བདེན་སྨྱུག
བརྡ་སྤྲོད་པའི་བསྟན་བཅོས་སུམ་རྟགས་གཉིས་ནི་བོད་ཀྱི་སྒྲ་རིག་པའི་བསྟན་བཅོས་གལ་ཆེན་གཉིས་ཡིན་ལ། དེ་དག་ཡོད་པས་ང་ཚོར་རིག་པའི་སྒོ་མོ་འབྱེད་པ་ཡིན་པས་འདི་གཉིས་ནི་རྒྱ་ཆེ་ཞིང་གཏིང་ཟབ་པའི་བོད་ཀྱི་རིག་གཞུང་ནང་གི་མུ་ཏིག་རྡོག་གཅིག་ཡིན་ནོ།
དེ་ཡང་ཚིག་མཛོད་ཆེན་མོ་ལས། གོ་བྱེད་དེ། མིང་བརྡ་ཐ་སྙད་རྣམས་ཇི་བཞིན་གོ་བར་བྱེད་པའམ། མ་ནོར་བར་སྟོན་པར་བྱེད་པའི་གཞུང་ཟེར་བ་ལྟར། ཡི་གེ་གང་ཞིག་གཞན་གྱི་བློ་ངོར་ཀློག་བདེ་ཞིང་དོན་ཚགས་མེད་དུ་གོ་བར་བྱེད་པའི་རིག་པའི་གཞུང་ལུགས་སུམ་རྟགས་དག་གསུམ་ལྟ་བུ་ལ་གོ
ཡི་གེའི་གང་ཞིག་འབྲི་ཀློག་འཆད་གསུམ་བྱེད་པ་ལ་ཐོག་མར་སུམ་རྟགས་དག་གསུམ་ལས་མགོ་རྩོམ་དགོས་ལ་དཔེར་ན། རྩ་བ་ལས། འབྲི་དང་ཀློག་དང་འཆད་རྣམས་ཀྱིས།། ཞེས་པ་ནས། འབྲེལ་བ་སྨྲ་བའི་མཆོག་ཏུ་འགྱུར།།སྔོན་འཇུག་རྨང་གཞི་རྗེས་འཇུག་གསུམ།།ཀློག་གི་ཆེད་དུ་བསླབ་པ་ཡིན།། ཞེས་གསུངས་པ་བཞིན་དུ་སུམ་རྟགས་དག་གསུམ་ནི་བཅུ་ཕྲག་རིག་གཞུང་ལ་འཇུག་པའི་སྒོ་མོ་ལྟ་བུ་ཡིན་པས་སུམ་རྟགས་དག་གསུམ་གཞི་རྐང་ལེགས་པོ་མ་ཚུགས་པར་སྙན་ངག་སྤུས་དག་ཞིག་འབྲི་མི་ཐུབ་ལ། དེ་མ་ཟད་གཞུང་ལུགས་དག་མོ་ཞིག་ཀྱང་རྩོམ་མི་ནུས་པས་ན། སུམ་རྟགས་གྲལ་དག་ཅིག་མ་བསླབ་པར་རིག་གནས་གང་ཞིག་བསླབ་རྒྱུ་ཟེར་བ་ནི་གཤོག་པ་མེད་པར་ནམ་མཁར་འཕུར་འདོད་པ་དང་གཉིས་སུ་མེད་དོ།།
སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་ནས། ཐ་སྙད་ལ་ནི་མ་བརྟེན་པར།།དམ་པའི་དོན་ནི་བསྟན་མི་ནུས།།དམ་པའི་དོན་ནི་མ་རྟོགས་པར།།མྱ་ངན་འདས་པ་ཐོབ་མི་འགྱུར།། ཅེས་གསུངས། འདི་ནི་སུམ་རྟགས་དག་གསུམ་ལ་བསླབ་དགོས་ཚུལ་བསྟན་པ་མ་ཡིན་ནམ། དཔེར་ན། སུམ་ཅུ་