བཙན་མེ་སྟག ས་རཱ་མཐོ་སློབ།
ཁོ་ཐག་ཡིན ཤི་ཚར་བའི་མྱི་ལ་སྙན་གྲགས་མི་དགོ
རང་དབང་གི་སྟོབས་ཤུགས་ཁུ་ཚུར་དང་ལྷན་དུ་འབར
འབར་ཚར་བའི་མྱི་ལ ཆོ་ལོ་མི་དགོ ཁོ་ཐག་ཡིན
དྲང་བདེན་གྱི་ཨམ་གཙིགས་བསྡམས་ཏེ་མེ་ལྕེ་ལ་བསྟིམས
མིག་ཟུང་ཅེར དྲན་ཤེས་འཐོར ཤ་ཉེ་ཚོ་ཉེ་སར་བཅར
ཕུ་ནུ་མིང་སྲིང་ཚོས་ཀྱང་རྡོག་
ས་གཞི་སྒུལ་གྱིན་འདུག ཕ་ཡུལ་གྱི་སྟོབས་ཤུགས་ཡཱ
2012.11.28
སྙིང་མ་རྗེ་ཟེར
ཕ་ཡུལ་གཅིག་ལས་གཉིས་པ་ཞིག་གང་ན་
ཝེ་་་ཕ་ཡུལ་གཉིས་པ ཚོར་ཤེས་ཉམས་པ་མིན་ནམ
མིན མིན དགོད་སྒྲ་དང་ཁ་ཤོབ་ཀྱི་ཁེངས་འདུ
ད་དུང་འཚེ་བ་བྱེད་མི་ཉན་ཟེར སྙིང་མ་རྗེ་ཟེར
ཞག་སྒྲོན་གྱི་འོད་ཁ་ན འཛུམ་དམུལ་དམུལ
བྱང་ཆུབ་སེམས་མཆོག་མ་སྐྱོར་ཀྱི
མཛུབ་མོ་ནང་ལ་བཀུག་སྟེ གྲངས་ཀ་རྩི་བཞིན་འདུག
གྲངས་ཀ་ལ་རྩོད་པ་རྒྱག་བཞིན་འདུག རྦད་དེ་ནོར་འདུག
ཡས་སྣེ་ནས་བརྩིས་པའི་དང་པོ་དེ འདིའི་ནང་ལ་ཐེ་རབས་མེད།
ཕྱི་རྒྱལ་བ་ཚོས རྒྱ་ནག་པ་ཚོས
ཡ་མཚར་བའི་སྲོག་ཆགས་ཤིག་ལས་ཅི་
2012.11.28
སྙན་ངག་བརྗོད་བྱའི་མ་སྟོང་བ་ཞིག་བྲིས་གནང་འདུག་པས་དགའ་ཡོད། རང་མོས་ཟེར་ན་འདི་ལྟར་འགན་འཁྲི་ཞིག་དང་སྒྲིག་འཛུགས་ཤིག་ཡོད་པའི་སྒོ་ནས་བྲིས་ན་ད་བཟོད་རྩོམ་རིག་གི་ཉམས་འདུག དེ་མིན་རྒྱུ་རྙོག་རང་དུ་ཚོར་གི
དྲ་གྲོགས་ཨ་རིག་ཕེབས་པ་དགའ་ཡོད། ད་དུང་ཚིག་ཉུང་དོན་འདུས་ཀྱི་དཔྱད་བརྗོད་ཅིག་སྤེལ་བའང་ལྟག་པར་དགའ་ཡོད།
ཚོར་བས་བྲིས་པའི་སྙན་ངག་ཅིག་མ་རེད་ཟེར་རྒྱུ་མེད་ཀི། མུ་མཐུད་དུ་ཡིན་ད།
མེ་སྟག་གིས།
བོད་ཀྱི་སྤྱི་སྐད་ཡག་པོ་ཅིག་འབྲི་བགྱིད་འདུག སྤྱི་སྐད་དེ་ཡང་ཁ་སྐད་དང་ཧ་ཅང་ཉེ་བོ་འདུག འབྲི་སྟངས་ལ་དགའ་བསུ་ཡོད།
ཨ་རོ་བཙན་མེ་སྟག དེ་རིང་ད་ཁྱོས་ངོ་མས་ཅིག་འཁྱོང་ཡོད་པ་འདྲ། གང་ལྟར་ང་ལ་ཚོར་བ་སྤྲད་ཐུབ་བྱེད་ཅིག་བྲིས་འདུག དེ་མིན་ངས་ནི་རང་མོས་སྙན་ངག་དང་རྩོམ་རིག་ཟེར་བ་དེ་ཚོ་ཅང་ཤེས་ནི་མ་རེད། དཔྱད་བརྗོད་ར་དེ་བཞིན་རེད། འོན་ཀྱང་གོང་གི་སྙན་ངག་ཐུང་ཐུང་འདིའི་ང་ལ་བཤད་མི་ཤེས་པའི་ཚོར་བ་ཞིག་སྤྲད་ཐལ། དོན་དག་གསལ་ལ་མི་གསལ་བ་མང་པོ་ཞིག་བློ་ངོར་ཤར་གི་བཅུག་བཞག་ཐལ། ཧྲ་གི མུ་མཐུད་དུ་ཕྲིས་དང་། ཀློག་བཞིན་ཡོད།
དཔྱད་བརྗོད་པ་དང་ཀློག་མཁན་ཚང་མར་དགའ་བས་བསུ། མུ་མཐུད་ནས་ཕེབས་བསུ་ཡོད།
དཔྱད་བརྗོད་པ་དང་ཀློག་མཁན་ཚང་མར་དགའ་སྤྲོས་བསུ་མ་ལོས་བྱེད། ད་དུང་མུ་མཐུད་ནས་ཕེབས་པར་བསྒུག་ནས་ཡོད།