ཀྱེ་མ་ཧོ།
བདེན་བཞི་སྟོན་མཁས་རྒྱལ་བ་རྒྱ་མཚོ།།
བསླབ་གསུམ་མཛོད་འཛིན་མཆེད་ལྕམ་དགེ་འདུན།།
སྐུ་གཉིས་མངོན་མཛད་དྲིན་ཆེན་བླ་མ།།
སྐྱབས་གཅིག་དམ་པར་སྙིང་ནས་འདུད་དོ།།
ཆོས་གྲལ་བསྡད་ཀྱང་ཆོས་ཀྱིས་དབུལ་ཞིང་།།
ཆོས་སྤང་ལས་ངན་གསོག་པའི་བསྡུས་རར།།
ཆོས་བཞིན་སྤྱོད་པར་ཉིན་མོའི་སྐར་མ།།
ཆོས་དང་གང་ཟག་ཐ་དད་སོང་འདུག།
དད་གུས་མེད་པའི་རྟོག་གེ་མཁྲེགས་པོས།།
རང་སེམས་ལོག་ལྟ་གཞན་ལ་སྦྱར་ནས།།
སྒྲོ་སྐུར་མདའ་མཚོན་ཕྱི་ལ་སྐོར་མཁན།།
ཆོས་དྲེད་ཁེར་རྐྱང་འུག་པའི་སྤུན་ཟླ།།
ངེས་འབྱུང་ཞེན་པའི་འཁྲི་བ་མ་ཆོད།།
བྱང་ཆུབ་སེམས་མཆོག་ཁ་ལ་ཁྱེར་ནས།།
ལྭ་བ་དམར་སེར་རྒྱབ་ལ་གྱོན་ཡང་།།
ལྷས་བྱིན་དཔའ་བོའི་དཔུང་རོགས་མིན་ནམ།།
ར་ཕྱས་བསྡུས་གྲྭའི་དགོས་སོགས་མ་ཤེས།།
མདོ་སྔགས་རིག་པའི་སྙིང་པོ་མ་ལོན།།
གདོན་འདྲེ་ཐེའུ་རང་གཞན་ལ་བརྗོད་ཕྱིར།།
དོལ་ཚོགས་ཁྱི་སྤྱང་ཟ་ཁ་དར་འདུག།
རོ་འཛིན་དབྱར་རྔར་ལེགས་བཤད་མ་འབྲེལ།།
རྩོད་དུས་སྒྲོ་སྐུར་གློག་སྤྲིན་བྲེལ་ཀྱང་།།
མན་ངག་འདོད་དགའི་ཆར་གྱིས་དབེན་ཕྱིར།།
སྐྱེ་བོར་ཕན་བདེའི་ལོ་ཏོག་མི་སྨིན།།
སྙིང་གི་བུ་ལྟར་མཆེད་ལ་བྱམས་ཀྱང་།།
ཆོས་ཀྱི་སྙིང་ནོར་གྲོགས་ལ་གདམས་ཀྱང་།།
དྲིན་ལན་ལོག་འཇལ་དགྲ་རུ་འཛིན་ཀྱང་།།
རྣལ་འབྱོར་ཡང་དག་ཐུགས་དམ་འོག་འདོན།།
སྙིགས་ལྔའི་མུན་ནག་དྲག་ཏུ་རྡོལ་ཀྱང་།།
རྒྱལ་དབང་པདྨའི་ཕྲིན་ལས་ཟླ་གཞོན།།
ནམ་ཡང་མི་ཉམས་ཡར་རྒྱས་གོང་འཕེལ།།
ཆོས་ཉིད་ཞིག་གི་རྟེན་འབྲེལ་ལགས་སོ།།
ཞེས་རབ་རྒྱན་ཤིང་རྟའི་འབུམ་ཟླའི་ཡར་ཚེས་དགའ་བ་གསུམ་པར་རང་གི་སློབ་ཕྲུག་འགའ་ཞིག་ཆོས་རར་ནས་བསྡུས་གྲྭ་ཅུང་ཙམ་སྦྱོང་ཤེས་སོང་པས་སྟོབས་ལས་སྔོན་དད་གུས་དག་སྣང་ཅན། བྱམས་དང་སྙིང་རྗེ། ལས་འབྲས་ལ་བརྩི་སྲུང་ཆེ་བ། ང་རྒྱལ་དང་ཞེ་སྡང་ཆུང་བ་ཞིག་ཡིན་ཡང་། དེང་དུས་དེ་ལས་ལྡོག་སྟེ་དད་པ་དང་དག་སྣང་ཞན། བྱམས་བརྩེ་དང་འདུལ་ཁྲིམས་ཉམས། ང་རྒྱལ་དང་ཞེ་སྡང་ཆེ། ཁ་རྩོད་དང་ཚིག་མཚོན་མང་། རང་འདོད་གཡོ་སྒྱུ་ཅན། ཟུར་ཟ་དང་ཇུས་དྭོགས་ཛ་དྲག་ནས་ཆོས་ཀྱི་རྩ་བ་རིལ་སོང་བ་ལྟ་བུ་འདྲ་ཞིག་མཐོང་བའི་འཆར་སྣང་སྐྱོ་དུང་དུང་བ་ཞིག་གིས་ཤྲྰིཿསྨྱོན་ཨེ་མ་ཧོས་ནུབ་ཕྱོགས་ཀུན་བཟང་ཆོས་གླིང་ནས་ཕུལ་བར་དགེའོ།། །།