ཆབ་མདོ་ངག་ཕུན།
དེ་རིང་ནི་ཕྱི་ལོ་ ༢༠༢༢ ཟླ་ ༥ ཚེས་ ༢༥ རེས་གཟའ་ལྷག་དཀར་རེད། ཞོགས་པ་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་མི་རིགས་ལ་བཀའ་དྲིན་བླ་མེད་ཆེ་བའི་སྤྱི་ནོར་༸གོང་ས་ལྷ་མིའི་རྣམ་འདྲེན་༸སྐྱབས་མགོན་རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་དབུ་བཞུགས་ཐོག དཔལ་ལྡན་སྐྱ་སའི་ལྷ་སྡེ་མི་སྡེ་ཐུན་མོང་ནས་བརྟན་བཞུགས་འདེགས་འབུལ་ཞུས་ཤིང་། དེ་ཉིན་གསུང་ཆོས་ར་བ་ནང་དུ་སྐྱ་སེར་ཧ་ཅང་མང་པོ་འཛོམས་ཡོད་པ་དང་།
བརྙན་འཕྲིན་ལམ་ནས་༸རྒྱལ་བ་རིན་པོ་ཆེའི་ཞལ་རས་མཇལ་བ་དང་མི་ཚོགས་ཀྱི་དགའ་དད་སྤྲོ་གསུམ་གྱི་ངང་ནས་སྨོན་ལམ་འདེབས་བཞིན་མཆིས། དེ་ཉིན་ནི་གནམ་གཤིས་ཧ་ཅང་ཚ་དྲོད་སྙོམ་ལ། མཁའ་དབྱིངས་ལ་ཆུ་འཛིན་ལྕང་ལོ་ཙམ་ཡང་མེད་པ་ཧ་ཅང་དྭངས་མ་ཞིག་ཏུ་གྱུར། ཆོས་སྒྲས་ཀློང་ནས་མི་རྣམས་ལག་གཉིས་ཐལ་མོ་སྙིང་ཁར་སྦྱར་བཞིན་གསོལ་བ་སྨོན་ལམ་འདེབས་བཞིན་མཆིས།
རྒྱལ་དབང་ཐམས་ཅད་མཁྱེན་པའི་ཞལ་རས་མཇལ་དུས་འདས་ཟིན་པའི་བོད་ཀྱི་ལོ་རྒྱུས་མང་པོ་སེམས་ངོགས་སུ་ཤར་བ་དང་། དགའ་སྐྱོ་འདྲེས་མའི་འཚོ་སྣང་ཞིག་ཀྱང་དབང་མེད་དུ་སྐྱེས་སུ་བཅུག ང་ཚོ་མི་ཡུལ་དུ་ས་ཆ་ལག་མཐིལ་ཙམ་ཡང་མེད་རུང་། ཆབ་དཔལ་རིག་གསུམ་གཞན་ལ་ངོམས་རིན་ཆོག་པ་འཕེལ་རྒྱས་དང་། འཕགས་མཆོག་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་རྒྱལ་དབང་ཐམས་ཅད་མཁྱེན་པ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་ཞལ་མཇལ་གསུང་ཐོས་རྒྱུ་ཡོད་པ་ཙམ་དུ་མ་ཟད། ཁོང་གི་མཛད་པ་འཕྲིན་ལས་འཛམ་གླིང་གི་ས་ཕྱོགས་གང་སར་དབྱར་མཚོ་ལྟར་རྒྱས་བཞིན་ཡོད་པ་དྲན་དུས་སེམས་ནང་དུ་དགའ་ལྷང་ངེའི་སྣང་བ་སྐྱེ་འོང་བ་དང་།