བའི། བྱེད་འབྲེལ་གཉིས་ཀྱི་ཁྱད་པར་མ་ཤེས་ན་དོན་ལ་འབྲེལ་མི་ཆགས་པ་ལྟ་བུ་ཡིན་པས་སུམ་ཅུ་བའི་སྐབས་རྣམ་དབྱེ་དང་ཚིག་ཕྲད་གཙོ་བོར་བསྟན་ཡོད་ལ། རྟགས་འཇུག་གི་སྐབས་བྱ་ཚིག་གཙོ་བོར་བསྟན་ཡོད་པས་ན་དེ་དག་རེ་རེ་བཞིན་ཀུ་ཤུའི་རྩེ་མོ་བཞིན་དུ་ཞིབ་ཏུ་བསླབ་ན་རིམ་གྱིས་ཡི་གེའི་གྲལ་དག་ཅིག་འབྲི་ཤེས་པར་གདོན་མི་ཟ།
དེ་ཡང་བསླབ་པ་ཙམ་གྱིས་མི་ཆོག་པར་རྩ་ཚིག་རེ་རེ་བློ་ལ་བྱང་བར་བྱེད་དགོས་སྙམ།
ཐོན་མིའི་ཡི་གེ་དང་བརྡ་སྤྲོད་པའི་བསྟན་བཅོས་བརྩམས་པ་ནས་བོད་ཀྱི་ལོ་ཙྭ་བ་དང་མཁས་པ་མང་བས་འགྲེལ་མང་བོ་ཞིག་བརྩམས་པར་གྲགས་ལ། དེ་དག་ཁ་ཤས་ཅིག་དྲངས་ན། འགྲེལ་བ་རྙིང་བའི་རིགས་ནི་ས་སྐྱ་ཀུན་དགའ་རྒྱལ་མཚན་གྱིས་མཛད་པའི་སུམ་རྟགས་ཀྱི་དོན་འགྲེལ་དང་། དབུས་པ་བློ་གསལ་བྱང་ཆུབ་ཡེ་ཤེས་ཀྱིས་མཛད་པའི་འགྲེལ་བ། ལོ་ཆེན་ནམ་མཁའ་བཟང་བོ་དང་སྣར་ཐང་ལོ་ཙྭ་བ། གོ་བོ་རབ་འབྱམས་པ་བསོད་ནམས་སེང་གེ་སོགས་ཀྱིས་མཛད་པའི་སུམ་རྟགས་འགྲེལ་བ་ཤིན་ཏུ་མང་ལ། འགྲེལ་བ་གསར་མའི་རིགས་ནི་རྣམ་གླིང་པཎ་ཆེན་དཀོན་མཆོག་ཆོས་གྲགས་ཀྱིས་མཛད་པའི་སུམ་རྟགས་འགྲེལ་བ་དང་། པྲ་ཏི་དགེ་བཤེས་རིན་ཆེན་དོན་འགྲུབ། ཅོ་ནེ་གྲགས་པ་བཤད་སྒྲུབ། ཀརྨ་སི་ཏུ་གཙུག་ལག་ཆོས་ཀྱི་སྣང་བ། དངུལ་ཆུ་དབྱངས་ཅན་གྲུབ་པའི་རྡོ་རྗེ་སོགས་ཀྱིས་མཛད་པའི་སུམ་རྟགས་ཀྱི་འགྲེལ་མང་བོ་ཞིག་འདུག
དེའི་ཕྱིས་ཀྱི་རིག་གསར་རྗེས་ལ་རྗེ་བཙུན་དམུ་དགེ་བསམ་གཏན་རྒྱ་མཚོས་མཛད་པའི་སུམ་རྟགས་འགྲེལ་ཆེན་བློ་གསལ་འཇུག་ངོགས་དང་བློ་གསལ་དགའ་སྟོན། མཁས་དབང་ཚེ་ཏན་ཞབས་དྲུང་དང་དུང་དཀར་བློ་བཟང་འཕྲིན་ལས། ཉན་ཤུལ་མཁྱེན་རབ་འོད་གསལ། དཔའ་རིས་སངས་རྒྱས། ཨ་ལགས་དོར་ཞི་སོགས་ཀྱིས་མཛད་པའི་འགྲེལ་བ་