི་ལྡན་པའི་མི་ཞིག་ལ་ཚད་མཐོའི་གདིང་འཇོག་བྱས་ན་རང་ཉིད་བླུན་པའི་རྒྱུ་ལས་གཞན་གང་ཡང་མིན། གྲྭ་བ་མང་ན་རང་མགོ་རང་གིས་སྐོར་ཞིང་རང་ལག་རང་གིས་བཅིང་བ་ལས་ཅི་ཡང་མིན།
རྒྱ་ནག་དང་དགྱ་ནག་གི་དབྱེ་བ་ད་དུང་འབྱེད་མི་ཤེས་ན་ཨ་ཁུ་ལྷ་ཆབ་སྦྱིན་པ་ལགས་ཀྱི་ཞབས་ལ་ཕྱག་འཚལ་བར་རྒྱུགས། ད་དུང་མཁས་དང་བླུན་ཞེས་པའི་ཐ་སྙད་དག་བེད་སྤྱོད་ལེགས་པར་བྱོས། འགྲོ་མ་ཤེས་གོང་རྒྱུགས་ཟེར་བའི་དཔེ་ལས་མ་འདས། ཁ་ནང་ནས་བཙོག་པ་རྐྱང་རྐྱང་ལས་མེད་པ་ཅི་ཡིན་ནམ།
མགྲོན་ཁང་དེ་ལྷ་ས་མགྲོན་ཁང་མ་རེད་དམ། ངས་དེ་ལྟར་གོ་སོང་། ལྡི་ལིར་སྡོད་པའི་ངའི་སྤུན་མཆེད་ཅིག་གིས་ཀྱང་སྣང་ཚུལ་འདི་མཐོང་འདུག ཕྱི་བསྐྱོད་ཐོངས་མཆན་ཉོ་བའི་ཚོང་ལས་འདིས་མི་མང་པོ་ཞིག་ཕྱུག་པོ་བཟོས་ཡོད་ཀྱང་མི་དེ་བས་མང་བ་ཞིག་དབུལ་པོ་དང་སྨྱོན་པ། ཐ་ན་གཏན་མེད་དུའང་བཏང་ཟིན་ཏེ་དཔེར་ན་བུ་མོ་འདི་བཞིན་ནོ།
ངས་ཐོས་བ་ཡིན་ན་གྷགྲྭ་རྒན་དེས་བཙན་གཡེམ་བྱས་རྗེས་གནས་ཚུལ་དེ་འདྲ་ཞིག་བྱུང་བ་རེད།
ཨ་ཨ་སྙིང་རྗེ། བུ་མོ་དེ་དངོས་གནས་མཛེས་མ་ཞིག་ཡིན་ཐལ། ཉིན་དེར་ཡང་ངས་ཁོ་མོ་མཐོང་སོང་། ཅི་འདྲའི་བློས་མི་ཐོངས་པ་ཞིག་རེད་ཨང་། ཁོ་མོ་དེ་ལྟར་མི་འདོད་བཞིན་གཞན་གྱིས་ལྔ་ལམ་ལ་བརྫངས་ཟིན་པས་ཡོད་ཚད་མཇུག་རྫོགས་པ་རེད་མོད། འོན་ཀྱང་གོ་ཐོས་ལ་ཁོ་མོའི་མ་རྒན་གྱི་མིག་ཆུ་ད་དུང་རྒྱུན་ཆད་མེད་སྐད། རྐྱེན་ངན་དེ་བཟོས་ནས་མི་ལོ་འདི་འདྲ་ཞིག་འགོར་རུང་མི་ཚོས་ད་དུང་བརྗེད་ཀིན་མེད། འདང་བརྒྱབ་ན་བརྗེད་ཀྱང་ཐུབ་རྒྱུ་མ་རེད། གང་ལྟར་ངའི་དྲན་ཡུལ་ན་ད་དུང་གནས་ཚུལ་དེ་གསོན་པོ་རེད་འདུག