གཉེན་སྐྱོང་།
ཀ་མ་ལ་ཡི་གདན་གྱི་སྟེང་ནས་སྙིང་རྗེའི་སྤྱན་རས་ཕྱོགས་ཀུན་ཏུ། །
ཁ་དོག་བཟང་ངན་དབྱེ་འབྱེད་མེད་པར་ཉམས་ཐག་འགྲོ་ལ་གཟིགས་མཛད་མ། །
ག་ས་གང་དུ་ངེས་པ་མེད་པར་གང་ལ་གང་མཁོའི་རྫུ་འཕྲུལ་གྱིས། །
ང་སོགས་འཁོར་ནས་འགྲོ་བའི་སྐྱབས་མཆོག་རྒྱལ་ཡུམ་སྒྲོལ་མ་དཀར་མོར་འདུད། །
ཅ་ཅོས་དབེན་པའི་གནས་གྱི་མཆོག་འགྱུར་འདུ་རྫིས་སྟོང་བའི་དགོན་པ་ན། །
ཆ་ལུགས་མཐུན་པའི་འདུས་སྡེའི་ཚོགས་དང་ལྷན་གཅིག་ལྷ་བབ་དུས་ཆེན་ཉིན། །
ཇ་སོགས་མཆོད་རྫས་དུ་མ་སྤུངས་ཞིང་བསྟན་རྒྱས་ཆོ་ག་གདོན་བཞིན་དུ། །
ཉ་སོགས་རིགས་དྲུག་ཕ་མར་འགྱུར་ལ་དྲིན་གསོའི་སྨོན་ལམ་སྙིང་ནས་འདེབས། །
ཏ་ཐཱ་ག་ཏ་ང་ཚའི་སྟོན་པའི་རྨད་བྱུང་མཛད་བཟང་བགྲང་ཡས་ལས། །
ཐ་ཤལ་ང་ཚོར་མིག་དཔེ་སྟོན་ཕྱིར་ཡུམ་གྱི་དྲིན་ལན་འཇལ་ཉིན་ནས། །
ད་ལྟ་ང་ཚོར་ཐུགས་གི་བར་དུ་གལ་ཆེར་འཛིན་པའི་དུས་བཟང་འདི། །
ན་ཚོད་བགྲེས་ཞོན་དབྱེ་མེད་ཚོགས་ཀྱི་ཨ་མའི་དྲིན་གསོའི་ཉིན་མོ་ཡིན། །
པ་རུ་པ་རུ་ཨ་མ་དྲན་ན་ཨ་མའི་བཀའ་དྲིན་དྲན་བཞིན་དུ། །
ཕ་རོལ་གཤེགས་དང་ད་ལྟ་ཞལ་བཞུགས་གང་ལྟར་ཅི་འདྲ་ཡིན་ཡང་རུང་། །
བ་ལང་ལྟ་བུ་བསམ་མེད་མིན་པར་གང་འདིར་ཕན་པའི་དམིགས་པ་ཡི། །
མ་བསྐུལ་དང་བླང་རྣམ་པར་དཀར་བའི་ལས་ལ་གཞོལ་རྒྱུ་སེམས་ལ་བཟུང་། །
ཙ་རི་གནས་སྐོར་ཕྱག་འཚལ་མཆོད་སྦྱིན་རང་ཉིད་འབའ་ཞིག་བདེ་བའི་ཕྱིར། །
ཚ་གྲང་ངལ་བར་བཟོད་སྒོམ་བྱེད་བཞིན་ལན་གྲངས་དུ་མར་འབད་པ་ཡི། །
ཛ་དྲག་ཆེན་པོས་སྒྲུབ་པ་ལས་ལྷག་མ་ཡི་བྱམས་བརྩེའི་ཞལ་དཀྱིལ་འདི། །
ཝ་ལེར་ཡིད་ལ་ངང་གིས་སྒོམ་བཞིན་དྲིན་གསོའི་སེམས་བསྐྱེད་དེ་ག་མཆོག །
ཞ་བོ་རྒས་གཅོང་ཉམས་ཐག་ཀུན་ཀྱང་ང་ཚོའི་སྐྱེ་བ་གྲངས་མེད་ནང་། །
ཟ་འཐུང་སྦྱིན་ཞིང་བྱམས་ཀྱིས་སྐྱོངས་བའི་ད་ལྟའི་ཨ་མར་མཚུངས་སོ་ཞེས། །
འ་ཅག་སྟོན་པས་དེ་ལྟར་གསུངས་པ་ཡིད་ལ་བརྗེད་མེད་གཅེས་ཉར་ཐོགས། །
ཡ་རབས་བཟང་པོས་དེ་དག་ཀུན་ལ་ཕན་ལས་གནོད་པ་མ་བསྐྱལ་རོགས། །
