རྡོ་རྗེ་བསྟན་འཛིན།
བཀའ་བཞིན་སྒྲུབ་པ་ནི་བླ་མ་མཉེས་པའི་མཆོད་པའི་མཆོག་ཡིན་ཞེས་གསུངས་སྲོལ་ཡོད་པའང་བདག་གིས་ཤེས་སོ།། གདུལ་བྱའི་བསོད་ནམས་ཀྱི་མཐུ་གོང་དུ་སྤེལ་བ་ལས་ནི་བླ་མའི་སྐུ་ཚེ་བརྟན་པའི་རྟེན་འབྲེལ་ཡོད་པའང་བདག་གིས་ཚོར་རོ།། ཇ་སྐོལ་དུས་འོ་མ་བླུགས་པས་མདོག་བསྒྱུར་བ་དང་། དེ་ལ་ཀ་ར་བཏབ་པས་མངར་མོར་འགྱུར་བ་ནི་ཆོས་ཉིད་དོ།། དེ་ལྟར་ན་རྒྱལ་བའི་བརྟན་བཞུགས་ཞེས་དངུལ་གྱི་གྲངས་བསྡུས་ཏེ་ཆོ་ག་ཆེན་པོ་བྱེད་པ་འདི་དག་ནི་དོན་ངོ་མ་ཞབས་བརྟན་ཞིག་ཡིན་ནམ། དེས་བླ་མའི་སྐུ་ཚེ་བསྲིངས་པ་ལ་ཕན་གྱིན་ཡོད་དམ།
དེ་ཡང་ཡོན་དུ་ཕུལ་བའི་དངུལ་དེ་དངུལ་དཀར་པོ་ཞིག་མིན་པར་རང་རང་གི་ཡུལ་དུས་ཀྱི་གཞུང་ལ་ཁྲལ་འཇལ་འོས་པ་རྣམས་ཚུལ་བཞིན་དུ་མ་འཇལ་བར་རྫུན་དང་ཁྲམ་པས་བསྒྲུབས་པའི་དངུལ་དེའི་ཆ་ཤས་ཤིག་བླ་མའི་ཞབས་བརྟན་གྱི་དོད་དུ་ཕུལ་ན་དེའི་བླ་མའི་སྐུ་ཚེ་བསྲིངས་པ་ལ་ཕན་ནམ།
བརྟན་བཞུགས་ཀྱི་ཆོ་ག་འདོན་སྐབས་ནེ་ཙོའི་མ་ཎི་ཅི་བཞིན་གོ་བ་ཅི་ཡང་མེད་པར་ཆོག་གྲལ་དུ་བསྡད་པ་ཙམ་གྱིས་བླ་མའི་སྐུ་ཚེ་བསྲིངས་ཐུབ་བམ། འདི་ལྟར་བསམ་སྐབས་ད་ལྟ་འགྲོ་བཞིན་པའི་ཚོགས་སྐྱིད་སྒེར་གཞུང་སོགས་ཀྱི་བརྟན་བཞུགས་ནི་རྨོངས་དད་ཅིག་ལས་མ་འདས་པའི་ངེས་ཤེས་ཤིག་འབྱུང་བར་འགྱུར་རོ།།
རྡོ་རྗེ་བསྟན་འཛིན་ལགས། ངས་དུས་རྒྱུན་དུ་བསམ་པར་ཡོད་པ་དེ་ཁྱེད་ཀྱིས་གསལ་པོ་གསུངས་འདུག་པར་ཐུགས་རྗེ་ཆེ་ཞུ། ཆོས་ངོ་མ་སེམས་ལ་བཅོས་འགྱུར་ཡོང་ཐབས་དགོས་པ་ལས་བོད་པ་ཚོས་བྱེད་ལུགས་ནི་མ་ཎི་བགྲངས། བསྐོར་བ་བསྐོར། ཕྱག་འཚལ། འདོན་པ་གསུང་། དགོན་པ་མཇལ། བླ་མ་མཇལ། འབུལ་བ་ཕུལ་བ་ཙམ་ལས་རང་གི་ལུས་ངག་ཡིད་གསུམ་ལ་ཞིབ་འཇུག་རྩ་བ་ནས་གནང་གི་མི་འདུག གོང་གི་བྱ་བཞག་དེ་དག་གལ་ཆེ་འཛིན་ནས་འཇུག་མཁན་གང་ཟག་ཕལ་མོ་ཆེའི་སྤྱོད་པ་རྩུབ་པ། མཐུན་འབྲེལ་སྐྱོ་བ། དུག་སེམས་ངན་པོ་ཡོད་པ་ཤ་སྟག་འདུག