ད་ལྟ་མང་བོ་ཞིག་འདུག་པས། འདི་དག་ལས་བོད་ཀྱི་བརྡ་སྤྲོད་ལ་ཉམས་པ་སོར་ཆུད་མ་ཉམས་གོང་འཕེལ་དུ་བཏང་བ་ཡིན་པས་ང་ཚོས་འདི་དག་ལ་སློབ་སྦྱོང་བྱེད་མ་ཐུབ་ན། ནམ་ཞིག་བརྡ་སྤྲོད་ཀྱི་དགོངས་དོན་བོར་ནས་ཡིག་རྨོངས་པའི་སྡེ་ཞིག་ཆགས་རྒྱུ་གདོན་མི་ཟ་བས་ཀློག་སློབ་པའི་ལས་དང་པོ་བ་ཞིག་ཡིན་ནའང་སུམ་རྟགས་གཉིས་རྩ་བར་འཛིན་དགོས་པར་སྙམ།
དེང་སང་སློབ་གྲྭའི་སློབ་མ་ཆུང་ཆུང་རྣམས་ལ་སུམ་རྟགས་དག་གསུམ་ཆ་ཚང་ཞིག་སློབ་ཀྱིན་མེད་ལ། གལ་ཏེ་སློབ་པའི་དབང་དུ་བཏང་ནའང་ཕྱོགས་ཙམ་ལས་མེད་པས་སློབ་ཆེན་ནང་དུ་ད་དུང་སུམ་རྟགས་དག་གསུམ་ལ་སློབ་ཀྱིན་ཡོད་པས། འདི་ནི་སློབ་གསོའི་སྒྲིག་འཛུགས་ཀྱི་བྱ་བའི་འཐུས་ཤོར་ཞིག་ཨེ་ཡིན་སྙམ་མོ།།
བདག་གིས་བཤད་འདོད་པ་ནི་སུམ་རྟགས་དག་གསུམ་གྱི་རྨང་གཞི་ལེགས་པོ་ཞིག་ཡོད་ན་ལས་བྱ་དང་ཉིན་ཐོ་རྩོམ་རིག་སོགས་གང་ཞིག་བྲིས་ཀྱང་རྔོ་མི་ཐོགས་པ་དང་། དེ་ལ་འགྲེལ་ཞིག་བརྒྱབ་ན་དོན་བདེ་བླག་ཏུ་རྟོགས་ཐུབ་པ་ལྟ་བུ་རེད། འདི་ནི་བདག་གི་མ་བཅོས་སེམས་ཁོང་གི་དྲན་ཚུལ་ཙམ་དང་། རང་འདྲ་བའི་གསར་སློབ་པ་དག་ལ་བཤད་པའི་སྙིང་གཏམ་ཐུང་ངུ་ལེགས་ལ་མི་འགྲིག་པའི་ཆ་ཅི་མཆིས་བྱིས་པའི་ངག་བཞིན་དུ་གུ་ཡངས་དང་བཟོད་གསོལ་སྙིང་ནས་ཞུ།
་་་་་་་་ཐོན་མིའི་ཡི་གེ་དང་བརྡ་སྤྲོད་པའི་བསྟན་བཅོས་བརྩམས་པ་ནས་བོད་ཀྱི་ལོ་ཙྭ་བ་དང་མཁས་པ་མང་བས་འགྲེལ་མང་བོ་ཞིག་བརྩམས་པར་གྲགས་ལ། དེ་དག་ཁ་ཤས་ཅིག་དྲངས་ན། འགྲེལ་བ་རྙིང་བའི་རིགས་ནི་ས་སྐྱ་ཀུན་དགའ་རྒྱལ་མཚན་གྱིས་མཛད་པའི་སུམ་རྟགས་ཀྱི་་་་་་
སུམ་རྟགས་བཤད་དུས། ཡིག་ནོར་མེད་ན་ཡག་ས་རེད།
བཀའ་བསྟན་དང་བཀའ་བརྟེན་གྱི་དཔེ་ཆ་དག་པ་ཀུན་ལ་གཞིར་བཅས་སུམ་ཅུ་པ་དང་། རྟགས་ཀྱི་འཇུག་པ་མཁས་པ་དག་གིས་བརྩམས།་སོ།