ར་བ་གངས་ཅན་ཞིང་ན་བཞུགས་པའི་ང་ཚོའི་ཨ་མ་དྲིན་ཆེན་ཚོར། །
ལ་ལུང་དུ་མས་བར་དུ་ཆོད་པའི་ང་ཚོ་ཡུལ་འགྱར་བུ་ཕྲུག་ཚོས། །
ཤ་ཁྲག་གནང་ཞིང་དྲིན་གྱིས་སྐྱོངས་བའི་བྱམས་བརྩེར་དྲིན་གསོ་མི་ཐུབ་ཀྱང་། །
ས་མཐའི་ཡུལ་ནས་དེ་རིང་ཉིན་འདིར་ཨ་མ་བདེ་བའི་སྨོན་འདུན་ཞུ། །
ཧ་ཅང་དཀོན་པའི་ལོ་གཅིག་ནང་གི་དེ་རིང་དུས་བཟང་ཉིན་མོ་འདིར། །
ཨ་མར་དགའ་བའི་འགྲོ་བའི་རྒྱུད་ལ་ཨ་མའི་བཀའ་དྲིན་པ་དང་། །
དྲིན་གསོའི་བསམ་པ་བློ་ལ་སྐྱེས་ནས་དུས་ཀུན་ཨ་མ་མཉེས་བྱེད་པའི། །
བཟང་པོ་སྤྱོད་པའི་རྗེས་སུ་སློབ་པའི་རྣམ་དག་སེམས་པ་འཁྲུངས་པར་ཤོག །
ཀློགས་ནས་ཐོན་པའོ།
གཉེན་སྐྱོང་ལགས།
རྩོམ་ཡིག་སྙན་པོ་འདུག ཞོར་ལ་ཡིག་ནོར་ཁ་ཤས་མཐོང་ཞིང་བཅོས་པ་གཤམ་གསལ།
མཆོག་འགྱུར་འདུ་རྫིས་་་་མཆོག་གྱུར། ལྷན་གཅིག་ལྷ་བབ་་་་་་་་ལྷན་ཅིག་ལྷ་བབས།
སྤུངས་ཞིང་བསྟན་རྒྱས་ཆོ་ག་གདོན་བཞིན་དུ།་་་་་་་་སྤུངས་ཤིང་བསྟན་རྒྱས་ཆོ་ག་འདོན་བཞིན་དུ།
ཕ་མར་འགྱུར་ལ་་་་་་་་ཕ་མར་གྱུར་ལ། ང་ཚའི་སྟོན་པའི་་་་་་་་་་ང་ཚོའི་སྟོན་པའི།
དྲིན་ལན་འཇལ་་་་་་་དྲིན་ལན་མཇལ། ཐུགས་གི་བར་དུ་་་་་་་་་ཐུག་གི་བར་དུ།
དམིགས་པ་ཡི་་་་་་་་་དམིགས་པ་ཡིས། བྱམས་ཀྱིས་སྐྱོངས་བའི་་་བྱམས་པས་སྐྱོང་བའི།
གཅེས་ཉར་ཐོགས་་་་་་་གཅེས་ཉར་ཐོག གནོད་པ་མ་བསྐྱལ་རོགས་་་་་་་གནོད་པ་མ་སྐྱེལ་རོགས། ང་ཚོ་ཡུལ་འགྱར་་་་་་ང་ཚོ་ཡུལ་གྱུར།
དྲིན་གྱིས་སྐྱོངས་བའི་་་་་་་་་་་་་དྲིན་གྱིས་སྐྱོང་བའི། བཅས་སོ།
དགོངས་དག་གཅིག་བཅོས་རྒྱུ་ལས་འདུག
མཆོག་འགྱུར་འདུ་རྫིས་་་་མཆོག་གྱུར་་་་་མཆོག་གྱུར་འདུ་འཛིས
ཧཧ་་ངས་ཀྱང་ཡིག་ནོར་ཤོར་འདུག་པས་བཅོས་མཁན་སུ་བྱུང་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། དེ་རིང་ཁོ་བས་མ་ཡིན་ཡིན་མདོག་གིས་ཞུ་དག་པ་ཞིག་གི་འགན་ཁུར་ཁུལ་བྱས་པར་ཤེས་ནས་སྨྲ་བ་དག་གི་དགེ་སྐྱོན་ཡོ་བསྲང་གནང་རོགས་ཞུ།