ལྷ་རྒོད།
༄༅།།སྤྱི་ལོ་༡༩༩༣ ལོ་ནི་ཕྲན་རང་ཉིད་ལ་བཀའ་དྲིན་ཆེ་བའི་སྐྱེད་བྱེད་ཡབ་ཡུམ་གཉིས་དང་ནང་མི་ཉེ་འབྲེལ། ད་དུང་ཆེས་དུང་བ་ཟབ་པའི་ཆུང་ཆུང་མེ་ཏོག་འཐུ་རོགས་དང་། གཡང་ཆུང་ལུ་གུ་འཚོལ་རོགས། དགའ་དུས་རྩེད་མོ་རྩེ་རོགས་དང་སྡུག་དུས་འཁྲུག་པ་རྒྱག་རོགས་སོགས། མདོར་ན་གྲོགས་པོ་གྲོགས་མོ་ཡོད་ཚད་དང་ཁ་བྲལ་ནས་ཡུལ་གྱར་དུ་ཐེངས་དང་པོར་གོམ་པ་སྤོ་འགོ་བརྩམས་པའི་ཉིན་མོ་དེ་ཡིན་ལ། ཉིན་མོ་དེ་ནི་ནམ་ཡང་བརྗེད་མི་སྲིད་པའི་ལོ་རྒྱུས་དང་སྐམ་མི་སྲིད་པའི་མིག་ཆུ་ཡིས་ངོ་གདོང་བརླན་གཤེར་བྱས་པའི་ཉི་མ་དང་ལོ་ཟླ། སྐྱོ་གདུང་དང་འཁྲེང་སེམས། ཞེན་ཆགས་དང་རེ་དོགས་བཅས་ཀྱིས་ཡིད་རབ་ཏུ་གདུང་བའི་ལོ་ཟླ་དཀར་ནག་ཁྲ་གསུམ་དང་། ཚོར་སྣང་མངར་སྐྱུར་འདྲེས་མ་དག་ཡིན། ཟླ་ཚེས་བློ་ཡུལ་དུ་གསལ་པོར་མ་ངེས་ཀྱང་ཚོད་དཔག་བྱས་ན་ཕལ་ཆེར་སྤྱི་ཟླ་༨ པ་ཡས་མས་ཤིག་ཡིན།
སྤྱིར་བཏང་སྐབས་དེའི་གཡས་གཡོན་དུ་ཕྲན་རང་ཉིད་ལ་མཚོན་ན་གཞན་ཡུལ་དུ་འགྲོ་འདོད་ཀྱི་བསམ་བློ་དེ་ཙམ་མེད་མོད་ཉིན་ཞིག་ངའི་སྤུན་ཉེ་ཞིག་བལ་ཡུལ་ནས་བོད་དུ་གཉེན་འཕྲད་དུ་ཕེབས་སོང་། ཁོང་ནི་བལ་ཡུལ་ཞེ་ཆེན་རྟེན་རྙིང་དར་རྒྱས་གླིང་དུ་སློབ་གཉེར་རུ་ཕེབས་ནས་ལོ་ངོ་༡༥ ཙམ་གྱི་རྗེས་སུ་བོད་དུ་ཕྱིར་ཕེབས་པ་དང་པོ་དེ་རེད། སྐབས་དེར་ཡུལ་མི་ཚོས་ཁོང་ལ་ཧ་ཅང་མཐོང་ཆེན་དང་གུས་བཀུར་ཞུས་སོང་། ཁོང་བོད་དུ་བཞུགས་བཞིན་པའི་སྐབས་དེར་ང་ཡང་ཁོང་གི་རྩར་ལན་མང་བཅར་ནས་སྐད་ཆ་འདྲ་མིན་མང་པོ་བཤད། ཉིན་ཞིག་ངས་ཁོང་ལ་ང་ལྟ་བུ་ཞིག་རྒྱ་གར་དུ་སོང་ན་སླེབས་ཐུབ་བམ་ཞེས་དྲིས། སྐབས་དེར་ཁོང་གིས་རྒྱ་གར་དུ་སླེབ་ཐུབ་མིན་ནི་སོ་སོས་སྒོའི་ཐེམ་པ་ལས་བརྒལ་ཐུབ་མིན་ལ་རག་ལས་པ་ལས་སླེབ་ཐུབ་མིན་ཐེ་ཚོམ་གང་ཡང་མི་དགོས། ཁྱེད་རང་ངོ་མ་འགྲོ་འདོད་ཡོད་ན་བལ་ཡུལ་ཞེ་ཆེན་དགོན་དུ་ཕེབས་དང་མཐུན་རྐྱེན་སོགས་གང་གི་ཆ་ནས་དཀའ་ངལ་འཕྲད་ཀྱི་མ་རེད། ང་ལ་ངོ་ཤེས་ཡག་པོ་ཡོད་པས་ངས་ཁྱེད་ལ་རོགས་པ་གནང་རོགས་ཟེར་ནས་ཡི་གེ་བསྐུར་ཆོག་ལ། ཟླ་ཤས་རྗེས་སུ་ང་ཡང་སླེབ་ཡོང་ཟེར། ངས་འཆར་གཞི་གང་ཡང་མེད་པའི་སྒོ་ནས་འགྲོ་འདོད་འདུག་བཅས་ཁ་ནས་ཤོར། དེར་བརྟེན་འགྲོ་འདོད་ཀྱི་འདུན་པ་ཞིག་ཀྱང་བྱུང་བ་དང་སོ་སོའི་ཤག་ཏུ་ཡོང་ནས་བསམ་བློ་མང་པོ་བཏང་རུང་འགོག་མི་ཐུབ་པའི་འགྲོ་འདོད་ཀྱི་ཚོར་བ་ནི་སྔར་ལས་ཤུགས་ཆེ་རུ་ཕྱིན་སོང་།
མ་གཞི་ལོ་དེར་ང་རང་གཞིས་དགོན་ཆུང་ངུ་ཞིག་གི་ནང་དུ་དཔེ་མཚམས་སུ་བསྡད་ནས་ཡོད་པ་མ་ཟད་རོགས་པ་གྲོགས་པོ་ཞིག་དང་ད་དུང་གྲྭ་ཆུང་མང་པོ་ཡོད། ང་ཚོས་དགོངས་ཟས་རོལ་རྗེས་ངའི་གྲོགས་པོ་ལགས་དང་སྤུན་གྲོགས་བཅས་ལ་ང་རྒྱ་གར་དུ་འགྲོ་འདོད་འདུག་པས་ཁྱེད་གཉིས་ང་དང་ལྷན་དུ་འགྲོ་འདོད་ཡོད་མེད་དྲིས་པ་ཡིན། ཁོང་གཉིས་ཀྱིས་དང་ཐོག་ང་ལ་ཡིད་ཆེས་གནང་མ་སོང་ཡང་ངས་བདེན་གཏམ་ཡིན་ཞེས་མཐར་བསྐྱལ་བ་ཡིན། དེ་ནས་གྲོགས་པོས་ནི་མི་འགྲིག་པ་མི་འདུག ཁྱེད་རང་ངོ་མ་འགྲོ་འདོད་ན་ང་ཡང་འགྲོ་འདོད་ཡོད་ཟེར། ཡིན་ནའང་སྤུན་ཟླས་མོས་མཐུན་མི་གནང་བ་མ་ཟད་ད་དུང་ཁྱོད་ཀྱི་ཐག་གཅོད་དེ་ནོར་འཁྲུལ་ཡིན་པ་མ་ཟད་ངས་ཀྱང་ཕ་མ་སོ་སོར་ལན་སྐྱེལ་རྒྱུ་ཡིན་ཟེར་ནས་ཁོང་ཁྲོའི་རྣམ་པ་བསྟན་སོང་། ངས་ཁོང་ལ་ཁྱེད་རང་འགྲོ་འདོད་མེད་ཀྱང་ང་ཡི་ཐག་གཅོད་འདི་སུ་ལའང་ལབ་ན་མི་འགྲིག་ཚུལ་གནས་ལུགས་དང་རྒྱུ་མཚན་མང་པོ་སྦྲགས་ནས་གང་ཤེས་བཤད་པ་ཡིན་མོད་ཁོང་གིས་མོས་མཐུན་ཁྱོན་ནས་གནང་མ་སོང་། འོན་ཏང་ངས་ཀྱང་ཁོང་གིས་བཤད་པར་ཉན་འཇོག་མེད་པར་གྲོགས་པོ་ལ་གང་མགྱོགས་འགྲོ་དགོས་བཤད་པ་ཡིན། རྒྱུ་མཚན་ནི་ཕ་མ་སོ་སོས་གོ་ན་འགོག་རྐྱེན་འཕྲད་སྲིད་པར་དོགས་ནས་རེད། དེ་ནས་ཁོང་གིས་འོ་ན་ག་དུས་འགྲོ་དགོས་སམ་ཟེར་མ་ཐག་ཏུ་ངས་དོ་དགོང་མཚན་མོར་འགྲོ་དགོས་བཤད་པ་ཡིན། ཁོང་གིས་བསམ་བློ་ཅུང་ཟད་ཞིག་བཏང་ནས་དེ་འདྲ་མ་རེད། ད་ལྟ་ང་རང་གཉིས་ལ་དངུལ་སྒོར་བཅུ་ཁ་ལོངས་པ་ཞིག་ཀྱང་མེད་པས་ཧ་ཅང་དཀའ་བའི་གནས་ཤིག་ཡིན། དང་པོར་དངུལ་ཅུང་ཟད་རེ་གྲ་སྒྲིག་བྱས་ནས་འགྲོ་དགོས་གསུངས་པ་ལྟར་ངས་ཀྱང་ཁོང་གི་གྲོས་འཆར་ལ་མོས་མཐུན་བྱས། ཉིན་དེའི་ཕྱི་ཉིན་ནས་དངུལ་གྲ་སྒྲིག་གི་སྟ་གོན་འགོ་འཛུགས་བྱས་པ་ཡིན། ཡིན་ཡང་ཆེས་དཀའ་ངལ་ཆེ་ཤོས་ནི་ཕ་མ་དང་ནང་མི་དག་གིས་ཤེས་ཤོར་པའི་དོགས་པ་དེ་རེད།