མི་གསོད་དོན་རྐྱེན་མ་བྱུང་བའི་སྔོན་ཏག་ཏག་དེར་ང་སྒེར་དོན་ཞིག་གི་ཆེད་རྡེ་ར་རྡུན་ནས་ལྡི་ལི་མ་ཇུ་ཏྲི་ལར་འབྱོར་མ་ཐག་ཡིན། ནམ་རྒྱུན་ལྡི་ལིར་སླེབས་ན་ང་རང་ལོད་ཕྱོགས་ཞིག་གི་ལྷ་སའི་མགྲོན་ཁང་དུ་སྡོད་ཀྱི་ཡོད། ཉིན་དེར་ཡང་ང་ལྷ་སའི་མགྲོན་ཁང་དུ་ཐོ་འགོད་བྱས་ནས་བསྡད་པ་ཡིན་ལ། ང་སྡོད་ས་ཐོག་བརྩེགས་གསུམ་པའི་ཨང་གྲངས་བརྒྱད་པ་རེད། ཉིན་དེར་ངས་གཟུགས་པོ་བཀྲུས་ནས་ལྡི་ལིའི་གནམ་ཐང་ལ་མི་ཞིག་སྣེ་ལེན་བྱེད་དུ་འགྲོ་གྲབས་བྱེད་བཞིན་པའི་སྒང་ལ་ཕྱི་ལོགས་ནས་མི་ཞིག་གིས་སྒོ་བརྡུངས་སོང་། མ་གཞི་སྒོ་རྡུང་མཁན་ནི་བུ་མོ་ཤི་མཁན་དེ་རེད། ཁོ་མོས་ཁོ་རང་ཁང་མིག་ནོར་སོང་ཟེར་ཞོར་ངོ་གནོང་བའི་ཚུལ་གྱིས་ང་ལ་”བློ་དར”སྡོད་ས་ཁང་མིག་དགུ་བ་ཨེ་རེད་ཟེར། ངས་ལན་དུ་”བློ་དར”སུ་རེད། ངས་མི་ཤེས་ཟེར་ཞོར་བྲེལ་ཚུལ་གྱིས་གནམ་ཐང་ཕྱོགས་སུ་རྒྱུགས་ནས་ཕྱིན་པ་ཡིན། ༼མུ་འགོད༽
བདེ་སྐྱིད་བཟང་པོ་མ་རེད་གཏུམ་མོ་རེད།།
ལྗགས་དེ་རྣོ་ངར་མཚོན་གྱི་སྤུ་གྲི་རེད།།
འོན་ཀྱང་ཐུགས་སེམས་བྱམས་བརྩེས་ཡོག་ཡོག་རེད།།
ཁྱོད་ལ་འཇིགས་ཀྱང་འཇིགས་ལ་དགའ་ཡང་དགའ།།
ཚིག་གསུམ་ཁ་ཕོ་ཐལ་ན་བཟོད་པར་མཛོད།།
དོན་མེད་ཅལ་ཅོལ་ཡིན་ན་རིགས་པས་ཁོགས།།
ཐུགས་སེམས་དབང་མེད་ཤོར་ན་ཁྲོ་དོན་ཅི།།
དགོངས་པར་གང་ཞིག་འཁོར་བ་དེ་ཉིད་གསུང་།།
དེ་མིན་རང་གི་བསམ་པ་བརྗོད་པ་ལ་།།
བརྗོད་ལུགས་རིགས་པས་འཕྲུལ་ལས་དྲངས་པའི་ཕྱིར།།
སུ་ཡི་ཡིད་འཐད་ཀྱང་དགའ་རྒྱུ་དང་།།
མ་འཐད་ང་ལ་སྡུག་རྒྱུ་ཅི་ཡང་མེད།།
བཀྲ་ཤིས་བདེ་ལེགས་རྗེས་སུ་མཇལ་ཡོང་།།