དེ་ནི་ཕལ་ཆེར་ང་བསོད་ནམས་དམན་པའི་རྐྱེན་གྱིས་ཡིན་སྲིད། དེ་དག་གིས་རང་སྐྱོན་མི་ཤེས་པ་དང་། རྨོངས་དད་ཆེ་བ། རང་ཤེད་ཆེ་བ་ལས་གཞན་ལ་བསམ་ཤེས་བྱེད་ཐུབ་མཁན་ཞིག་མི་འདུག དེ་ཚོས་གང་བྱེད་པ་རྣམས་གཙོ་བོ་རང་ལ་ནད་མི་ཡོང་བ། རྒྱུ་ནོར་གྱིས་ཕྱུག་པ། གཞུང་སྒེར་གང་ནས་ཀྱང་ཁེ་ཕན་ཚུལ་མཐུན་ཡིན་མིན་ལ་མ་ལྟོས་པར་ཐོབ་ཐུབ་པ་བྱུང་ན་འཇོན་པོར་བརྩི་མཁན་དེ་འདྲ་ཡིན་པའི་ཚོར་སྣང་བྱུང་། མདོར་ན་སྙིགས་དུས་སུ་གནས་སྟངས་དེ་འདྲ་ཞིག་མ་གཏོགས་ཡག་པོ་ཞིག་རེ་བ་རྒྱག་ས་གང་ནས་ཡོང་། མང་གཙོ་ཡིན་ཙང་དེ་དག་གིས་གང་བྱེད་རྗེས་སུ་རྒྱུག་རྒྱུ་ལས་ལྷག་མི་འདུག དེ་ལྟར་མ་བྱེད་ཚེ་ཁྱོད་རྒྱ་མིའི་རྒྱུག་ཁྱི་རེད་ཟེར་བ་དང་། ཡང་ན་དོལ་རྒྱལ་རྗེས་འཇུག་རེད་ལ་སོགས་པ་མང་དག་ཅིག་གོ་རྒྱུ་ཡིན་པ་ཐག་གི་ཆོད་དོ། གོང་དུ་ཁྱེད་ཀྱིས་གང་གསུང་པ་ལ་རྗེས་སུ་ཡི་རངས་ཞུ། བཀྲིས་བདེ་ལེགས།
བརྟན་བཞུགས་འབུལ་བ་ནི་རྨོངས་དད་ཅིག་མ་རེད་དམ། རྡོ་རྗེ་བསྟན་འཛིན་གྱིས་བྲིས་པ་འདི་ཡང་། རྨོངས་དད་ལ་བྱུང་བ་མིན་ནམ། ལགས།
དིང་སང་སྐྱེ་སྐར་བརྩིས་པ་ཡང་རྨོངས་དདཅིག་མིན་ན། བོད་ལུགས་བརྟན་བཞུགས་འདི་རྨོངས་དད་མིན་པར་ངས་འགན་འཁྱེར་ཐུབ་སྙམ་མོ།།
ལུང་རྟོགས་གཉིས་ལྡན་གྱི་བླ་མ་ཡིན་ན་བརྟན་བཞུགས་ནི་ཧ་ཅང་གི་གལ་ཆེན་རེད། དེ་མིན་ཕལ་བ་ཞིག་ལ་བརྟན་བཞུག་ཅི་ཙམ་ཕུལ་ཀྱང་སྐྱེ་འཆི་ལ་རང་དབང་ཡོད་པ་མ་རེད། །
སྟོན་པ་ཤཀྱ་ཐུབ་པས་སྐྱེ་འཆི་རང་དབང་མེད་པ་གསལ་སྟོན་གནང་ཡོག་ལེ་རེད། ད་རྫུན་བཤད་ནས་སོ་སོ་ཡར་ལ་འདེགས་ཐུབ་ཀྱི་རེད་དམ། གལ་སྲིད་སྐྱེ་འཆི་ལ་རང་དབང་ཡོད་ན། དུས་རབས་རིམ་པའི་གྲུབ་ཆེན་དང་རི་ཁྲོད་པ་དག་ད་དུང་གྲོངས་ཡོག་མ་རེད། དེང་སྐབས་དེ་འདྲ་གཅིག་ཀྱང་མི་འདུག་ག
ནང་ཆོས་ཀྱི་གོ་རྟོགས་ཏིལ་འབྲུ་ཙམ་ཡང་མེད་པའི་རྟགས་རེད།