དངུལ་གོ་སྒྲིག་དེ་ཡང་ནང་མིས་མ་ཤེས་པའི་སྒོ་ནས་བཟོ་དགོས་པ་ནི་བཤད་མ་དགོས་པ་རེད། དེ་ནས་གོ་བསྡུར་ལན་མང་བྱས་པའི་མཐར་དབྱར་གནས་གྲོལ་བ་དང་རྒྱ་གར་ནས་ཕེབས་པའི་ལུང་རིགས་སྨྲ་བའི་ཁྱུ་མཆོག་རྒྱུད་སྟོད་མཁན་ཟུར་སྐྱབས་མཆོག་གླིང་གུང་འབར་རིན་པོ་ཆེ་མཆོག་གིས་ཞལ་སྔ་ནས་ལམ་རིམ་ཆེན་མོའི་གསུང་ཆོས་དང་དགེ་ཚུལ་སློང་གི་སྡོམ་པ་ཞུ་ཆེད་དུ་འདན་ཆོས་འཁོར་དགོན་ནས་ཕེབས་འཆར་ཡོད་པའི་དགེ་འདུན་པ་ཧ་ཅང་མང་པོ་ཡོད་སྟབས། ངེད་གཉིས་ཀྱིས་ཀྱང་གོ་སྐབས་དེ་བཟུང་ནས་ནང་མིར་དངུལ་སློང་རྒྱུར་ཐག་བཅད། དུས་ཡུན་དེ་ནི་ད་དུང་ཟླ་བ་གཅིག་ལྷག་བསྒུག་དགོས་པས་ཡུན་རིང་དྲགས་པའི་ཚོར་སྣང་དང་སུན་སྣང་འདྲ་མིན་དག་གིས་མནར་གཅོད་ཤིན་ཏུ་ཆེ་རུང་གནས་སྐབས་ཐབས་ཤེས་གཞན་གང་ཡང་མེད་སྟབས་མི་སྒུག་ཀ་མེད་དུ་གྱུར།
གནས་སྟངས་དེ་ལྟ་བུའི་འོག་ནས་ཉིན་ཞིག་བདག་གི་ཞང་པོས་ང་འབོད་འགུག་གནང་སོང་། ང་ཡང་དོགས་པ་ཟ་བཞིན་པའི་སྒོ་ནས་ཁོང་གི་ནང་དུ་ཕྱིན། ནང་དུ་འབྱོར་བ་དང་ཁོང་གིས་ང་ལ་མིག་ལོག་གིས་གཟིགས་པ་དང་། སྨིན་མ་དང་སྨ་ར་གྱེན་དུ་བརྫེས་ཤིང་སོ་སྒྲ་ཀྲིག་ཀྲིག་ཏུ་འཆའ་བ་དང་། རྔམ་རྔམ་རྫིག་རྫིག་སོགས་འཇིགས་པའི་ཉམས་དང་ཁྲོ་བོའི་རྣམ་འགྱུར་མི་སྡུག་པ་སྣ་ཚོགས་པ་ཞིག་བསྟན་ཏེ་ཁྱོད་རང་བསོད་ནམས་པ་དང་ཐོད་པ་སྐམ་པོ་ཞིག་རེད། ཁྱེད་རང་རྒྱ་གར་རུ་འགྲོ་རྒྱུར་ངན་ཇུས་སམ་ལྐོག་གཤོམ་མཁན་དེ་སུ་ཡིན་ནམ་ཞེས་སྐད་ཤུགས་ཆེན་པོའི་སྒོ་ནས་ང་ལ་སྡིགས་སྐུལ་གནང་སོང་། སྐབས་དེར་ངས་ཀྱང་ཐེ་ཚོམ་མེད་པའི་སྒོ་ནས་ང་རང་ཉིད་ཀྱིས་ཐག་བཅད་པ་ལས་སུ་གང་གིས་ངན་བསྐུལ་བཏང་མ་སོང་ཞེས་ཞུས།
དེ་ནས་ཁོང་གིས། གལ་སྲིད་ཁྱེད་རང་རྒྱ་གར་དུ་འགྲོ་ཁུལ་བྱས་ཚེ་ངས་ཁྱེད་ཀྱི་རྐང་པ་གཉིས་པོ་དེ་དུམ་བུར་གཏང་མ་སོང་ན་ང་བུ་མིན་ཞེས་ངར་ནས་བཤད་སོང་། ངས་ཀྱང་ཁྱེད་ཀྱི་འདོད་མོས་རེད། ངའི་རྐང་པ་ག་དུས་སངས་དྲག་བྱུང་ན་ང་འགྲོ་ངེས་ཡིན། ཁྱེད་ཀྱིས་ཐག་པས་བསྡམས་ཀྱང་ཆོག ། མདུད་པ་ག་དུས་བཀྲོལ་སོང་ན་སྐབས་དེ་དུས་སུ་འགྲོ་ངེས་ཡིན་ཞེས་བཤད། སྤྱིར་བཏང་ཁོང་ནི་ང་ལ་བཀའ་དྲིན་ཧ་ཅང་ཆེ་བའི་ཞང་པོ་ཞིག་ཡིན་ལ། ནམ་རྒྱུན་ཁོང་གིས་བཀའ་བཏང་ཡང་ལགས་སོ་ཞུ་བ་ལས་ཡ་ལན་སྤྲད་མྱོང་མེད་ལ་ད་དུང་ང་ཁོང་ལ་ཞེད་ཀྱི་ཡོད། ཡིན་ནའང་སོ་སོས་ཐག་བཅད་ཚར་བའི་བྱ་བ་དེར་ངས་ནམ་ཡང་ཕྱིར་ནུར་མི་བྱེད་པའི་དམ་བཅས་ཟིན་པས་ཡ་ལན་མི་སློག་ཀ་མེད་དུ་གྱུར།
སྐབས་དེ་འདྲ་ཞིག་ནས་རིམ་བཞིན་ནང་མིས་ཤེས་རྟོགས་བྱུང་ཤོར་བ་ནི་ཇི་འདྲའི་མགོ་རྙོག་ཆེན་པོ་ཞིག་མ་རེད་དམ། ཉིན་ཤས་རྗེས་སུ་ང་ཡི་པ་ལགས་དང་ཐུག་སོང་། ཁོང་གིས་ང་ལ་ཁྱེད་རང་ས་མཐར་འགྲོ་འཆར་ཡོད་པའི་སྐད་ཆ་ཞིག་འདུག་པའི་དེ་བདེན་པ་ཡིན་ནམ་ཞེས་དྲིས་སོང་བས་ངས་བདེན་པ་རེད་ཅེས་ཞུས། དེ་ནས་ཁོང་གིས་དབུགས་རིང་ཞིག་འཐེན་བཞིན་ལག་གཡས་པའི་འགྲམ་གླན་སྐྱོར་བཞིན་ཁྱེད་ཀྱི་ཐག་གཅོད་དེ་ཨ་ཆོས་ཀྱིས་ང་ལ་བཤད་སོང་བས་ངེད་གཉིས་ཕན་ཚུན་གོ་བསྡུར་མང་པོ་བྱས་ཀྱང་འདི་ཡིན་འདི་མིན་བཤད་ཁག་པོར་གྱུར་འདུག །མཐར་ངེད་གཉིས་ཀ་ངུས་ནས་བསྡད་པ་ཡིན། (ཨ་ཆོས་ནི་གོང་ཞུས་ཟིན་པའི་ངའི་ཨ་ཞང་གི་མཚན་རེད) ཁྱེད་ཀྱིསཐག་གཅོད་དེར་འགྲིགས་འདུག་བརྗོད་ན་འཇིག་རྟེན་འདིར་ང་ལ་ཡོད་པ་ནི་ཁྱེད་རང་གཅིག་པུ་རེད། འགྲིགས་ཀྱི་མི་འདུག་ཞུས་ན་ནི་ཁྱེད་རང་གྲྭ་ས་ཆེན་པོ་ཞིག་ལ་འགྲོ་འདོད་ཡོད་པ་རེད། ད་འོ་ན་ང་ལ་ཐབས་ཤེས་གང་ཡོད་དམ་ཞེས་བཤད་ནས་ཕྲུ་གུ་ངུ་ངུ་ལྟར་བྱས་སོང་བས་ང་ཡང་མིག་ཆུ་དབང་མེད་དུ་ཤོར།