བསྟན་བཅོས་འདི་གཉིས་ཐོན་མིས་མཛད་ཅེས་སྒྲོ་བཏགས་པ་མ་གཏོགས་ཐོན་མིས་མཛད་པ་དངོས་མ་མ་ཡིན་པར་བོད་པ་དང་ཕྱི་ལོགས་པ་བོད་ཀྱི་སྐད་ལ་རྟོག་དཔྱོད་མཛད་པ་པོ་དག་གིས་བྲིས་སོ།
བཀའ་བསྟན་གྱི་བོད་ཡིག་ལ་ཁུངས་བྱས་ནས། བོད་སྐད་ཁ་སྐད་སྤྱི་སྐད་ཚད་ལྡན་ཞིག་བཟོས་ནས། ཀུན་གྱིས་གཅིག་མཚུངས་སུ་ཁ་ལ་མ་བཀོལ་ན། བོད་སྐད་མཉམ་དུ་བོད་ཡིག་ཀྱང་གང་མྱུར་ཉམས་མི་སྲིད་པ་མིན་ནོ།།
སྔོན་མ་ཆབ་སྤེལ་ནས་དངོས་ཐོག་བདེན་འཚོལ་གྱིས་ལམ་ནས་སུམ་རྟགས་གཉིས་ས་པཎ་གྱིས་བརྩམས་པ་བཤད་སྐབས། བོད་ཀྱི་མཁས་པ་མང་པོ་ཞིག་འུར་ཆིལ་ལེ་སོང་ཡོད། དོན་དངོས་ཐོག་མཁས་མིང་འཛིན་པ་ཚོས་སུམ་རྟགས་གཉིས་ཨུ་ཚུགས་བྱས་ནས་ཐོན་མིས་མཛད་པ་བཤད་ཀྱིན་པ་འདི་ཡང་ཕྱོགས་རིས་ཀྱིས་བཟིར་བ་མིན་ན་སྙམ། སྐབས་དེ་དུས་བོད་ཀྱི་ཡི་གེ་དག་ལ་བལྟས་ན་ད་ལྟའི་སུམ་རྟགས་འདི་ལྟར་ཕར་ཞོགས། བརྗོད་དོན་ཇི་བཞིན་སྟོན་པའི་རྩོམ་ཡིག་ཅིག་མཇལ་རྒྱུ་གཏན་ནས་མེད་པ་དངོས་ཡོད་རེད། གང་ལྟར་བོད་ལ་ཡི་གེ་ཡོད་པས་བཀའ་དྲིན་ཆེ་ཞུ་ན་རྗེ་ས་པཎ་ལ་ཞུ་དགོས།
འདས་པ་ལས། མ་འོངས་པ་གལ་ཆེ།
སྐལ་ལྡན་རིགས་ཀྱི་བུ་དང་བུ་མོ་ཚོ།
གཞན་སྐད་འབལ་འབོལ་མ་རྩར་བཞག་པའི་བརྡ་སྤྲོད་ཉམས་སོང་ན་ཕང་པོ་ལོས་ཡིན། དེ་བས་ཀྱང་། རང་སྐད་གཙང་མ་རྩར་བཞག་པའི་བརྡ་སྤྲོད་ཉམས་སོང་ན་ནི་ཤིན་ཏུ་ཉམས་པ་ཆེན་པོ་ཡིན་ནོ། དེ་ནི་ཕ་མེས་པོ་གོང་མའི་རེ་ཞགས་གཅོད་པའི་རྐྱེན་དུའང་འགྲོ་ངེས། མ་གཞི་ད་བར་བོད་པ་ཚོས་རང་སྐད་གཙང་མ་རྩར་བཞག་པའི་བརྡ་སྤྲོད་ཚད་ལྡན་ཞིག་བཟོ་ཐུབ་ཡོད་དམ། བཟོ་ཐུབ་མེད་ན་མ་འོངས་པ་ལ་དེ་འདྲ་བཟོ་ཐུབ་པའི་ཐབས་ཤེས་དང་བློ་སྟོབས་ག་འདྲ་ཡོད་དམ། །