ཡང་ང་ཚོ་བོད་ས་ཡོངས་རྫོགས་རྒྱ་དམར་གྱི་ལག་ཏུ་ཤོར་ནས་བོད་ཀྱི་ཆོས་དང་རིག་གཞུང་དེ་ཙམ་གཏོར་བཤིག་བཏང་བ་དང་། སྐྱེ་ཆེན་དམ་པ་དེ་ཙམ་ཞིག་དམར་གསོད་བཏང་བ། བོད་ཀྱི་རང་བྱུང་ཁོར་ཡུག་གཏོར་བཤིག་བཏང་དང་གཏོང་བཞིན་ཡོད་པ། བོད་ཀྱི་སྐད་ཡིག་དང་གོམས་གཤིས་སོགས་མེད་པ་བཟོ་རྒྱུའི་ལས་འགུལ་རབས་དང་རིམ་པ་སྤེལ་བཞིན་ཡོད་པ། གཞིས་ལུས་སྤུན་ཟླ་རྣམས་ཀྱིས་དེ་དག་སེམས་ཀྱི་མ་བཟོད་ནས་སྙིང་སྟོབས་ཞུམ་པ་མེད་པའི་བོད་མི་རིགས་ཀྱི་བདེན་དོན་གྱི་ཆེད་དུ་གཅེས་པའི་ལུས་སྲོག་ཚུན་ཆད་བློས་བཏང་མཛད་བཞིན་ཡོད། ད་དུང་རྒྱ་གཞུང་གི་བསམ་ཤེས་སྤུ་ཙམ་མེད་པར་ལྟ་བ་ངན་པ་མཁྲེགས་འཛིན་གྱིས་བོད་མི་རིགས་ཀྱི་ཐོག་ཏུ་དྲག་གནོན་ཚད་ལས་འདས་པ་བྱེད་བཞིན་ཡོད་པ་དེ་དག་སེམས་ནང་དྲན་དུས་སྐྱོ་སྣང་གིས་བཟི་བཅུག་འོང་།
ད་ནི་བོད་མི་རིགས་ལ་བཀའ་དྲིན་བླ་མེད་དུ་ཆེ་བའི་རྒྱལ་དབང་རིན་པོ་ཆེ་མཆོག་གི་དགུང་ལོ་བཅུ་དྲུག་ལ་ཕེབས་དུས་བོད་ཀྱི་ཆབ་སྲིད་རྩ་རལ་ཅན་དེ་ཐུགས་འགན་བཞེས་དགོས་བྱུང་ཡོད་རུང་བོད་མི་རིགས་ཀྱི་བདེན་དོན་དང་། ཡང་དགོས་སངས་རྒྱས་བསྟན་པའི་དོན་དུ་སྐུ་ངལ་འཛེམས་མེད་ཀྱིས་མདུན་སྐྱོད་གནང་ནས་བོད་ཀྱི་ལས་དོན་མཛད་ཡོད་ཅིང་། སྙིང་སྟོབས་ཞུམ་མེད་ཀྱིས་བོད་ཀྱི་བདེན་དོན་ཐོག་ཏུ་ཉིན་མཚན་དུས་དྲུག་ལ་སྐུ་ལས་སྐྱོན་པའི་ཐུགས་རྗེའི་བཀའ་དྲིན་ལས་དེང་སྐབས་བོད་མི་རིགས་འདི་ཉིད་མ་ཤི་བ་གསོན་པོ་ས་ཡི་གོ་ལའི་ཐོག་ཏུ་གནས་ཐུབ་པ་བྱུང་ཡོད།
ལྷག་དོན་སྐབས་དེ་དུས་དགོངས་པ་རྒྱ་ཆེན་པོ་བཞེས་ནས་བཙན་བྱོལ་ལ་ཕེབས་རྒྱུར་ཐུགས་ཐག་བཅད་གནང་བ་ནི་དེ་འདྲའི་རླབས་ཆེན་གྱི་དགོངས་བཞེས་གནང་བ་ཞིག་རེད་མ་གཏོགས་སྐབས་དེ་དུས་བོད་ནང་བཞུགས་ཡོད་ཚེ་ད་སྐབས་བོད་མི་རིགས་ཞེས་མིང་ཙམ་ཡང་གོ་རྒྱུ་མེད