དེ་ནས་ཅུང་ཟད་རྗེས་སུ་ངས་འདི་ལྟར་བཤད། ཨ་ཕ་ལགས། ཁྱེད་ཀྱིས་གང་གསུངས་པ་དེ་དག་དངོས་བདེན་རེད། ཡིན་ནའང་ང་འདི་མུར་ལུང་ཁུག་ཏུ་བསྡད་ཚེ་དགེ་མཚན་གང་ཡང་མཐོང་གིན་མི་འདུག ། མི་ཚེ་འདིར་ང་ལ་གྲྭ་པའི་མིང་བྱང་ཡོད་ཀྱང་གྲྭ་པ་ཞིག་ལ་དགོས་པའི་ཡོན་ཏན་སྣ་གཅིག་ང་ལ་མེད་པས་ང་འདི་ལྟར་སྡོད་འདོད་མི་འདུག ད་དུང་ང་ས་མཐར་རྒྱུན་རིང་མི་འགོར། དུས་ཡུན་རིང་ན་ལོ་ལྔ་དང་དྲུག་ཙམ་ལས་འགྱངས་མི་ཡོང་། ཁྱེད་ཀྱིས་བསམ་ཤེས་གནང་རོགས་སོགས་རེ་བསྐུལ་དང་འགྲེལ་བཤད་མང་པོ་ཞུས་ནས་ཆུ་ཚོད་གཅིག་ལྷག་བསྡད་པ་ཡིན། འོན་ཀྱང་པ་ལགས་ཀྱིས་འགྲིགས་པའི་རྣམ་འགྱུར་གང་ཡང་བསྟན་མ་སོང་། དེའི་ནུབ་མོར་ང་ཡང་རྣམ་ཀུན་འདུག་གནས་དགོན་ཆུང་དུ་ཕྱིན།
ཡང་ཉིན་ཤས་རྗེས་སུ་ཨ་མ་ལགས་ཀྱིས་མོ་སར་ཡོང་དགོས་པའི་ལན་འབྱོར། ཨ་མ་ལགས་ནི་རྟར་བཞོན་ནས་འགྲོ་ན་ཆུ་ཚོད་ལྷག་གི་ལམ་ཐག་ཡོད་སའི་འབྲོག་ས་ཞིག་ལ་ཡོད། ང་ཡང་ལམ་སེང་ཕྱིན་པ་ཡིན། དགོང་མོར་ས་མ་རུབ་ཙམ་དུ་འབྱོར་ཐུབ་སོང་། ང་སྦྲ་གུར་གྱི་ཐག་ཉེ་སར་འབྱོར་བ་དང་ཨ་མ་སྦྲ་སྒོ་ནས་ཕྱིར་ཕེབས་པ་དང་ཏག་ཏག་དུས་མཉམ་དུ་གྱུར། འདི་ཡིན་འདི་མིན་གང་ཡང་གསལ་བཤད་མེད་པར་ཨ་མས་ངའི་རྐེ་ལ་འཐམས་ནས་སྐད་ཤུགས་ཆེན་པོའི་སྒོ་ནས་ངུས་སོང་བས་གཡས་གཡོན་དུ་ཡོད་པའི་འབྲོག་མི་ཚོས་ཧོན་འཐོར་ནས་གཟིགས་ཀྱིན་འདུག ། ངས་ཨ་མ་ལགས་ནང་ལ་ཕེབས་དགོས་བཤད་སྟེ་སྦྲའི་ནང་དུ་ཕྱིན། ནང་དུ་འབྱོར་རྗེས་ཨ་མས་ང་ལ་ཞོ་དང་འོ་མ་མཉམ་དུ་བསྲེས་ནས་ཕོར་བ་གང་གནང་ཞོར་༼ཨ་མའི་བུ་གཅེས་ལགས་ཁ་དྲོ། ཁྱེད་ཀྱིས་ང་བསྐྱུར་ནས་གཞན་ཡུལ་དུ་ནམ་ཡང་མ་ཕེབས་རོགས་གསུང་ཞོར་སླར་ཡང་ང་ལ་འཐམས་ནས་ངུས་སོང་།༽ ངས་ཀྱང་མིག་ཆུ་དང་སྦྲགས་ནས་ཨ་མ་ལགས། ང་འགྲོ་རྒྱུར་གཏན་ཁེལ་ཟིན་པ་ཡིན་པས་ཁྱེད་ཀྱིས་དེ་འདྲ་མ་གསུང་རོགས། ང་རང་མ་སྨད་གཉིས་སྡུག་བསྔལ་གྱི་རྒྱུ་ལས་དགེ་མཚན་མེད་ཚུལ་དང་། ད་དུང་གོང་གསལ་པ་ལགས་ལ་འགྲེལ་བརྗོད་གང་ཞུས་པ་ཡོངས་རྫོགས་ཨ་མ་ལའང་ཞུས་པ་ཡིན།
ཡིན་ཡང་ཨ་མས་ཉན་འཇོག་གཏན་ནས་མི་གནང་བ་ཙམ་དུ་མ་ཟད་ནམ་རྒྱུན་འགྲོགས་འབྲེལ་ཉེ་སའི་མི་རྒན་པ་གསུམ་ཙམ་འབོད་འགུགས་ཀྱིས་ང་ལ་སློབ་གསོ་གཏང་བཅུག་སོང་། ཁོང་ཚོས་ཀྱང་ཨ་མའི་རེ་བ་བཞིན་ང་ལ་མང་པོ་བཤད་སོང་། ངས་ཀྱང་ཁོང་ཚོར་ལེགས་སོ་མང་པོ་ཞུས་པ་ལས་དེ་མིན་རྒྱུ་མཚན་གང་ཡང་བཤད་མེད། ངས་ཁོང་ཚོ་ལ་བསྟན་པའི་རྣམ་འགྱུར་དེས་ཨ་མ་ལགས་གཙོར་བྱས་པའི་ནང་མི་རྣམས་དང་ཁོང་ཚོ་ཚང་མས་ང་རྒྱ་གར་དུ་འགྲོ་རྒྱུར་འགྱུར་བ་ཐེབས་ཡོད་པའི་ཚོར་སྣང་དང་ཡིད་ཆེས་བྱུང་ཡོད་པ་ནི་ཕྱིས་སུ་ང་ཡོང་ཁར་གཞི་ནས་ཤེས་རྟོགས་བྱུང་སོང་།
དེ་ནས་ཉིན་གཉིས་ཀྱི་རིང་དུ་འབྲོག་པའི་ནང་བསྡད་པ་ཡིན། ཉིན་གཉིས་པ་ནས་སླར་ཡང་ནམ་རྒྱུན་འདུག་གནས་དགོན་པ་རུ་ཕྱིན། དེ་ནས་ནང་མི་དང་དེ་ཙམ་འབྲེལ་ལམ་མི་དགོས་པའི་ཐབས་ཤེས་གང་ཡོད་བྱས་ནས་བསྡད་པ་ཡིན། ཁོང་ཚོས་ཀྱང་གོང་གསལ་བཞིན་ང་རྒྱ་གར་དུ་འགྲོ་རྒྱུར་འགྱུར་བ་ཐེབས་ཡོད་པའི་ཡིད་ཆེས་བྱས་ནས་བསྡད། ཡིན་ནའང་ཞང་ཨ་ཆོས་ནི་ནམ་རྒྱུན་ནས་ཅུང་སྤྱང་གྲུང་ལྡན་པ་ཞིག་ཡིན་པས་ང་ལ་ཡིད་ཆེས་མེད་པ་མ་ཟད། ད་དུང་དགོང་མོ་རྟག་པར་ནང་དུ་འབོད་འགུགས་ཀྱིས་སྐད་ཆ་མང་པོ་འདྲི་བ་མ་ཟད། ས་ཆ་ག་གེ་མོ་དེ་འདྲ་ནས་མི་མང་པོ་གར་སོང་ཆ་མེད་དུ་གྱུར་ཚུལ་དང་། ད་དུང་རྒྱ་གར་དུ་འགྲོ་སའི་ལམ་ཁ་དག་ནི་ཆེས་འཇིགས་སུ་རུང་བ་ཡོད་པ་དང་། དེ་ཡང་སྟག་གཟིག་དོམ་དྲེད་སོགས་གཅན་གཟན་འདྲ་མིན་དེ་དག་གིས་མི་མང་པོ་བཟས་ཚུལ། དེ་བཞིན་ས་མཚམས་ནས་དམག་མི་དང་ས་སྲུང་མཁན་ཚོས་བཙོན་རར་བཅུག་ནས་ཉེས་རྡུང་བཏང་སྟངས་སོགས་འདྲ་ཆགས་ཆགས་མང་པོ་བརྗོད་ཀྱིན་འདུག་མོད། སྐབས་དེར་ང་ཡང་ལོ་ནར་གང་འཚམ་ཟིན་ཡོད་སྟབས་མགོ་བསྐོར་ཡིན་མིན་གསལ་པོར་ཤེས་ཀྱང་མི་ཤེས་པའི་བརྟུལ་ཞུགས་བཟུང་ནས་བསྡད།