དཀོན་མཆོག་སྐམ་པོའི་བྱུང་བ་དེ་ཕྲན་གྱིས་སྒུག་ནས་ཡོད། ཉིད་ཀྱིས་བྲིས་བ་ཐུགས་རྗེ་ཆེ།
ཁ་བྱང་ལ”མི་བསད་དོན་རྐྱེན་ཞིག”ཅེས་བྲིས་པ་དང་ནང་དོན་གཉིས་ལ་ཁྱད་པར་ཞིག་འདུག ཁ་བྱང་ལ་བལྟས་ན་གཞན་ཞིག་གིས་བསད་པ་ལྟ་བུར་སྣང་རུང་ནང་དོན་ལ་གཞན་གྱིས་བསད་པ་ཡིན་ནམ་ཡང་ན་སྟབས་མ་ལེགས་པར་ལྷུང་བ་ཡིན་གང་ཡང་གསལ་མི་འདུག སྒོར་འབུམ་གཅིག་སྤྲད་དེ་ཁ་བཀག་པ་རེད་ཅེས་པའང་གཞན་གྱི་ཟེར་སྒྲོས་ཙམ་ཡིན་པར་བཤད། དེ་བས་ཁ་བྱང་ལ་བལྟས་ན་ཐག་ཆོད་པ་དང་འདྲ་ལ་ནང་དོན་ལ་བལྟས་ན་ཐག་ཆོད་པ་རང་རེད་མི་འདུག འདིར་གོ་རྒྱུ་གལ་ཆེན་ཞིག་ཡོད་པ་མིན་ན་ནོར་བ་རང་རེད།
དཀོན་མཆོག་སྐམ་པོ་ལགས་ ཁྱེད་ཀྱི་གཏམ་རྒྱུད་འཕྲོས་དེ་ལ་སྒུག་ནས་ཡོད། མུ་མཐུད་ནས་གསུངས་རོགས།
གསར་འགྱུར་ནང་ལ་མ་ཐོན་པའི་སྲང་ལམ་གྱི་འཁྱམས་ཚིག་ལ་དེ་ཙམ་ཡིད་ཆེས་བྱ་དཀའ་བའི་གནས་སུ་མཐོང་ངོ་། །
འདི་མཆན་བུ་མཐའ་མ་ཌྷདེ་ཡིན་སྲིད། ངས་འདི་ལོ་ཁ་ཤས་སྔོན་ནས་ཐོས་སོང་། ལྷོ་ཕྱོགས་ཀྱི་དགེ་ལུགས་པའི་དགོན་པ་ཆེན་པོ་ཞིག་ནས་ཡིན་པའི་གྲྭ་པ་རྒྱག་པ་དེ་དང་ཤི་ཟིན་པའི་བུ་མོ་དེ་གཉིས་བར་རྟོགས་པར་དཀའ་བའི་གསང་བ་ཆེན་པོ་ཞིག་ཡོད་པ་སྨོས་མེད་རེད།
འདིར་སྤོབས་པ་མཐའ་ཡས་ཀྱིས་དངོས་བྱུང་ལ་གཞི་བྱས་ནས་བྲིས་པ་འདིར་ལ་ལས་ཡོངས་སུ་རྫོགས་པ་བདེན་པའི་ངོ་བོར་བལྟས་ནས་བཀའ་སྐྱོན་གནང་བ་དང་། ཁ་ཤས་ཀྱི་གཞི་མེད་རྟོག་འཆར་དུ་བལྟས་ནས་དགེ་སྐྱོན་གླེང་བ་གཉིས་ཀ་མི་ལེགས་སོ།།
དོགས་པ་རམས་འབྱམས་པ་འདིས་དངོས་གནས་མ་ཤེས་པར་དོགས་པ་བྱེད་ཀྱིན་ཡོད་དམ། ཡང་ན ཤེས་བཞིན་བསམ་གཟས་ནས་འདི་འདྲ་བཤད་ཀྱིན་ཡོད་དམ། ཁྱོད་རང་བདེ་བོ་མི་འདུག་གམ། གང་དུ་ན་ཚ་གཏོང་གིན་འདུག་གམ།