རྟགས་དག་གཉིས་ཀྱི་བར་ལ་མ་འདྲ་བ་ག་རེ་ཡོད་པ་རེད། རེ་རེར་ཕྱེ་ནས་ཅིག་གསུང་རོགས་ཞུ། བརྡ་སྤྲོད་ལ་དུང་བ་ཅེན་པོ།
སྐལ་ལྡན་རིགས་ཀྱི་བུ་དང་བུ་མོ་ཚོ།
གཞན་སྐད་འབལ་འབོལ་མ་རྩར་བཞག་པའི་བརྡ་སྤྲོད་ཉམས་སོང་ན་ཕང་པོ་ལོས་ཡིན། དེ་བས་ཀྱང་། རང་སྐད་གཙང་མ་མ་རྩར་བཞག་པའི་བརྡ་སྤྲོད་ཅིག་ཉམས་སོང་ན་དེ་ནི་ཤིན་ཏུ་ཉམས་པ་ཆེན་པོ་ཡིན་ནོ། དེ་ནི་ཕ་མེས་གོང་མའི་རེ་ཞགས་གཅོད་པའི་རྐྱེན་དུའང་འགྲོ་ངེས། མ་གཞི་ད་བར་བོད་པ་ཚོས་རང་སྐད་གཙང་མ་ཁོ་ན་མ་རྩར་བཞག་པའི་བརྡ་སྤྲོད་ཚད་ལྡན་ཞིག་བཟོ་ཐུབ་ཡོད་དམ། བཟོ་ཐུབ་མེད་ན་མ་འོངས་པ་ལ་དེ་འདྲ་བཟོ་ཐུབ་པའི་ཐབས་ཤེས་དང་གཞོན་སྐྱེས་བློ་རིག་ཅན་བོད་ལ་ཡོང་སྲིད་དམ། །
སུམ་རྟགས་དག་གསུམ་དུ་དབྱེ་དུས། སུམ་ཅུ་པ་དང་། རྟགས་ཀྱི་འཇུག་པ། དག་ཡིག་ངག་སྒྲོན་སོགས་སུ་གོའོ།།
དེ་ན་རྟགས་འཇུག་གི་གཞུང་ན་ག་རེ་འདྲ་ཞིག་ལབ་ཀྱི་ཡོད་པ་རེད། དག་ཡིག་ངག་སྒྲོན་ཟེར་བ་དེ་མ་གོ་མ་རིག་པའི་མི་ལ་དག་ཆ་མི་ལྡན་པ་ཡིན་ནམ། ཅིག་ཤོད་དང་།
གནམ་ཁྱོད། མཁས་དྲགས་ཤག ངས་ ཁྱདོ་ལ་ ལན་མེ་ཐེབས་ དགོངས་དག་གོ།
བརྡ་སྤྲོད་དང་ཚིག་རྒྱན་དག་ཆ་སོགས་ཉམས་ན་ཁ་ལག་ལ་ཚ་མེད་པ་དང་འདྲ་ལ་མི་ལ་གོས་མེད་པའི་དམར་ཧྲེང་དང་འདྲ་། བརྡ་སྤྲོད་དང་ཚིག་རྒྱན་ནམ་སྙན་ངག་དག་ཆ་དེ་ཚོ་ཉམས་དེ་སྔོན་བོད་མི་རིགས་ཀྱི་བཀྲིན་ཅན་གྱི་མཁས་པ་ཚོའི་དཀའ་ལས་རྒྱབ་པ་རྣམས་ཆུད་བཟོས་དུ་བཏང་ནས་ང་ཚོ་་ནི་བོད་མི་རིགས་ཀྱིས་བླ་རྩོང་མཁན་གྱི་མི་རབས་ཞིག་མ་འོང་བོད་ཀྱི་ལོ་རྒྱུས་ནང་ལྷག་སྲིད་པ་མྈརེད་དམ་།
བརྡ་སྤྲོད་ཚིག་རྒྱན་ཤེས་བྱའི་བང་མཛོད་ལ་།
རིག་པའི་རྩལ་གྱི་བརྒྱུ་རྩལ་རྫོགས་མཐའ་མེད་།
མཁས་མིང་གྲགས་པའི་བླུན་པོ་ཆུ་སྣ་འགས་།
སྔོན་བྱོན་མཁས་པའི་གཞུང་ལུགས་རྩ་གཏོར་བཏང་།