གོང་གསལ་ཉིན་གྲངས་༡༥ ཙམ་གྱི་དུས་ཡུན་ནང་དུ་ཆེས་མི་འདོད་པའི་རྙོག་གླེང་ཁོ་ནའི་འོག་ནས་དངུལ་སྒོར་གཅིག་ཀྱང་ཐབས་ཤེས་ཐོན་མ་སོང་ལ། སྐབས་རེ་བསམ་གཞིགས་འདྲ་མིན་འོག་ནས་མཚན་མོར་གཉིད་ཀྱང་ཁུག་མ་ཐུབ་པའི་གནས་སྟངས་མང་པོ་བྱུང་། དེ་ནས་ངས་གྲོགས་པོར་གོ་བསྡུར་ཐོག་ཁོང་གི་སྤུན་རྒན་པ་ཚོང་པ་ཡིན་པས་ཁོང་ལ་དངུལ་གཡར་རོགས་ཞུ་རྒྱུ་ལས་ཐབས་ཤེས་མེད་བཤད་པར། ཁོས་ཀྱང་དེ་བཞིན་མོས་མཐུན་གྱིས་ངེད་གཉིས་ཐུན་མོང་ནས་ཁོང་ལ་རེ་བ་ཞུ་རྒྱུར་ཐག་བཅད་པ་ཡིན།
སྟབས་ལེགས་པ་ཞིག་ལ། ངའི་གྲོགས་པོ་ནི་ང་དང་ལྷན་དུ་རྒྱ་གར་དུ་འགྲོ་འཆར་ཡོད་པ་ངའི་སྤུན་མཆེད་ཀྱིས་མ་གཏོགས་གཞན་སུས་ཀྱང་ཤེས་ཀྱི་མེད་ལ། ཁོང་གིས་ཀྱང་མི་གཞན་པར་བཤད་མེད། དེའི་ཆ་ནས་ངའི་རོགས་པའི་སྤུན་མཆེད་ས་ནས་དངུལ་གཡར་རོགས་ཞུ་རྒྱུ་དེ་ཡང་སྟབས་བདེ་ཙམ་བྱུང་། དེའི་དགོང་མོར་ཁོང་གི་སྤུན་མཆེད་ལ་ངེད་གཉིས་གསུང་ཆོས་ཞུ་སར་འགྲོ་དགོས་འདུག་པས་ཁྱེད་ཀྱིས་དངུལ་ཕྲན་བུ་རེ་གཡར་རོགས་དགོས་ཚུལ་བཤད་པ་བཞིན་ཁོས་ཀྱང་ལམ་སེང་ཡིན་དང་ཡིན་ཁྱེད་གཉིས་ལ་དངུལ་ག་ཚོད་དགོས་ན་གཡར་ཆོག
སྤྱིར་བཏང་དེང་སང་ང་རང་ལའང་དངུལ་དགོས་མཁོ་ཆེན་པོ་ཡོད་ཀྱང་ཁྱེད་གཉིས་ལ་མེད་ཞུ་མི་ཐུབ། ལྷག་པར་དུ་འཇམ་གཅེས་ལགས་ཁྱེད་ནི་ནམ་རྒྱུན་ནས་ངས་མི་ཡག་པོ་ཞིག་ལ་ངོས་འཛིན་བྱེད་ཀྱིན་ཡོད་པ་ཙམ་དུ་མ་ཟད་ཁྱེད་རང་གཉིས་བློས་ཐུབ་ཀྱི་གྲོགས་པོ་ཡིན་པས་དངུལ་གཡར་བ་ཙམ་དུ་མ་ཟད་ཕུལ་ན་ཡང་ཕངས་སེམས་གང་ཡང་མེད། ག་ཚོད་དགོས་ན་གསུང་གནང་རོགས་ཟེར། ངེད་གཉིས་ཀྱིས་མི་རེར་དངུལ་སྒོར་༡༠༠༠ རེ་བྱུང་ན་འགྲིགས་ཚུལ་བཤད་པ་བཞིན་ལམ་སེང་གྲངས་ཀ་བརྩིས་སོང་།
དེ་ནས་ཕལ་ཆེར་ལམ་རིམ་གསུང་ཆོས་ལ་འགྲོ་རན་པར་ཉིན་གསུམ་ཙམ་ལས་མེད། ཉིན་དེའི་དགོང་མོར་ང་རང་གཅིག་པུར་ཉལ་ནས་བསམ་བློ་མང་པོ་ཞིག་འཁོར་ཡོང་བ་ནི་འགྲོ་ཁར་ཕ་མ་གཉིས་དང་ངེས་པར་དུ་ཐུག་འདོད་སྐྱེས་སོང་། དེའི་རྒྱུ་མཚན་ནི་ང་རང་གལ་སྲིད་རྒྱ་གར་རུ་སླེབས་ཐུབ་ན་ལོ་མང་པོའི་རིང་དུ་ཕ་མ་དང་ཐུག་ཁག་པོ་ཡིན་པ་མ་ཟད་གཅིག་བྱས་ན་གཏན་ནས་མི་ཐུག་པའི་གནས་ཚུལ་ཡང་ཡོང་སྲིད་པས་རེད། ཡིན་ནའང་ཡིད་སྐྱོ་དགོས་པ་ཞིག་ལ་པ་ལགས་ནི་ལས་དོན་ཛ་དྲག་ཞིག་གིས་རྐྱེན་བྱས་ནས་ཉིན་ལམ་གཅིག་གི་ས་ཚིགས་སུ་ཕེབས་ཟིན་པས་ཐུག་ཁག་པོར་གྱུར། ཨ་མ་ལགས་ནི་འབྲོག་སར་ཡོད་པས་ཕྱི་ཉིན་ནམ་ལངས་པ་དང་འགྲོ་ཆོག ། མདོར་ན་དེའི་དགོང་མོར་བསམ་གཞིགས་འདྲ་མིན་གྱི་དབང་གིས་ནམ་སྨད་ཆུ་ཚོད་གཅིག་ལྷག་ཙམ་མ་གཏོགས་གཉིད་ཡང་ཁུག་མ་ཐུབ། དེ་ནས་ཕྱི་ཉིན་ཞོགས་པ་སྔ་མོ་ནས་འབྲོག་སར་བསྐྱོད་པ་ཡིན། ང་འབྲོག་སར་འབྱོར་མ་ཐག་༼ཨ་མས་དེ་རིང་གང་ཡིན་ནམ་ཨ་མིའི་བུ་ཁྱེད་གློ་བུར་ཐོག་རྒྱག་དེ་འདྲར་ལས་དོན་གང་ཡོད་དམ་ཞེས་དྲིས་སོང་།༽
ངས་ལས་དོན་དམིགས་བསལ་མེད་དེ་རིང་ཨ་མ་ལགས་དང་ཐུག་འདོད་བྱུང་སོང་བས་ཁ་ཐུག་ཡོང་ཚུལ་བཤད། དེ་ནས་དགོང་ཞག་གཅིག་གི་རིང་དུ་ཨ་མ་ལགས་དང་ནང་མིའི་ལྷན་དུ་སྤྱིར་བཏང་གི་གླེང་མོལ་གང་མང་བྱས་ནས་བསྡད་པ་ཡིན། ཕྱི་ཉིན་ངས་ཨ་མ་ལགས་ལ་དེ་རིང་ང་ལ་དོན་ཆེན་ཞིག་ཞུ་རྒྱུ་ཡོད་བྱས་པར། ཨ་མས་གང་ཡིན་ནམ་དྲིས། ང་རྒྱ་གར་དུ་འགྲོ་རྒྱུའི་གྲ་སྒྲིག་ཆ་ཚང་ཟིན་པ་ཡིན། སང་ཞོགས་སྔ་མོར་འགྲོ་རྒྱུ་ཡིན་པས་དེ་རིང་ཨ་མ་ཁྱེད་རང་ཐུག་སར་ཡོང་བ་ཡིན་ཞེས་བཤད་མ་ཐག་ཨ་མས་ཧ་ལས་ལས་ཀྱིས་ཁྱོད་རང་རྒྱ་གར་དུ་མི་འགྲོར་རྒྱུ་ཁས་བླངས་པ་མ་ཡིན་ནམ། ཡང་བསམ་བློའི་འགྱུར་བ་དེ་གང་འདྲ་རེད་གསུངས་སོང་། ངས་མ་རེད་ཨ་མ་ལགས། ང་འགྲོ་གི་ཡིན་ཞེས་ཨུ་ཚུགས་མང་ན་ང་ཚོ་ཚང་མ་མི་སྐྱིད་པའི་གནས་ཚུལ་མང་པོ་ཡོང་གིན་འདུག་པས། ངས་དེའི་ཕྱིར་དུ་ཁས་བླངས་པ་ཙམ་ལས། ང་འགྲོ་རྒྱུར་གཏན་ཁེལ་ཟིན་པ་ཡིན། ཁྱེད་ཀྱིས་ང་ལ་འགོག་རྐྱེན་མ་གནང་རོགས། ང་ཨ་མ་ཁྱེད་ལ་བརྩེ་བ་མེད་པ་ཁྱོན་ནས་མིན། ང་ལོ་ཤས་རྗེས་སུ་ཕྱིར་ཡོང་ངེས་ཡིན་ཞེས་འགྲེལ་བཤད་གང་མང་ཞུས་པ་ཡིན། ཉིན་དེར་ཨ་མའི་ལྷན་དུ་ཕྲུ་གུ་ཆུང་ངུ་ཁ་ཤས་ལས་མི་རྒན་པ་དག་ནི་ཞོགས་པ་སྔ་མོ་ནས་རྩྭ་ཤིང་སྒྲུག་པ་སོགས་ལས་རིགས་འདྲ་མིན་གཉེར་ཕྱིར་ཕྱོགས་སོ་སོར་བསྐྱོད་ཟིན་པས་ཨ་མས་ཀྱང་སྔར་བཞིན་མི་གཞན་རོགས་རམ་བཙལ་ཐབས་མེད་པའི་གནས་སུ་གྱར།