་པར་འགྱུར་རྒྱུ་ཡིན་པ་ནི་འབྲེལ་བརྗོད་མ་དགོས་པའི་གནས་སྟངས་ཤིག་རེད་སྙམ། དེང་སྐབས་རང་རེའི་ཀླད་ཆུང་འགའ་ཤས་ཀྱིས་ར་ཤི་ཡ་དང་ཡུ་ཀེན་གཉིས་བར་གྱི་དམག་འཁྲུག་ལ་བོད་སྦྱར་ནས་ཟུར་ཟ་བྱེད་མཁན་རེ་བཟུང་འདུག་མོད། དེ་དག་ནི་གནས་སྐབས་ཀྱི་འཚོ་བ་ཙམ་ལས་བསམ་ཞིབ་མ་གནང་བའི་སྐྱོན་གནད་ཅན་ཞིག་ཡིན་པ་ལས་གཞན་གང་ཡང་མིན། སྐབས་དེ་དུས་དང་ད་ལྟའི་གནས་སྟངས་ལ་སོགས་ཕྱོགས་གང་གི་ཐད་ནས་ཐ་དད་ཡིན་པ་ཤེས་དགོས་པ་དེ་རེད་སྙམ། དེ་ནི་ཞོར་འཕྲོས་ཙམ་ཞིག་ཡིན།
དོན་དངོས་ལ་བོད་མི་རིགས་ལ་༸རྒྱལ་དབང་ཐམས་ཅད་མཁྱེན་པ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་འདི་ཉིད་ལས་བཀའ་དྲིན་ཆེ་བ་སུ་ཞིག་མེད་པས། དུས་ཚོད་ལ་འཕོ་འགྱུར་གང་འདྲ་ཞིག་ཕྱིན་རུང་མགོན་པོ་མཆོག་གི་བཀའ་དྲིན་བླ་ན་མེད་པ་དེ་དག་ལ་ང་ཚོ་བོད་མི་རིགས་ཡོད་དོ་ཅོག་ནས་ནམ་ཡང་བརྗེད་མི་རུང་བ་ཞིག་རེད་སྙམ་ལ། དགུང་ལོ་བཅུ་དྲུག་ནས་ད་ལྟའི་བར་དུ་བོད་མི་རིགས་འདི་ཉིད་བརྩེ་བའི་ཨ་མས་བུ་ཕྲུག་སྐྱོང་བ་ནང་བཞིན་མཛད་ཡོད་པས་མགོན་པོ་མཆོག་ལ་བཀའ་དྲིན་རྗེས་དྲན་ཞུ་རྒྱུ་ནི་ང་ཚོ་བོད་རིགས་ཡོད་དོ་ཅོག་གི་འོས་འགན་ཟློག་ཏུ་མེད་པ་ཞིག་ཀྱང་རེད་སྙམ།
ལྷག་པར་ད་རེས་ས་སྐྱ་ལྷ་སྡེ་མི་སྡེ་ཡོངས་ནས་བརྟན་བཞུགས་འབུལ་ལམ་ཞུས་པ་དེ་ནི་སེམས་ནང་དགའ་སྣང་དཔག་མེད་དུ་སྐྱེས་བྱུང་ལ། དེ་ཡང་ས་སྐྱ་ནི་བོད་མི་རིགས་ཀྱི་ལོ་རྒྱུས་ཐོག་ཏུ་བྱས་རྗེས་དང་། མཚན་སྙན་གྲགས་ཆེ་ཞིང་། བོད་ཀྱི་ཆབ་སྲིད་འགྲོ་མགོན་ཆོས་རྒྱལ་འཕགས་པ་ནས་ཏཱ་དབེན་བློ་གྲོས་བར་མི་ལོ་གོ་དགུ་ལྷག་རིང་བོད་ཀྱི་ཆོས་སྲིད་མཛད་པ་བསྐྱངས་ཡོད་ཅིང་།