གཤིས་བཟང་བུ་མོ་གསོད་མཁན་དེ་གྲྭ་བའི་མཚན་ཉིད་ཚང་འདུག་མི་ཤེས་མོད། འོན་ཀྱང་མགོ་རིལ་ལྭ་དམར་གྱོན་མཁན་ཞིག་རེད། རྒྱགས་པ་གསོ་ཕག་འདྲ། སྲང་དུ་འགྲོ་སྐབས་གྲྭ་བ་ཡིན་འདོགས་ཁ་བོ་བྱས་ནས་འགྲོ་ཡི་འདུག
རྡ་ས་དང་། ལྡི་ལི་ནི། གྲྭ་བ་དང་། གྲྭ་ལོག་ཚོའི་མི་ཚེ་བཅས་སའི་ལྟེ་བ་ཞིག་རེད་ལབ་ནའང་འགྲིག་པ་ཞིག་རེད་འདོད།
ཁོ་ཚོའི་མི་མང་སྤྱིད་མཚུངས་ལྟར་དཀའ་ལས་རྒྱབ་མི་ཐུབ་པས་ན། བར་གསེང་གི་ནག་ཚོང་དང་། རྒྱུག་ཁྱི་བྱེད་ཀྱིན་པ་ནི་ཆེས་མངོན་གསལ་ཞིག་རེད།
སྤོབས་པ་མཐའ་ཡས་ཀྱིས་རྩོམ་ཡིག་འདིའི་ནང་ཁུངས་སྐྱེལ་མེད་ན། སྐྱོན་བརྗོད་ཆེན་པོ་འགའ་བཟོས་འདུག
༡ དགོན་པ་ཞིག་གི་འགྲོན་ཁང་དང་། ཕྱག་མཛོད་ཅིག་དང་འབྲེལ་བ་ཡོད་རབས། དེ་ལས་ཀྱང་བུ་མོ་ཐང་ལ་རིལ་ནས་ཡོད་དུས། གྲྭ་བ་འགའ་ཐོན་ཡོང་བ་སོགས་ནི།
དགོན་སྡེ་སྤྱི་དང་། དེ་དག་གི་ཕྱག་མཛོད་རྣམས། མ་ཟད་གྲྭ་བ་སྤྱིའི་ཆ་ནས་སྨྲ་འབེབ་བྱས་འདུག་དྲན།
༢ རྒྱུ་མཚན་འདི་ལ་བརྟེན་ནས། ལྡི་ལི་རུ། ས་སྐྱ་དང་། ཀིརཏི། སེ་ར། བློ་གསར་གླིང་། རི་མགོ་འགྲོན་ཁང་སོགས་ཡོད་པས། དེ་དག་ལ་གྱོད་གཞི་བགོས་འདུག
༣ བོད་པས་བཙན་གཡེབ་བྱས་པའི་ནག་ཉེས་བཙུག་འདུག དེ་ནི་ཁུངས་སྐྱེལ་མེད་ན། བོད་པ་སྤྱི་གཞི་མེད་སྐྱོན་བརྗོད་བྱས་པ་ཞིག་རེད།
རེད།
དགེ་བཤེས་བློ་རྒྱམ་དང་དགེ་ཕྲུག་གཉིས་ལ་གྲི་བརྒྱབས་ནས་བསད་པ་རེད། བསོད་མཁན་གྲ་བ་རེད།
ཕྱི་རྒྱལ་ལ་འགྲོ་མཁན་བུ་མོ་གཞོན་ནུ་མ་་ཐོག་བརྩེགས་གསུམ་པའི་སྒེའུ་ཁུང་ནས་མར་གཡུག་ཏེ་གསད་པ་རེད། དེ་ཡང་གྲ་བ་ཡིན་ས་རེད།