ངས་ཨ་མ་ལ་འགྲེལ་བཤད་མང་པོ་ཞུས་པའི་མཐར། ཨ་མས། འོ་ན་ལམ་གྲོན་དངུལ་དངོས་སོགས་གང་ཡང་འཆར་གཞི་མེད་པས་གནས་སྐབས་རིང་ཕྱིར་འཐེན་དགོས། དེ་ནས་དངུལ་འགྲིགས་སོང་ན་ཁྱེད་ཀྱི་འདོད་མོས་བཞིན་བྱེད་ཆོག་གསུངས་སོང་། ངས་དངུལ་ཐབས་ཤེས་བྱས་ཟིན་པ་ཡིན། ད་ནི་སང་ཉིན་སྔ་མོར་འགྲོ་རན་ཚུལ་བཤད་པ་ཡིན། དེ་ནས་ཨ་མའི་ཁྱེད་ལ་རོགས་པ་མེད་པར་ང་ཚོས་ཁྱོད་རང་གང་འདྲ་བྱེད་ནས་གཏོང་དགོས་རེད་བཅས་གསུངས་སོང་། ངས་ང་ལ་རོགས་པ་གྲོགས་པོ་དབང་འདུས་ལགས་ཡོད་བཅས་བཤད་པ་ཡིན། དབང་འདུས་ལགས་ནི་མི་སྤྱང་གྲུང་ལྡན་པ་དང་མི་གཞི་ཡག་པོ་ཡོད་པས་ཨ་མས་ཀྱང་བློ་བདེ་བའི་རྣམ་འགྱུར་བསྟན་སོང་། དེ་ནས་ཨ་མས་ང་བཤོལ་ཐབས་མེད་པ་ཤེས་དུས་མིག་ཆུ་དང་ལྷན་དུ་བུ་ཁྱེད་རང་ལོ་གསུམ་རེའི་ནང་དུ་ཨ་མ་དང་ཐེངས་རེ་ངེས་པར་དུ་ཐུག་དགོས་གསུང་བཞིན་ང་ལ་འཐམས་ནས་ངུ་གིན་འདུག །
དེ་ནས་ཉིན་དེའི་དགོང་མོར་ང་རང་རྣམ་ཀུན་འདུག་གནས་དགོན་ཆུང་དེའི་ནང་དུ་མར་འགྲོ་དགོས་པ་དང་སང་ཉིན་ནས་གསུང་ཆོས་ལ་ཕེབས་མཁན་ཚོ་དང་ལྷན་དུ་འགྲོ་རན་པ་ཡིན། དེ་ནས་ཉིན་རྒྱབ་ཆུ་ཚོད་གསུམ་པ་ཙམ་དུ་ངེད་མ་སྨད་གཉིས་ཀྱི་ངོ་གདོང་མཆི་མས་ཁེངས་བཞིན་ཕན་ཚུན་འབྲལ་མི་ཕོད་པའི་ཡིད་ཀྱི་སྐྱོ་གདུང་དྲག་པོ་དེ་ནི་ད་དུང་ངས་སེམས་སུ་འཁོར་དུས་མིག་ཆུ་རང་དབང་མེད་པར་ཤོར་གྱིན་འདུག་ལ། ལྷག་པར་དུ་ཡང་དེ་རིང་ངས་ཡི་གེ་འབྲི་སྐབས་ངོ་གདོང་མིག་ཆུས་བརླན་ནས་འབྲི་དགོས་བྱུང་།
དེ་ནས་ང་རང་ལམ་དུ་དངོས་སུ་ཆས་སྐབས་དྲིན་ཆེན་མ་ལོས་ང་ལ་སྨོན་ལམ་དང་ཤིས་ཚིག་སྐད་ཤུགས་མཐོན་པོའི་སྒོ་ནས་ཆེས་ཆུང་ངུའི་དུས་ནས་འཚོ་གནས་བྱེད་ཡུལ་འབྲོག་ཁྱིམ་དང་། དྲིན་མ་ལོས་གཅེས་ཤིང་སྐྱོང་བའི་བདེ་སྐྱིད་དག་དང་དངོས་སུ་ཁ་བྲལ་ཏེ་ཡུལ་གྱར་དུ་གོམ་པ་དང་པོ་སྤོ་འགོ་བརྩམས། སྐབས་དེར་དྲིན་མ་ལོ་དང་སོ་སོར་གྱེས་ནས་ཡོང་སྐབས་ཨ་མས་ང་ལེ་དབར་གཅིག་ཙམ་གྱི་བར་རྐང་ཐང་དུ་བསྐྱེལ་མ་གནང་སོང་།
དེ་ནས་ལེ་དབར་གཅིག་ཙམ་གྱི་ས་ཚིགས་དེ་ནས་ང་རང་གཅིག་པུར་ཐོན་ཁར་ཨ་མས་སླར་ཡང་ངུ་སྐད་ཆེན་པོའི་སྒོ་ནས་སྐྱབས་གནས་དཀོན་མཆོག་གསུམ་པོ་མཁྱེན་ནོ། ང་ཡི་བུ་ལ་ནམ་ཡང་རྐྱེན་ངན་བར་ཆད་མ་ཡོང་བར་ཤོག ། ངེད་མ་བུ་གཉིས་སླར་ཡང་གང་མགྱོགས་ཐུག་རྒྱུ་ཡོང་བར་ཤོག་ཅིག་སོགས་སྨོན་ལམ་མང་པོ་འདེབས་བཞིན་ང་ཡིས་སྐེ་ནས་ལག་གཉིས་ཀྱིས་དམ་པོར་འཐམས་ཏེ་སྐར་མ་བཅུ་ཙམ་རིང་དུ་ཨ་མས་ཁྱོན་ནས་བཏང་མ་སོང་།
སྐབས་དེ་དུས་བདག་ལ་མཚོན་ན་བརྗོད་མི་ཤེས་པའི་ཚོར་སྣང་དེ་དག་ཕྱིར་དྲན་རེ་བྱེད་དུས་ངོ་མ་ཇི་འདྲའི་སྙིང་ན་བྱེད་ཞིག་རེད། ངས་ཨ་མའི་བཞིན་ལ་ཞིབ་མཇལ་བྱེད་དུས་ཞལ་རས་ཀྱི་གཉེར་མ་རྣམས་བང་རིམ་སྒྲིག་ནས་ཡོད་པ་དང་། ད་དུང་དབུ་སྐྲ་ཡང་དཀར་ནག་གཉིས་མང་ཉུང་དབྱེ་དཀའ་ཚོད་དུ་འདུག་པ་མ་ཟད་སྤྱན་ཟུང་ནས་ཤར་ཤར་འབབ་པའི་ཤེལ་དཀར་གྱི་འཕྲེང་བ་ལྟ་བུའི་སྤྱན་ཆབ་ཀྱི་ཐིགས་པ་དག་གིས་ཞལ་རས་ཡོངས་སུ་བརླན་པར་བསྒྱུར་འདུག ངས་དེ་དག་མཇལ་མ་ཐག་བཟོད་མི་ཐུབ་པའི་ཚོར་ཤུགས་ཀྱི་དབང་གིས་མིག་ཆུ་རང་དབང་མེད་པར་ཤོར་སོང་།
དེ་ནས་ངུ་ངག་དང་ལྷན་དུ་ཨ་མ་ལགས་ལ་འདི་ལྟར་ཞུས། གཅིག་བྱས་ན་ང་རྒྱ་གར་ལ་འགྲོ་དགོས་མིན་ཡང་བསྐྱར་བསམ་བློ་གཏང་ངེས་ཡིན། ལྷ་སར་འབྱོར་རྗེས་ལན་ཁ་གསལ་ཕུལ་ཆོག །གལ་སྲིད་ལམ་བར་དུ་བགྲོད་དཀའ་བའི་གནས་ཚུལ་འདུག་ན་དབུས་ཀྱི་གདན་ས་ཁག་གསུམ་གཙོས་གནས་མཇལ་གྲུབ་མཚམས་གང་མགྱོགས་རང་ཡུལ་དུ་ཡོང་ཆོག་བཤད་པ་ཡིན། དེ་ནས་ང་རང་གཅིག་པུར་ལམ་དུ་ཞུགས་ནས་ཡོང་བ་ཡིན། ཕལ་ཆེར་ལེ་དབར་ཕྱེད་ཙམ་སླེབས་རྗེས་སུ་སླར་ཡང་ངས་ཕྱིར་མིག་ཐེངས་ཅིག་བལྟས་སྐབས་ཨ་མ་ཡང་མོ་རང་གཅིག་པུར་ད་གཟོད་ངེད་མ་བུ་གཉིས་ཐོག་མར་ཁ་བྲལ་སའི་གནས་དེ་ནས་ང་ལ་གཟིགས་བཞིན་སྐད་ཤུགས་ཆེན་པོའི་སྒོ་ནས་སྨོན་རྒྱག་བཞིན་བསྡད་འདུག ངས་གོམ་པ་བཅུ་ཙམ་བགྲོད་རྗེས་ངེད་མ་སྨད་གཉིས་ཕན་ཚུན་མཐོང་མི་ཐུབ་པའི་ས་གནས་གཅིག་ལ་སླེབས་ཟིན། དེ་ནས་ངས་མགྱོགས་པོར་གོམ་པ་བཅུ་ཙམ་དེ་བརྒལ་ཐབས་བྱས་ནས་ཨ་མས་མཐོང་མི་ཐུབ་པའི་ས་ཁུག་དེར་ཆུ་ཚོད་ཕྱེད་ཙམ་གྱི་དུས་ཡུན་རིང་དུ་ངུས་ནས་བསྡད།