བོད་རྒྱལ་ཁབ་ཀྱི་ཆོས་སྲིད་གཉིས་ཐོག་ཏུ་བཀའ་དྲིན་བླ་ན་མེད་པ་སྐྱོང་གནང་མཛད་མཁན་གྱི་གདུང་རྒྱུད་ཅིག་ཀྱང་ཡིན་པ་རེད། དེ་འདྲའི་རྒྱལ་སྲིད་སྐྱོང་མྱོང་བའི་གདུང་རྒྱུད་ཀྱིས་བརྟན་བཞུགས་འབུལ་བ་དེ་ནི་རྟེན་འབྲེལ་བཟང་པོ་ཞིག་དང་།
དེ་འདྲའི་དུས་བཟང་ལ་བཅར་རྒྱུ་བྱུང་བ་ནི་ཚེ་སྔོན་བསོད་ནམས་ཤིག་ཏུ་ཆེ་བ་ཞིག་ལ་ངོས་འཛིན་བྱེད་མི་ཆོག་པ་ཡོད་ཀྱི་མ་རེད་སྙམ།
དེ་ཡང་རྒྱལ་རབས་རྫོགས་ལྡན་གཞོན་ནུའི་དགའ་སྟོན་ལས། “འཁོན་ས་སྐྱ་པའི་གདུང་རྒྱུད་རིན་པོ་ཆེ་དང་། མདོ་རྒྱུད་ཀྱི་བསྟན་པ་ནི་དེང་སང་གི་བར་དུ་གནས་པ་ཡིན་ནའང་། སྲིད་ཀྱི་སྟོབས་འབྱོར་ཕུན་སུམ་ཚོགས་པ་ནི། འགྲོ་མགོན་ཆོས་རྒྱལ་འཕགས་པ་ནས། འགྲོ་མགོན་བསོད་ནམས་པའི་བར་དུ་ལུང་གི་བསྐོས་པའི་དཔོན་ཆེན་གཅིག་གཉིས་སླར་ལྡབ་པ་དང་བཅས་པའི་ཉི་ཤུའི་བར་དུ་དབུས་གཙང་ཆོས་ཀྱི་ཆོལ་ཁ། མདོ་སྟོད་མིའི་ཆོལ་ཁ། མདོ་སྨད་རྟའི་ཆོལ་ཁ་སྟེ། བོད་ཆེན་པོའི་ཆོལ་ཁ་གསུམ་གྱི་རྒྱལ་ཁམས་ཀུན་ལ་མངའ་སྒྱུར་ཅིང་།” ཞེས་གསུང་དོན་ལྟར་བོད་མི་རིགས་ཀྱི་ཆབ་དཔལ་རིག་གསུམ་ལ་བཀའ་དྲིན་ཆེན་པོ་ཡིན་པ་རེད། ད་རེས་བརྟན་བཞུགས་དེ་ནི་དོན་སྙིང་ལྡན་པ་ཞིག་བྱུང་སོང་ཞིང་། དཔལ་ལྡན་ས་སྐྱ་གོང་མ་རིན་པོ་ཆེ་གཙོས་ས་སྐྱའི་གཞིས་བྱེས་ལྷ་སྡེ་མི་སྡེ་ཡོངས་ལ་བཀའ་དྲིན་ཆེ་ཞུ་འདོད་བྱུང་།
ལྷག་པར་བོད་ཀྱི་ཆབ་སྲིད་དེ་འདྲ་ཛ་དྲག་སྐབས་སུ་དཔལ་ལྡན་ས་སྐྱ་གོང་མ་རིན་པོ་ཆེ་མཆོག་ནས་བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་མི་ཉམས་སླར་གསོ་ཡོང་བའི་ཆེད་དུ་བྱས་རྗེས་རླབས་ཆེན་འཇོག་གནང་མཛད་ཡོད་པ་རེད། དེ་ཡང་། གཙང་གཡས་རུ་རྩེ་གདོང་གི་ཕྱི་ནང་གི་སྣོད་བཅུད་ཀྱི་ངོ་སྤྲོད་ལོ་རྒྱུས་གཞོན་ནུའི་མགུལ་རྒྱན་ཞེས་བྱ་བ་ལས། “བོད་སྤྱིའི་ཆབ་སྲིད་ལ་མཚོན་ནའང་བོད་ཀྱི་ལོ་རྒྱུས་དུས་འགྱུར་སྡེ་གཟར་