མགར་ཐར་མཁྱེན་རབ་འོད་གསལ། [སུ་ཇཱ་སློབ་གྲྭ]
ཟང་ཟིང་ཆེ་བའི་དུས་རབས་ཀྱི་དཀྱོགས་མཚམས་འདི་ན། ངས་བསྐྱར་དུ་བརྩེ་དུང་ཟེར་བའི་རིན་པོ་ཆེན་འདིའི་སྐོར་ལ་བསམ་གཞིགས་ཀྱི་ངལ་བ་བསྟེན་དགོས་བྱུང་། གང་ཡིན་ཟེར་ན། ན་ནིང་ད་ལོ་ཡི་དུས་ཚིགས་འདི་ལ་སྙིང་རྗེ་ཡིས་ཕོང་པའི་གྲོགས་པོ་ཞིག་གིས་རང་གི་ཆུང་མ་བརྡུངས་སོང་ཟེར། ད་ལོ་ན་ནིང་གི་དུས་ཚིགས་དེ་ལ་བསམ་ཤེས་ཀྱིས་དབུལ་བའི་གྲོགས་མོ་ཞིག་གིས་རང་གི་ཁྱོ་ག་གཡུགས་སོང་སྐད། དེའི་སྟབས་ཀྱིས་ངས་དེ་རིང་བརྩེ་དུང་ཞེས་པའི་ཁ་བྱང་གི་ཁུར་བོ་འདི་ཕྲག་ཏུ་བླངས་ནས་ཡང་སྙིང་བརྩེ་དུང་གི་རིན་ཐང་དང་ལྗིད་ཚད་ཅི་ཙམ་ཡོད་མེད་ཤུགས་ཀྱིས་འཇལ་དགོས་ཁེལ།
འགྱུར་ལྡོག་གི་རླུང་འཚུབ་དྲག་ཏུ་གཡོ་བཞིན་པའི་དེ་རིང་ཁ་རྩང་། བརྩེ་དུང་གི་ངོ་གདངས་སྐྱ་བོ་ཐལ་མདོག་ཏུ་གྱུར་ཞིང་། ཡིད་ཆེས་ཀྱིས་བརྟས་པའི་བརྩེ་དུང་གི་དར་སྐུད་དེ་ཁ་ངོ་ཡག་བཙོག་གི་མེས་འཚིགས་ཤིང་། རེ་བ་ཡིས་བཅངས་པའི་བརྩེ་དུང་གི་ཁྱི་གུ་དེའང་རུས་རྐང་བཟང་ངན་གྱི་ཟས་ཀྱིས་བསླུས་སོང་སྐད། བརྩེ་དུང་ཟེར་བའི་རིན་པོ་ཆེན་འདིའི་རིན་ཐང་ཧ་ཅང་ཞན་པའི་དུས་རབས་འདིར་སྟག་ཤར་གཞོན་པ་མདོག་གིས་མ་བསླུས་པ་ཞིག་དང་། སྨན་ཤར་བུ་མོ་རྒྱུས་མ་བསླུས་པ་ཞིག་མེད་ཚོད་རེད། ལྟོས་དང་ན་ནིང་ད་ལོར་གྲོང་དང་གྲོང་ཁྱེར་དག་ཏུ་ནང་མི་ཁ་འབྲལ་དང་བཟའ་མི་ཁ་འཐོར། དེ་བཞིན་དགྲ་རྐུན་ཇག་གསུམ་དང་མགོ་སྐོར་སླུ་བྲིད་བྱེད་མཁན་གྱི་གྲངས་ཀ་སྔར་ལས་ལྡབ་འགྱུར་གྱིས་འཕེལ་བཞིན་མ་མཆིས་སམ། མདོར་ན་འདི་དག་ཡོད་ཚད་མི་དང་མིའི་བར་གྱི་བརྩེ་དུང་ཟེར་བའི་རིན་པོ་ཆེན་འདིའི་འབྲེལ་ཐག་ཆད་སོང་བས་མ་ཡིན་ནམ།
བརྩེ་དུང་གི་གདན་ཐོབ་ཞན་པའི་དེང་རབས་འདིར་ན་གཞོན་ག་ཚོད་ཅིག་གི་སེམས་ཁམས་ལ་རྨ་ཁ་བཟོས་ཡོད་དམ། རྒན་རྒོན་ག་ཚོད་ཅིག་གི་ཐུགས་དགོངས་ལ་ཕོག་ཐུག་བཏང་ཡོད་དམ། ཆུང་དུས་དྲིན་གྱིས་བཅངས་པའི་ཕ་མ་རྒས་གསོ་ཁང་དུ་བཅར་བ་དང་། ཆེ་དུས་བྱམས་ཀྱིས་གཅེས་པའི་བཟའ་ཟླ་དབྱུག་པས་རྡེག་བ་ནི་ཅི་འདྲའི་ངོ་ཚའི་གནས་དང་སྐྱུག་བྲོའི་གཞི་ཞིག་མ་རེད་དམ། ད་དུང་ཤ་རུས་ལས་མཆེད་པའི་སྤུན་གྲོགས་བར་ཁྱིམ་གཞི་སུ་བཟུང་གིས་འཁྲུག་རྩོད་བྱེད་པ། དེ་དང་དེ་བཞིན་ཡུད་རིང་འགྲོགས་པའི་གྲོགས་ཕོ་མོ་བར་བསམ་ཤེས་ཀྱི་ཁོག་རྒྱ་མེད་པར་ཚིག་གི་མདའ་མོ་འཕེན་རེས་བྱེད་པ་སོགས་ནི་བརྩེ་དུང་གི་འབྲེལ་ཐག་ལྷོད་དྲགས་པས་མ་ཡིན་ནམ།
འཇིག་རྟེན་གྱི་མི་ཡ། ཁྱེད་ལ་ད་དུང་སེམས་ཞེས་པའི་གཟུགས་མེད་ཀྱི་དངོས་པོ་ཞིག་ཡོད་ན། བརྩེ་དུང་ལ་བསྐྱར་དུ་རིན་ཐང་གསར་པ་ཞིག་བསྐྲུན་དགོས། བརྩེ་དུང་ཡོད་པས་ད་གཟོད་ཚེ་སྲོག་ལ་དོན་སྙིང་ལྡན་སོང་བ་དང་། མི་ཚེ་ལ་རེ་བ་ཡོད་སོང་བ་རེད། མདོར་ན་འུ་ཅག་ཐུན་མོང་གིས་འདོད་ཀྱིན་པའི་བདེ་སྐྱིད་ཟེར་བ་དེའང་བརྩེ་དུང་ལས་འཁྲུངས་དགོས་པ་ཞིག་ལས་མ་འདས། དེའི་ཕྱིར་འུ་ཚོ་མཉམ་དུ་བརྩེ་དུང་གི་རིན་ཐང་ལ་གསེར་གྱི་བདུད་རྩི་བྱོས་ཏེ་འཇིག་རྟེན་གྱི་ཁམས་དབང་ཆེན་མོ་འདི་རུ་བདེ་སྐྱིད་རྫོགས་ལྡན་གྱི་གསེར་འོད་ཀྱིས་ཁེངས་པར་བྱེད་དགོས་ཡ།