དེ་ནས་རིམ་བཞིན་ཉི་མ་ནུབ་རིར་བརྒལ་བས་གཡས་གཡོན་དུ་ཡོད་པའི་འབྲོག་ཁྱིམ་དག་གིས་ནོར་ལུག་ལྷས་རར་བསྡུ་འགོ་བརྩམས་སོང་བས་ངས་ཀྱང་གདོང་གི་མིག་ཆུ་གཙང་ཕྱིས་བགྱིས་ཏེ་རྣམ་ཀུན་འདུག་གནས་དགོན་པ་ཆུང་ཆུང་དེར་གོམ་ཁ་བསྒྱུར། དགོན་པའི་ནང་དུ་འབྱོར་ནས་ཕལ་ཆེར་ཆུ་ཚོད་གཅིག་ཙམ་གྱི་རྗེས་སུ་ཞང་ཨ་ཆོས་ལགས་ཀྱིས་ཁོང་གི་ནང་དུ་ཡོང་དགོས་པའི་བརྡ་ལན་འབྱོར་བས་ལམ་སེང་ཕྱིན། ཁོང་གིས་ཁྱེད་རང་སང་ཉིན་གསུང་ཆོས་ལ་འགྲོ་ན་མི་འགྲིག །ཁྱེད་ཚོས་འཆར་གཞི་གང་ཡིན་ངས་གསལ་པོར་ཤེས་ཀྱིན་ཡོད། དེ་ལས་ཆོས་སྤྱོད་བློ་འཛིན་གྱི་ཕྱིར་དུ་དཔེ་མཚམས་སུ་མུ་མཐུད་ནས་སྡོད་དགོས་ཡོད་ཅེས་གསུངས་སོང་།
ངས་ལམ་སེང་ང་སང་ཉིན་གསུང་ཆོས་ལ་འགྲོ་མཁན་མིན། ངས་སྔོན་ནས་བཤད་པ་བཞིན་རྒྱ་གར་དུ་འགྲོ་རྒྱུར་གཏན་ཁེལ་ཟིན་པ་ཡིན་པས་དགོངས་དག་ཞུས་མ་ཐག་ཏུ་ཁོང་གིས་སྐད་ཤུགས་ཆེན་པོའི་སྒོ་ནས། འོ་རེད། འགྲོ་མ་ནུས་ན་ཁྱོད་བུ་མིན། ངས་ཁྱེད་ཀྱི་རྐང་ལག་དུམ་བུར་བཏང་མ་སོང་ན་ང་བུ་མིན་ཟེར་ནས་ངར་གྱིན་འདུག ། ཕལ་ཆེར་ཆུ་ཚོད་གཅིག་ཙམ་རིང་བཀའ་བཀྱོན་དྲག་པོ་བཏང་སོང་ཡང་ངས་ནི་གང་ཡང་ཞུས་མེད། དེ་ནས་ཡང་བསྐྱར་ད་འགྲོ་གི་ཡིན་མིན་ལན་ཐོབས་ཤིག་ཟེར་ནས་བཙན་ཐབས་ཀྱིས་དྲི་བ་དྲིས་སོང་བས། ངས་ཡང་བསྐྱར་འགྲོ་ངེས་ཡིན་ཞེས་ལན་འདེབས་ཞུས་པ་དང་ཁོང་གིས་ང་བརྡུང་བྱེད་ཀྱི་རྒྱུག་པ་བཙལ་སོང་བས་ལམ་སེང་ཁོང་གི་བཟའ་ཟླས་༼ཨ་ཆོས་ལགས་ཁྱེད་རང་སྨྱོས་པ་རེད་དམ། སྤྱིར་འགྲོ་སྟངས་ལྟར་བྱས་པ་ཡིན་ན་ས་ཐག་རིང་པོར་འགྲོ་ཁར་ཞལ་ལག་སོགས་གྲ་སྒྲིག་ཡོད་པའི་ཐོག་ནས་དོན་ཕན་ལྡན་པའི་བསླབ་བྱ་སོགས་རྒྱག་སྲོལ་ཡོད་མོད། ཁྱོད་ཀྱི་བྱེད་སྟངས་དེ་འདྲ་གང་ཡིན་ནམ། ཁྱེད་ཀྱིས་འཇམ་གཅེས་ལ་འགྲོ་ཁར་དེ་ལྟར་གནང་དགོས་དོན་གང་ཡིན་ནམ། ཁོང་གིས་ལས་གང་ལ་ཐུག་རུང་འགྲོ་ངེས་ཡིན་ཞེས་ཟླ་བ་གཅིག་གི་ཡར་སྔོན་ནས་ཁ་གསལ་གཏིང་གསལ་བཟོས་ཟིན་པ་དང་། དྲིན་ཅན་ཕ་མ་གཉིས་ཀྱིས་ཀྱང་བཤོལ་མ་ཐུབ་པ་ཁྱོད་ཀྱིས་མ་ཤེས་སམ་༽སོགས། མདོར་ན་ང་ལ་དགོས་པའི་ཁུ་བྱུག་གི་གསུང་ལས་སྙན་པའི་ཁ་བརྡུང་དྲག་པོ་བཏང་སོང་།
སྐབས་དེར་ཞང་པོས་ཀྱང་དབུགས་རིང་ཞིག་དང་ལྷན་དུ་མིག་ཆུ་ཡང་ཤོར་འགོ་བརྩམས། ང་ཚོ་ཕན་ཚུན་ཅུང་ཟད་རིང་དུ་ཁུ་སིམ་མེར་གནས་དགོས་བྱུང་། དེ་ནས་ཁོང་གིས་ད་ནི་ཁྱེད་རང་གིས་ཐག་བཅད་ཟིན་པ་ཡིན་པས་ང་ལ་ཐབས་ཤེས་མི་འདུག ། མདོར་ན་ངས་ཤི་ཁར་ཡང་ཁྱེད་རང་སེམས་ནས་མི་བརྗེད་པས་ཁྱེད་རང་ཡག་པོ་ཞིག་ཡོང་བར་ངའི་རེ་བ་ཡིན་སོགས་བསླབ་བྱ་མང་ཙམ་གནང་སོང་། ཕྱི་ཉིན་ནམ་ལངས་པ་དང་ལྷན་དུ་འདན་ཆོས་འཁོར་དགོན་དུ་ཕྱིན་པ་ཡིན་ལ་ང་དང་ལྷན་དུ་ཞང་ཨ་ཆོས་དང་། བདག་གི་སྙིང་ཉེ་ཁ་ཤས་སྐྱེལ་མའི་ཆེད་དུ་ཕེབས་སོང་། དེའི་ཕྱི་ཉིན་འབར་དྷ་དགོན་དུ་གསུང་ཆོས་ཞུ་སར་ཕེབས་མཁན་འདན་ཆོས་འཁོར་གྱི་དགེ་འདུན་པ་དག་དང་ལྷན་དུ་(རྒྱ་སྐད་དུ་སྟང་ཤོང་)འབོད་པའི་བཅའ་དངོས་དབོར་བྱེད་ཀྱི་རླངས་འཁོར་ཆེན་པོ་ཞིག་འདུག་པར་དེའི་ནང་དུ་འཛུལ་ནས་རིམ་བཞིན་ལམ་དུ་ཞུགས་པ་ཡིན། ད་དུང་ང་རླངས་འཁོར་ནང་དུ་འཛུལ་ཉེ་བ་དང་ཞང་ཨ་ཆོས་ཀྱིས་སྐད་ཤུགས་ཆུང་ངུའི་སྒོ་ནས་དོན་དངོས་ཁྱོད་ལ་རོགས་པ་སུ་ཡོད་དམ་དྲིས་སོང་། ངས་སུ་གང་མེད་ང་རང་གཅིག་པུ་ཡིན་བཤད་པར་ཁོང་གི་སྤྱན་ཟུང་ནས་ཉིན་གཅིག་གི་སྔོན་དུ་ཨ་མས་མིག་ཆུ་དེ་དང་འདྲ་བ་ཞིག་བཏང་སྟེ། དོན་དངོས་དེ་ལྟར་ཡིན་ན་ལས་གང་ལ་ཐུག་ཀྱང་ངས་མི་གཏོང་ངོ་མ་ཡིན་ཞེས་གསུང་ཞོར་ང་ལ་འཐམ་གྲབས་གནང་བ་དང་ངས་ལམ་སེང་རོགས་པར་མཛུབ་བརྡ་དང་བཅས་ཁོང་ཡོད་ཅེས་བཤད་པ་ཡིན། ངོ་མ་ཡིན་ནམ་ཞེས་ཡང་བསྐྱར་དྲི་བ་འདྲི་ཀྱིན་འདུག་པས་ངས་རོགས་པར་སླར་ཡང་མཛུབ་བརྡ་ཞིག་བྱས། ཁོང་གིས་ཀྱང་ཁྱོད་རང་སེམས་ཁྲལ་མི་དགོས་ཞེས་བཤད་པས་ཞང་པོས་ཀྱང་བློ་བདེ་བའི་རྣམ་འགྱུར་བསྟན་སོང་།