ཁུག་སྟེར་གཉན་འཕྲང་འདི་ལྟའི་སྐབས་སུའང་གནས་དུས་ཚོད་རྩིས་མ་མཛད་པར་ལྷ་མིའི་རྣམ་འདྲེན་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་ཐམས་ཅད་མཁྱེན་པ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་འཕྲལ་ཕན་དགོངས་བཞེད་དང་མཐུན་པའི་ལུགས་གཉིས་ཕྲིན་ལས་རྒྱས་ཐབས་སྐྱོང་བར་དབུ་འོག་དཔུང་འདེབས་ཀྱི་ངང་ཚུལ་སྲི་ཞུ་ཞབས་འདེབས་རླབས་ཆེན་པོ་བསྒྲུབས་དང་སྒྲུབ་བཞིན་པ་དང་།
གཞིས་བྱེས་གཉིས་སུ་དཔལ་ལྡན་ས་སྐྱ་པའི་ཆོས་བརྒྱུད་སྤྱི་སྒེར་ཚང་མ་འགོ་འོག་ལུས་ཆུད། ནང་ཁུལ་གྲ་མ་འགྲིགས་ཀྱི་ཀླན་ཀ་སྦྲང་སྐད་ཙམ་ཡང་གོ་ཐོས་མེད་པ་དམ་གཙང་དཀར་འབྱམས་ཡུག་གཅིག་སོས་དལ་ཐབས་མཁས་ཐུགས་རྗེས་བསྐྱངས་དང་སྐྱོང་བཞིན་པ་སོགས་”ཞེས་གསལ་དོན་ལྟར་བོད་མི་རིགས་ཀྱི་ཆབ་སྲིད་ཧ་ཅང་ཛ་དྲག་སྐབས་སུ་ཐུགས་ཞུམ་པ་མེད་པར་བོད་དོན་ཐོག་ཏུ་དབུ་འོག་དཔུང་འདེབས་མཛད་པ་འཕྲིན་ལས་སྐྱོང་གནང་མཛད་ཡོད་པ་རེད།
ལྷག་པར་རྒྱལ་མཆོག་ན་རིམ་དང་།
ས་སྐྱའི་ཁྲི་རབས་རིམ་བྱུང་བར་ཆོས་སྲིད་དམ་ཚིག་གཙང་མ་ཡོད་པ་རེད། དེ་ཡང་། གོང་གི་ལོ་རྒྱུས་ལས། “ཕྱོགས་གཅིག་ནས་སྡེ་པ་གཞུང་དགའ་ལྡན་ཕོ་བྲང་པ་ཕྲ་ཚུགས་ཏེ་༸རྒྱལ་དབང་ཐམས་ཅད་མཁྱེན་པ་ལྔ་པ་ཆེན་པོ་ནས་བཟུང་རྒྱལ་དབང་ཐམས་ཅད་མཁྱེན་པ་སྐུ་རབས་ ༡༠ དང་། རྒྱལ་ཚབ་སྲིད་སྐྱོང་ན་རིམ། ལྷ་རིགས་འོད་གསལ་འཁོན་རྗེ་དཔལ་ལྡན་ས་སྐྱའི་བདག་ཁྲི་འཇམ་མགོན་ཨ་མྱེས་ཞབས་ནས་བཟུང་ཁྲི་རབས་ ༡༤ རིང་ས་གཞུང་གཉིས་དབར་ཆོས་སྲིད་དམ་ཚིག་སླད་ལར་གང་ལའང་དམ་སེལ་བྱུང་མྱོང་མེད།”ཅེས་གསལ་དོན་ལྟར་ཡིན་ཞིང་། ད་རེས་ཀྱང་རྒྱལ་དབང་ཐམས་ཅད་མཁྱེན་པ་མཆོག་གིས་ཀྱང་ཐུགས་དགྱེས་ཚོར་ཆེན་པོའི་ངང་ནས་ཐུགས་རྗེ་ཆེ་ཞེས་ཡང་ཡང་གསུང་གནང་མཛད་པ་དེ་ལས་ཀྱང་ཐུགས་དགྱེས་ཚོར་ཆེན་པོ་ག་ཚོད་བྱུང་ཡོད་པ་ཤེས་ཐུབ་པ་ཞིག་ཀྱང་རེད། ད་རེས་བརྟན་བཞུགས་སྐབས་སུ་བོད་འབངས་ཡོངས་ལ་བབཀའ་སློབ་ལམ་སྟོན་གནང་དོན་ལས། “དེ་རིང་བརྟན་བཞུགས་དམིགས་བསལ་གནང་བ་དེ་ལ་ཐུགས་རྗེ་ཆེ་ཞེས་ཞུ་རྒྱུ་ཡིན། བོད་ཀྱི་གནས་སྟངས་ལ་བསམ་བློ་གཏོང་དུས། ངོས་རང་ཚེ་རིང་པོ་ཞིག་བསྡད་མ་ཐུབ་ན་བོད་ཀྱི་སངས་རྒྱས་ཀྱི་བསྟན་པ་དང་བོད་རྒྱ་ཆེ་མི་མང་གི་རེ་འདོད་དེ་སྐོང་ཐུབ་ཀྱི་མ་རེད་བསམ་ནས། ངོས་རང་སེམས་ཤུགས་སྐྱེད་ནས་སྡོད་ཀྱི་ཡོད། ལོ་བརྒྱ་ཡས་མས་ཞིག་བསྡད་ཐུབ་རྒྱུར་ངོས་རང་གིས་སྨོན་ལམ་རྒྱག་གི་ཡོད། ཁྱེད་རང་ཚོས་དེ་ལུགས་ཀྱིས་ཐུགས་སྨོན་གནང་ཤོག་ཨཱ། ང་རང་ཚོ་བཙན་བྱོལ་བ་རེད། ང་ཚོའི་བསྟི་གནས་གཙོ་བོ་དེ་བོད་ལ་ཡོད་རེད།” ཞེས་བཀའ་ཕེབས་དོན་ལྟར། ད་ནི་བོད་རིགས་ཡོད་དོ་ཅོག་ནས་གོང་གི་བཀའ་སློབ་དེ་དག་སྙིང་དབུས་སུ་བཅངས་ནས་བོད་བསྟན་སྲིད་ཀྱི་ལས་དོན་གནང་དགོས་པ་ལས། དེ་མིན་མཐོ་གོ་ས་དང་། ཕྱོགས་ལྷུང་གི་ལས་དོན་བྱེད་པའི་དུས་ཚོད་གཅིག་གཏན་ནས་མིན་པ་རེད། ང་ཚོ་ཚང་མ་ལུང་པ་མེད་པའི་བཙན་བྱོལ་བ་ཡིན་སྙམ་པའི་ཐོག་ནས་ངར་ཤུགས་སྐྱེད་ནས་ལས་དོན་གནང་དགོས། རྒྱབ་ལ་གྱོན་རྒྱུ་དང་། ཁ་ལ་བཟའ་རྒྱུ་རག་ཙམ་གྱིས་འགྲིགས་ཀྱི་འདུག་སྙམ་ན་ནོར་བ་ཞིག་རེད་སྙམ། ཡང་བཀའ་སློབ་ལམ་སྟོན་ལས། “དཔེར་ན་ས་སྐྱར་ཆགས་བཞག་ན། རི་དཀར་པོ་ཞིག་གི་མདུན་དེར་འདུག །ས་སྐྱ་དངོས་གནས་དྲང་གནས་ཆོས་རྗེ་ས་པཎ་ལ་སོགས་པ་དེ་ཚོའི་གྲས་ཀྱིས་བྱིན་གྱིས་བརླབས་པའི་གནས། བླ་མ་བསམ་གྱིས་མི་ཁྱབ་པ་བྱུང་ཡོད་རེད། དེ་འདྲའི་བསྟན་པ་ཞིག་གི་རྒྱུན་འཛིན་མཁན་ཞིག་ཆགས་བསྡད་ཡོད་རེད། ཁྱེད་རང་ཚོར་གཞུང་ཆེན་སློབ་གཉེར་ཡོད་པ། གསང་སྔགས་རྡོ་རྗེ་ཐེག་པའི་རྒྱུད་སྡེ་བཞིའི་ལྷ་ཚོགས་དེ་ཚོའི་གྲས་དེ་ཉམས་ལེན་ཡོད་པ། གང་ལྟར་མདོ་སྔགས་ཟུང་འབྲེལ་ཐུན་མོང་མ་ཡིན་པ་ཞིག་ཆགས་བསྡད་ཡོད་རེད། རིན་པོ་ཆེས་དབུ་འཁྲིད་ནས་ཚང་མས་ད་ལྟ་ནང་བཞིན་ཧུར་ཐག་གནང་ཤོག་ཨཱ། རིན་པོ་ཆེ་ཆུང་ཆུང་ནས་ངའི་ངོ་ཤེས་རེད། ཧུར་ཐག་འབད་ཐག་གནང་སོང་། ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་”ཞེས་ཐུགས་བརྩེ་བ་ཆེན་པོ་ཕེབས་ནས་མདོ་སྔགས་ཟུང་འབྲེལ་ཐོག་ཏུ་སྔར་ལྷག་འབད་བརྩོན་གནང་དགོས་པའི་བཀའ་སློབ་ཕེབས་པ་དང་། དེ་ནས་མཛད་སྒོ་གྲོལ་དུས་༸རྒྱལ་དབང་ཐམས་ཅད་མཁྱེན་པ་ཆེན་པོ་མཆོག་དགུང་གྲངས་དེ་ཙམ་ཕེབས་ཡོད་ནའང་ད་དུང་ཐུགས་བརྩེ་ཆེན་པོས་ཕེབས་ལམ་གྱི་གཡས་གཡོན་གྱི་མི་མང་རྣམས་ལ་ཞལ་གཟིགས་བཞིན་ཕེབས་གནང་མཛད་ཅིང་། མི་མང་གི་སེམས་ཀྱི་རེ་ཁ་ཡོངས་སུ་སྐོང་བར་མཛད་པ་དེ་ལས་ཁོང་ནི་དེ་འདྲའི་རླབས་ཆེན་གྱི་བྱམས་བརྩེ་ཅན་གྱི་བདག་ཉིད་ཅིག་མ་རེད་དམ། རྩ་བའི་བླ་མ་རྒྱལ་དབང་ཐམས་ཅད་མཁྱེན་པ་སྐུ་ཕྲེང་བཅུ་བཞི་པ་མཆོག་དང་དཔལ་ལྡན་ས་སྐྱ་གོང་མ་རིན་པོ་ཆེ་མཆོག་གི་གཙོས་ཆོས་བརྒྱུད་ཁག་གི་བླ་ཆེན་རྣམ་པ་སྐུ་ཚེ་ཡུན་རིང་བརྟན་ཞིང་། ཐུགས་ཀྱི་བཞེད་འདོད་ལྷུན་གྱིས་འགྲུབ་པའི་སྨོན་འདུན་ཤུགས་དྲག་དང་བཅས། གལ་སྲིད་ནོར་འཁྲུལ་མཆིས་ཚེ་བཟོད་གསོལ་ཞུ་རྒྱུ་ལས་མ་འདས། གསལ་བཤད། རྩོམ་ཡིག་འདི་ཉིད་བོད་ཀྱི་དུས་བབ་དྲ་ཐོག་ཏུའང་བཀོད་ཡོད།
ཕྱི་ལོ་ ༢༠༢༢ ཟླ་ ༥ ཚེས་ ༢༥ ཉིན་མོར་བྲིས་སོ།།
བླ་མའི་ངོས་ནས་ཀྱང་སྐྱེ་འཆི་ལ་རང་དབང་མེད་པ་གསལ་པོ་ཤེས་ཡོད། སློབ་མ་ཚོས་ཀྱང་སྐྱེ་འཆི་ལ་རང་དབང་མེད་པར་ཤེས་བཞིན་དུ་ཕན་ཚུན་ལ་མགོ་བསྐོར་གཏོང་རེས་ཡག་ཐག་ཆོད་རེ་བྱས། བོད་པ་ཚོ་ག་དུས་ཤིག་ལ་གཉིད་བསྟུག་པོ་འདི་ལས་སད་ཀྱི་ཡོད་ན། །