མི་བསད་དོ་རྐྱེན་དེ་གཉིས་ཀྱི་སྔོན་མ་དེ་ཞེ་སྡང་གིས་བསད་པ་དང་རྗེས་མ་དེ་འདོད་ཆགས་གིས་བསད་པ་འདྲ་འདུག ཡིན་ན་ཡང་མི་གསོད་མཁན་གྱི་ལག་དམར་དེ་ཚོ་གྲ་བ་ཡིན་ན་ཡང་གྲ་བའི་ནང་གི་འདོད་ཆགས་ཞེ་སྡང་བཅོམ་མ་ཐུབ་པའི་གྲ་བ་དག་ཡིན་ཙང་གྲ་བ་ཡང་དག་པ་ཅིག་ལ་བརྩིས་ན་རུང་གི་མ་རེད། སོང་ཙང་དངོས་སྒྲུང་རྩོམ་ཡིག་འདིས་གྲ་བ་སྤྱི་ལ་ངན་དམོད་གང་ཡང་བྱས་མི་འདུག་པས་དེར་སེམས་ཁྲལ་དང་ཞེ་སྡང་ཐོལ་བ་གང་ཡང་སྐྱེ་དགོས་དོན་མི་འདུག
དངོས་བྱུང་གི་གནས་ཚུལ་ཅིག་ཤོད་སྐབས་དེ་ནི་ཁ་མཆུ་བཙུགས་པ་ཡིན་ན་ནི་ BBC དང་ CNN གསར་འགྱུར་ལས་ཁང་སོགས་ཀྱིས་རྒྱུན་གཏན་མི་གསད་དོན་རྐྱེན་གི་གནས་ཚུལ་རྐྱང་ཤོད་བཞིན་འདུག
དེར་སུས་ཁ་མཆུ་འཛུགས་སམ། ད་རུང་སྤྱི་ཚོགས་འདི་དངོས་ཡོད་དང་དྲང་བདེན། ཕྱི་གསལ་ནང་གསལ་ཅིག་ཡོང་དཀའ་རྒྱུ་རེད།
གསར་འགྱུར་ལམ་དུ་གསལ་པོར་མ་སྤེལ་ཞིང་༎
ཁྲིམས་བདག་ཆེན་མོས་ཁྲིམས་ཐག་མ་བཅད་པའི༎
ཉམ་ཆུང་སྲོག་ལ་རྩེད་ཆས་བྱས་པའི་ཚུལ༎
ཀུན་གྱིས་བརྗེད་ཀྱང་ཁོ་བོས་བསྐྱར་དུ་གླེང་།
དངོས་བྱུས་ལོ་རྒྱུས་ཡིན་ན། དགོངས་དག གྲྭ་པ་དང་ཆོས་པར་འཕྱ་དམོད་མ་བྱས་པར། བཙན་བྱོལ་སྒྲིག་འཛུགས་ཁྲིམས་ཁང་དང་རྒྱ་གར་ས་གནས་ཀྱི་ཉེན་རྟོག་པར་འཕྲིན་ལོན་གནང་ཐུབ་ན། རྗེས་མ་ཡང་བསྐྱར་མི་ཡོང་བའི་ཐབས་ཤེས་བཟང་ཤོས་དེ་རེད། བཟང་པོ་ལགས།
བདེན་པ་བཤད་དུས་སུ་ལ་ཕོག་ན་ཡང་སྡུག་གྱོང་རེད་བསམ་གིི སྤྱིར་ན་དེངས་སང་གི་གྲྭ་པ་དང་བླ་མ་དེ་ཚོ་འདོད་ཆགས་ཞེ་སྡང་སོགས་མི་སྐྱ་ལས་ཆེ་བ་ཞིག་ཡོད་པ་འདྲ་ དཔེ་མཚོན་ཙམ་ཞུས་ན་ བོད་མི་མང་སྤྱི་འཐུས་གྲོས་ཚོགས་ནང་གྲྭ་པ་ཚོས་བྱེད་བཏང་དང་བཤད་ལུགས་སོགས་ལ་གཅིག་གཟིགས་དང་ ད་དུང་མི་གསོད་དོན་རྐྱེན་གྲྭ་པ་ཚོའི་མང་གི་ ཉེ་བའི་ལོ་ཁ་ཤས་སྔོན་ལ་བལ་ཡུལ་ཡང་ལེ་ཤོད་དུ་གྲྭ་པ་གཉིས་གིས་ཕུན་ཚུན་གསོད་རེས་བྱེད་ཡོད་ དེ་ནས་རྦིར་སྤྲུལ་སྐུ་ཨོ་རྒྱན་སྟོབས་རྒྱལ་དགོན་པའི་ནང་གྲྭ་བའི་གྲྭ་པ་གསོད་པ་ ད་ དུང་སེ་རའི་ཉེ་འཁོར་ན་གྲྭ་པ་གསད་ཡོད་ཚུལ་མང་པོ་ཡོད་གི
ཤིན་ཏུ་གཅེས་པའི་སྲོག་ལ་འཚེ་བ་ན། །
ཀླ་ཀློ་ཡིན་ཡང་སྡིག་ཅན་ལ་བརྩི་ན། །
འཁོར་བ་སྤངས་ཏེ་རབ་ཏུ་བྱུང་བ་ཡི། །
གང་ཟག་གིས་ནི་སྨྲ་བ་ཅི་ཞིག་དགོས། །
མི་སྲོག་འཕྲོག་པའི་གྲ་གཟུགས་ཅན། །
ཆོས་པ་ལྟ་ཅི་ཕལ་བ་ཡི། །
ཐ་ཤལ་ནང་གི་ཐ་ཡིན་ན། །
དེ་ལ་རྒྱབ་སྐྱོར་དེ་དང་མཚུངས། །
གནས་ཚུལ་འདི་འདྲ་ཐོས་དུས། བསམ་པ་ཕམ་ནས་མཚན་མོ་གཉིད་ཀྱང་ཁུངས་མ་སོང་། བུ་མོ་དེ་ནི་ཕྱག་མཛོད་དེས་བསད་པ་ཐག་ཆོད། བོད་པའི་ཡ་རབས་བཟང་སྤྱོད་དང་། ཡུལ་སྲོལ་གོམས་གཤིས་བཟང་པོ་རྣམས་རྩ་གཏོར་བཏང་འདུག བུ་མོ་དེའི་ཕ་མ་གཉིས་སྙིང་རྗེའི་ཡུལ་དུ་གྱུར། ཕྱིན་ཆད་འདི་འདྲ་རིགས་ནམ་ཡང་མི་ཡོང་བར་ཤོག
སྤོབས་པ་ལགས་ཐུགས་རྗེ་ཆེ། འདི་དག་དངོས་བྱུང་གི་གནས་ཚུལ་ཞིག་རེད་ཁྱོད་ཀྱིས་བསྐྱར་དུ་འབྲི་གཞེང་བྱས་པ་ལ་རྗེས་སུ་ཡི་རང་ཡོད། ནོར་འཁྲུལ་འདི་རིགས་བྱེད་མཁན་གྱི་ཁྲམ་པ་ལ་རྒྱབ་དཔུང་གི་ཚུལ་དུ་མཆན་བུ་ཐར་ཐོར་སྤེལ་མཁན་དག་ཀྱང་བརྟག་དཔྱད་ཀྱི་གནས་རེད། གདན་ས་ག་གེ་མོ་དང་ཕྱག་མཛོད་ག་གེ་མོ་སོགས་སུ་ཡིན་རུང་ནོར་འཁྲུལ་ནི་ནོར་འཁྲུལ་རང་རེད་ནམ་ཡང་ངོས་ལེན་མེད་ལ་དགག་པ་མཐའ་གཅིག་དུ་ཡོད།