དེ་ནས་རིམ་བཞིན་ང་ཚོ་ལམ་དུ་ཞུགས་ནས་ཡོང་སྐབས། འཁྲེང་སེམས་དང་སྐྱོ་སྣང་སྣ་ཚོགས་དང་བཅས་ཏེ་ཆེས་ཐོག་མའི་ལྟེ་ཁྲག་འཕོ་སའི་ཕ་ཡུལ་གྱི་རི་བོ་དང་། འབབ་ཆུ། ནགས་ཚལ་སོགས་ཀྱིས་ཀྱང་བདག་ལ་སྐྱེལ་མ་བྱེད་ཀྱིན་ཡོད་པའི་ཚོར་སྣང་ཞིག་ངང་གིས་བྱུང་སོང་། ངོ་མ་ཆུང་བྱིས་པའི་དུས་ནས་འཚར་ལོངས་བྱུང་སའི་ཕ་ཡུལ་གྱི་ཁོར་ཡུག་དག་ནི་ཉིན་མོ་དེར་ཅི་འདྲའི་མཛེས་ཤིང་ལྟ་ན་སྡུག་པ་དང་ཡིད་དུ་འོང་བ་དེ་ལྟར་སྔར་མཐོང་མ་མྱོང་བ་ཞིག་ཉིན་དེར་མཐོང་སོང་། བརྒྱུད་རིམ་དེ་དག་དེང་སྐབས་ཀྱང་གསལ་ཐིང་ངེར་བློ་ངོར་འཆར་གྱིན་འདུག །དེ་ནས་ཉིན་གུང་ཆུ་ཚོད་གཉིས་པ་ཙམ་དུ་ཁུག་ཆུང་སུམ་མདོ་ཟེར་སའི་ས་གནས་དེར་འབྱོར་སོང་ལ། ས་གནས་དེ་ནས་ངེད་གཉིས་འདན་ཆོས་འཁོར་དགོན་གྱི་དགེ་འདུན་པའི་ནང་ནས་ཟུར་དུ་འདོན་དགོས། ཁོང་ཚོའི་ཕེབས་ལམ་ནི་མདོ་ཁམས་རྫ་ཆུ་ཁའི་ཕྱོགས་ནས་ཡར་ཡིན་པ་དང་ངེད་གཉིས་ཀྱི་བགྲོད་ལམ་ནི་སྡེ་དགེའི་ཕྱོགས་སུ་ཚུར་ཁེལ་གྱི་ཡོད། ས་ཚིགས་དེར་དགེ་འདུན་པ་ཚང་མས་ངལ་གསོ་གནང་ནས་ཅུང་ཟད་བཞུགས་སོང་།
དེ་ནས་ཁོང་ཚོ་རླངས་འཁོར་ནང་དུ་འཛུལ་ནས་ངེད་གཉིས་ལ་ཕྱག་གཡུག་གནང་ཞོར་རིམ་བཞིན་མི་མངོན་པའི་གནས་སུ་གྱུར། ངེད་གཉིས་ནས་ཁོང་ཚོ་ལ་ལྷ་སར་འགྲོ་མཁན་ཡིན་བཤད་པ་ལས་རྒྱ་གར་དུ་འགྲོ་དགོས་ཚུལ་ཟུར་ཙམ་གླེང་མེད། དེ་ནས་ངེད་གཉིས་ཁོང་རྣམས་དང་ཁ་བྲལ་དུས་ངོ་མ་སྐྱོ་སྣང་ཆེན་པོ་བྱུང་སོང་བ་མ་ཟད་ང་ནི་མིག་ཆུ་ཡང་ཤོར་སོང་། ཕལ་ཆེར་ངའི་གྲོགས་པོ་ཡང་གདོང་འགྱུར་ཡོད་པའི་སྣང་ཚུལ་བྱུང་། དེ་ནས་རིམ་བཞིན་སྡེ་དགེ་དང་། འཇོ་མདའ། ཆབ་མདོ་སོགས་བརྒྱུད་ནས་སྐབས་རེ་རླངས་འཁོར་དང་། སྐབས་རེ་གོམ་བགྲོད་སོགས་བྱས་ནས་མཐར་ཉིན་བཅུ་ལྷག་ཙམ་གྱི་རྗེས་སུ་ལྷ་སར་འབྱོར། ལྷ་སར་འབྱོར་བའི་ཉིན་དང་པོར་ནི་ལམ་བར་གྱི་དཀའ་ངལ་ཡོངས་རྫོགས་ལས་ཆེ་བ་ཞིག་ཀྱང་འཕྲད་སོང་། གང་ཡིན་ཞེ་ན། མཚན་མོའི་ཆུ་ཚོད་བཅུ་པ་ཡས་མས་ལ་ལྷ་སའི་ཇོ་ཁང་འགྲམ་དུ་རླངས་འཁོར་གྱིས་གཡུགས་སོང་བས་ངེད་གཉིས་ཀ་ས་ཆར་རྒྱུས་མེད་སོང་གཤིས། གནས་ཚང་སོགས་གང་དུ་བཙལ་དགོས་མིན་མ་ཤེས་པས་ཇོ་ཁང་སྒོ་འཕྱོར་འོག་ཏུ་ཉལ་བ་ཡིན། སྐར་མ་བཅུ་ཙམ་རྗེས་ནས་ཉེན་རྟོག་པས་ཕྱིར་འབུད་བཏང་སོང་། དེ་ནས་གང་དུ་འགྲོ་དགོས་མིན་མ་ཤེས་པར་མེ་ཏོག་ལྡུམ་ར་ཡོད་ས་དེ་ནས་ཡར་མར་འགྲོ་སྐབས་རླངས་འཁོར་ནག་པོ་ཆུང་ངུ་ཞིག་གི་ནང་ནས་ཕོ་གསར་གཉིས་ཐད་ཀར་དོན་ནས་ངེད་གཉིས་ལ་མང་པོ་ཞིག་དྲི་བ་གཏོང་གི་འདུག་ཀྱང་ལྷ་སའི་ཡུལ་སྐད་ཀྱིས་གོ་བརྡ་འཕྲོད་ཁག་པོར་བྱས། སྐབས་ཤིག་ལ་མི་གཅིག་པོ་དེས་ཞལ་འདོན་འདོན་རོགས་ཨ་མ་ལགས་ཤི་སོང་ཟེར་བ་ལྟ་བུ་ཞིག་ཚོད་དཔག་དང་རྣམ་འགྱུར་དག་ལས་ར་འཕྲོད་ཐུབ་སོང་། དེ་ནས་ངེད་གཉིས་རླངས་འཁོར་ནང་དུ་འཛུལ་ནས་ཕྱིན་པ་ཡིན། གང་ཙམ་རྗེས་སུ་འབྲས་སྤུངས་དགོན་དང་ཐག་ཉེ་ས་ཞིག་ལ་བསྐྱལ་སོང་།
ངེད་གཉིས་ཁོང་ཚོའི་ནང་དུ་འབྱོར་མཚམས་ཁང་ཆུང་ཞིག་གི་ནང་ཕྱིན་པ་ཡིན། ནང་དེར་མི་སྐྱ་བགྲེས་སོང་གཅིག་གིས་བཟང་སྤྱོད་སྨོན་ལམ་འདོན་བཞིན་འདུག་ཀྱང་ཁོས་ངེད་གཉིས་མཐོང་བ་དང་བཟང་སྤྱོད་སྨོན་ལམ་ཕྱེད་ཙམ་ལས་མཇུག་མ་རྫོགས་པར་ལམ་སེང་སྒོ་ཕྱིར་དོན་སོང་། དེ་ནས་ངེད་གཉིས་ཀྱིས་སྨོན་ལམ་འདོན་འགོ་བརྩམས། ཕལ་ཆེར་མཚན་མོའི་ཆུ་ཚོད་བཅུ་གཅིག་ཡོལ་ཡོད་ཚོད་ཡིན། ཁོང་ཚོའི་བུ་མོ་ཡིན་ནམ་ཡང་ན་བག་མ་ཡིན་མ་ཤེས་མོད་གཞོན་ནུ་མ་ཞིག་དང་དེ་དང་ལོ་ཚོད་མཉམ་པའི་ཕོ་གསར་གཅིག་སྟེ་ཁོང་གཉིས་ཀྱིས་ངེད་གཉིས་ལ་ཇ་དང་། རྩམ་པ་དང་། མར་སོགས་ཟས་རིགས་ཁ་ཤས་མདུན་ལྕོག་ཐོག་ཏུ་བསྒྲིགས་སོང་།
སྐབས་དེར་ཆེས་དགད་མོ་ཤོར་དགོས་པ་ཞིག་ལ་ངེད་གཉིས་ནི་དེ་སྔར་ལྷ་སར་ཡོང་མ་མྱོང་པའི་རྐྱེན་གྱིས་ཡུལ་དེའི་ལུགས་སྲོལ་སོགས་ལ་གོམས་འགྲིས་མེད་སྟབས་ཞབས་འདྲེན་ཆེན་པོ་ཞིག་ཞུས་པ་ནི་བུ་མོ་དེས་དཀར་ཡོལ་ཆེས་ཆུང་ངུ་ཞིག་གི་ནང་དུ་རྩམ་པ་ཕྱེད་ཙམ་དང་། དེའི་གོང་དུ་བོད་ཇ་རེ་བླུགས་ནས་མཆོད་གནང་རོགས་གསུང་གི་འདུག་མོད། ང་ནི་མཆོད་གནང་རོགས་ཟེར་བས་ཞེ་སའི་དོན་ལ་རྨོངས་ཏེ་འོལ་ཚོད་ཀྱིས་མཆོད་པ་རེ་ཕུལ་ནས་བཏུང་པ་ཡིན། ཡང་སྐྱར་དེ་བཞིན་ཡང་ཡང་གནང་གིན་འདུག་པར་ངེད་གཉིས་ཀྱིས་ཀྱང་སྔར་བཞིན་ཇ་མཆོད་ཚར་ཁ་ཤས་ཕུལ་ནས་བཟའ་བཏུང་ལ་རོལ།