གལ་ཏེ་བཅོས་སུ་མེད་ན་ནི། །དེ་ལ་མི་དགའ་ཅི་ཞིག་ཡོད། །ཅེས་ཞི་བ་ལྷས་གདམས་པ་དྲན་ནས་དེ་རིགས་ལ་ལུང་རིག་གི་སྒྲུབ་བྱེད་གཏན་ནས་འགྲོ་ས་མེད་པས་ལན་ཅིའང་མེད། གང་འདོད་དུ་སྨྲ་ན་ཆོག བདག་གིས་ཚོད་ཅིག་བགམ་ན། རང་གིས་བྲིས། ཐོག་མའི་མཆན་ཡང་རང་གིས་བཏབས་འདུག་སྙམ། དམིགས་ཡུལ་ནི། སྤྱི་ཚོགས་ཟང་ཟིང་བཟོ་རྒྱུ་རེད།
སྐྱེ་ཆེན་དམ་པ་ཡིན་ཀྱང་ལུས་ནི་ཐ་མལ་པ་དང་གཅིག་མཚུངས་ཡིན་ཕྱིར་མཐར་རྟག་པ་དང་བརྟན་པ་མེད་པ་ཆོས་ཉིད་རེད། ཡིན་ནའང་ལུང་རྟོགས་གཉིས་ལྡན་གྱི་སྐྱེ་བུ་དམ་པ་ཚོ་འཆི་བའི་དུས་ལ་བསླེབ་མེད་ནའང་ཞིང་ཁམས་གཞན་ནས་གདན་འདྲེན་ཡང་ཡང་བྱས་ན་འཇིག་རྟེན་འདི་ནས་འགྲོ་དོན་མ་རྫོགས་པར་གཤེགས་སྲིད་པ་རེད། དེའི་ཕྱིར་ང་ཚོའི་འཇིག་རྟེན་འདིའི་གདུལ་བྱའི་ཆེད་དུ་མུ་མཐུད་ནས་ཡུན་རིང་བཞུགས་རོགས་ཟེར་ནས་སྐུལ་མ་ཡང་ཡང་བྱས་ན་སྐུ་ཚེ་བསྲིང་རྒྱུ་ངེས་པར་དུ་ཕན་པ་ཡོད་པར་བདོག གསང་སྔགས་ཀྱི་ཉམས་ལེན་ལ་བརྟེན་ནས་སྒྱུ་མའི་ལུས་བརྟེན་ལེན་རྒྱུ་ཡོད་པ་སྔགས་ཀྱི་ཕན་ཡོན་དང་སྔ་རབས་ཀྱི་ལོ་རྒྱུས་ལ་བལྟས་ན་གསལ་པོ་རེད། སྒྱུ་མའི་ལུས་བརྟེན་ནི་སྐྱེ་འཆི་མེད་པ་ཨོ་རྒྱན་པདྨ་ལྟ་བུ་རེད། དད་པ་ཅན་གྱི་མདུན་ན་ནམ་ཡང་ཡོད་པ་རེད་ལགས།།
ཆོས་ཐམས་ཅད་རྟེན་ཅིང་འབྲེལ་འབྱུང་ཡིན་པར་ཡིད་ཆེས་མཁན་ཞིག་ཡིན་ན་ནི་བརྟན་བཞུགས་ཕུལ་བས་ཕན་ཐོག་ཡོད་པ་ཁས་ལེན་ངེས་རེད། དེ་མིན་པར་རང་ཚུགས་ཐུབ་པར་འདོད་མཁན་ཡིན་ན་ནི་ཅི་ཆ།
རྡོ་རྗེ་བསྟན་འཛིན་མོ་རང་གི་དེ་སྒོར་ནག་ཡིན་སྲིད་ན་ཡང་། མྱི་གཞན་པའི་དད་རྫས་ཡང་སྒོར་ནག་རེད་ཟེར་ན། མོ་རང་སུ་ཡིན་མདོག་མདོག་བྱས་པ་རེད།
རྡོ་རྗེ་བསྟན་འཛིན་མོ་རང་ནི་ནེ་ཙོ་ཞིག་ཡིན་སྲིད་ན་ཡང་། ཚོགས་སྐྱིད་སྒེར་གཞུང་ཚང་མ་ནེ་ཙོ་རེད་ཟེར་ན། མོ་རང་སུ་ཡིན་མདོག་མདོག་བྱས་བ་རེད།
འདི་ནི་དེང་རབས་བོད་མིའི་ན་ཚ། མ་བཅོས་ཐབ་མེད་དུ་ལྷག་པའི་འོས་འགན། རང་དཔེ་རགས་ཙམ་གྱིས། ཡོངས་ཁྱབ་ལ་ཞྭ་དཔེ་ལྷམ་འགེབས་ཕོད་པའི་ལྐུག་རྟགས་འདི་མ་རེད་དམ། ཁ་བརྡ་ཚང་གི་བསམ་ཤེས་ཚོ། འདི་འདྲ་ཞིག་ཨེ་རེད། གསུང་ཞིག་སྒྲོན་དང་།