ང་ཚོས་ཕ་ཡུལ་གྱི་ལུགས་སྲོལ་ལ་ནི་བླ་མ་དང་དགེ་འདུན་པ་དག་ལ་གསོལ་ཇ་གསོལ་རོགས་ཞེས་ཞེ་ས་ཞུ་སྲོལ་ཡོད་པ་ལས་མཆོད་གནང་རོགས་ཟེར་བའི་དབུས་སྐད་དེ་ནི་ཐེངས་དང་པོར་ཐོས་པ་ཡིན་པས་ཞབས་འདྲེན་ཞུ་དགོས་དོན་ཡང་དེ་རང་ཡིན། ད་དུང་ངེད་གཉིས་ཀྱིས་ནང་མོལ་འདི་ལྟར་བྱས། ས་ཆ་འདི་ན་ལུགས་སྲོལ་ཡ་མཚན་ཅན་དེ་འདྲ་གང་ཡིན་ནམ། ཇ་ཕོར་པ་རེ་ལ་ཇ་མཆོད་རེ་ཕུལ་དགོས་ཀྱི་འདུག ངོ་མ་གད་མོ་ཤོར་དགོས་པ་ཞིག་འདུག་བཅས་ལྐོག་ནས་བཤད།
མདོར་ན་ཉིན་དེའི་དགོང་མོར་མཚན་ཕུད་དུ་བསྡད་པ་ཡིན་ལ། སྨོན་ལམ་རྣམ་ལྔ་དང་མི་འཁྲུགས་པའི་ཆོ་ག་སོགས། སོ་སོའི་གང་ཤེས་པ་དེ་དག་ཚར་གསུམ་ལྷག་འདོན་དགོས་ཁེལ། དེ་ནི་ཆེས་དཀའ་ཚད་ཅན་ཞིག་ཡིན་སྟེ། དེ་སྔར་ཉིན་མང་པོའི་རིང་དུ་ལམ་བར་ནས་ངལ་བ་དུ་མར་བརྟེན་ནས་ཡོང་ཡོད་པ་མ་ཟད་ཉིན་དེའི་ཞོགས་པར་ནག་ཆུ་ཁ་ནས་ཡོང་ཡོད་པ་དང་། ད་དུང་ཟ་མ་ཡང་ཡག་པོ་རེག་མེད་ལ་ཁོང་ཚོའི་ནང་གི་དཀར་ཡོལ་ཧ་ཅང་ཆུང་བས་ལྟོ་བ་མ་འབྲངས་ཁར་གཉིད་ཀྱང་ཉལ་བའི་དུས་ཚོད་མ་བྱུང་། འདིའི་ཡན་མདོ་ཁམས་ནས་ལྷ་ས་བར་དུ་ཡོང་བའི་ལམ་བར་གྱི་གནས་ཚུལ་སྙིང་བསྡུས་ཤིག་ཡིན་ནོ།། །།
ཁྱེད་རང་ད་ལྟ་རབ་བྱུང་རེད་ཡོད་ན། ཕ་མ་དང་གཉེན་རྣམས་ཁ་བྲལ་ནས་འགྲོ་བ་དེ་འགྲིག་པ་རེད། ང་ཚོ་བོད་པ་རྣམས་གྲྭ་པ་བྱས་ཚར་ན་ཡང་ནང་མི་དང་འཚོ་བ་དང་སྐྱིད་སྡུག་མཉམ་དུ་ཡིན་སྣང་ཤར་བ་འདི་ནོར་འཁྲུལ་རེད། ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བ་ནི་གྲྭ་པའི་འགྲོ་སྟངས་ངོ་མ་རེད། ད་ཁྱེད་རང་ཕ་མའི་བཀའ་དྲིན་དངོས་གནས་དྲན་གི་ཡོད་ན་རབ་ཏུ་བྱུང་བའི་བྱ་བ་སྤོང་ཀློག་གཉིས་དང་། མཐར་ཐོས་དོན་སྒྲུབ་པ་ལ་རེམ་དགོས།
ལྷ་རྒོད་ལགས་ངས་ཆ་ཚང་བཀླགས་ཡིན་སྙན་པོ་བྲིས་འདུག ཕ་མར་བསམ་ཤེས་དང་བརྩེ་བ་དེ་འདྲ་ཡོད་ན་ཁྱེད་ཀྱི་མ་ཡིས་ལོ་གསུམནརེ་མཚམས་ནས་མ་ཐུག་པར་ཤོག་ཟེར་ནས་ངུ་སྐད་དང་ལྷན་དུ་སྐེ་ལ་འཐམས་ནས་གསུངས་པར་ཁྱེད་ཀྱིས་ཀྱང་ཁས་ལེན་བྱས་འདུག་པས། ད་ནི་ལོ་རབས་དགུ་བཅུ་ནས་ད་བར་དུ་ཕ་ཡུལ་ལ་ཕ་མ་ཐུག་པར་ཕྱིན་ཡོད་དམ། ཕྱིན་མེད་ན་ངོ་མ་ཕ་མའི་བཀའ་བཅག་པ་ཡིན་པས་ཁྱེད་རང་མི་གཤིས་ཡག་པོ་མ་རེད། ཕྱིན་མེད་ན་ད་ནི་ཁྱེད་རང་གི་བསམ་བློར་ཕ་ཡུལ་ལས་ཕྱི་རྒྱལ་ལ་འགྲོ་རྒྱུར་དགའ་བ་མེད་དམ། གཅིག་བྱས་ན་ཕྱི་རྒྱལ་ལ་སླེབས་ཟིན་ཡོད་ཀྱི་རེད།
གྲོགས་ཁྱུང་སེ་ལགས། ད་བར་དུ་ཨ་ཞང་ཚང་ཐོང་ཆེན་ཐེངས་བཞི་ཞུས་ཀྱང་མ་ཐོབ། དེའི་བར་དུ་ཕ་རྒན་ནི་ཕྱི་མའི་ཡུལ་དུ་གཤེགས་ཟིན། ད་དུང་མ་རྒན་ཡང་མཇལ་ཐུབ་མིན་ཐེ་ཚོམས་ཀྱི་གནས་སུ་གྱར། ཆོས་ཀྱི་སྣང་བ་ལགས། དོན་དངོས་དེ་འདྲ་དགོས་ངེས་ཅན་ཡིན་མོད། ང་ནི་ཐོགས་མེད་དུས་ནས་ད་ལྟའི་བར་དུ་མི་དགེ་བའི་ལས་སྣ་ཚོགས་ལ་གོམས་པ་ཆེ་སོང་སྟབས། ངོ་མ་ཆོས་ཉམས་ལེན་བྱེད་ཀྱིན་ཡོད་དང་ཡིན་གང་ཞུས་ཀྱང་སྐྱག་རྫུན་ཁོ་ནར་འགྱུར་བར་ངེས།
དྲ་གྲོགས་ལྷ་རྒོད་ལགས་ངོ་མ་སེམས་གཏིང་ནས་ཕམ་དགོས་པ་ཞིག་ལོས་ཡིན། ཡིན་ནའང་དྲིན་ཆེན་ཕ་ལོ་ངོ་ཐུག་མ་བྱུང་ཀྱང་བྱམས་མ་ལོ་ཐུག་རྒྱུ་གཏན་ནས་བརྗེད་མི་ཉན། ཐབས་ཤེས་གང་དྲགས་རེ་གཟིགས་དང་དེང་སང་མཐོང་ཆེན་མ་རེག་པ་ཡིན་ནའང་གཞན་ཞིག་གི་བརྒྱུད་ནས་ཐབས་ལམ་ཡོད་ཚུལ་བཤད་ཀྱི་འདུག ངོ་མ་ངས་སེམས་གཏིང་ནས་ཁྱེད་ལ་ཐུགས་གསོ་ཞུ་རྒྱུ་དང་མ་ཟད་མ་དྲིན་ཅན་མགྱོགས་ནས་མགྱོགས་སུ་ཞལ་མཇལ་ཡོང་བའི་ངས་སྨོན་ལམ་ཞུ་བཞིན་ཡོད། ཡིན་ནའང་ཡང་ཡང་མ་དྲིན་ཅན་ལ་ཁ་པར་ཡང་ཡང་གཏོང་དགོས་སེམས་གསོ་ཡང་ཡང་གནང་ན་སེམས་ལ་བདེ་སྐྱིད་འབྱུང་ངེས། སྤྱིར་ནི་ཐམས་ཅད་འགྱུར་ཅིང་མི་རྟག་པའི་རང་བཞིན་ཡིན་ཅིང་ངེད་ཅག་ཐམས་ཅད་སྔ་ཕྱི་མ་གཏོགས་ལམ་འདི་ཡི་བརྒྱུད་ནས་མི་འགྲོ་མི་དགོས་པའི་སེམས་ཅན་གཅིག་ཀྱང་མེད།།དེས་ན་ཐུགས་ལ་བདོག་རོགས།