བོད། ལྷ་ཀླུ་གཉན་གསུམ།
ངས་འདི་ལྟར་ཡུན་རིང་བོར་རང་ལ་ཞིབ་དུ་བལྟས་དུས། རང་གིས་རང་ལ་ཐང་ཆད་པའི་ཚོར་བ་ནི་དུས་རྒྱུན་དུ་ཡོང་གི་འདུག དེ་ནི་རང་ཉིད་ཀྱིས་ཞིབ་དུ་བརྟག་པའི་གྲུབ་འབྲས་ལ། དེ་ནི་གང་ཞིག་ཐོབ་པར་འབད་བརྩོན་བྱས་པ་དེ་མ་ཐོབ་པའི་སྡུག་བསྔལ་དང་། གང་ཞིག་ལག་ནས་ཤོར་ཟིན་པ་དེ་ཡི་ཆེད་དུ་ཡིན་པ་འདྲ་འདུག དེ་ནི་ཚང་མས་འདོད་པ་ཆེ་བའི་བརྩེ་དུང་ཞེས་པའི་ཡིག་འབྲུ་དེ་གཉིས་ཀྱི་རྒྱབ་ལྗོངས་དང་འབྲེལ་འདུག
གཅིག་ནས་རང་ཉིད་ཆེས་དགའ་སའི་བུད་མེད་ཅིག་གི་གཟུགས་གཞི་དེ་ཉིད་སྙིང་གི་ནད་ཚར་གྱུར་ནས། ནད་ཚ་དེ་ཉིད་གསོ་བའི་ལྷ་རྗེ་ཡང་ཁོ་མོ་ལས་གཞན་སུ་ཡང་མེད་དུས་ཀྱི་དུས་ཚོད་ཆེས་སྡུག་ཐུག་དང་ཐབས་སྐྱོ་བོ་ཞིག་གི་ཁྲོད་དུ། ངས་ཁོ་མོ་རང་ཉིད་ལ་ཐོབ་པར་འབད་འབུངས་སྣ་ཚོགས་ཤིག་བྱས་པའི་མཐར་དེ་ཡང་། ང་རང་གི་བརྩེ་དུང་ཟེར་ན་རེད། ང་རང་གི་འདོད་ཞེན་ཟེར་ན་འགྲིག ང་རང་གི་དགའ་བ་ཟེར་ན་རེད། ང་རང་གི་ཧམ་སེམས་ཟེར་ན་རེད། དེ་ཉིད་དང་ལེན་བྱེད་མཁན་གྱི་ཁོ་མོ་ནི། སྐབས་ཤིག་ལ་བཤད་མཚམས་ཤིག་ནས་གློ་བུར་དུ་མེད་པར་གྱུར་བ་རེད།
ཉིན་མོ་དེ་ནི་བདག་གི་ཤ་གསེང་རུས་གསེང་གི་མི་བདེ་བའི་ཚོར་བའི་གཏིང་ཟབ་ས་ཞིག་སླེབས་ཉིན་དང་། ཅི་ནས་ཀྱང་འདོར་དགོས་པའི་ཞེན་ཆགས་དང་། མི་འདོད་ཀྱང་རང་གི་བརྩེ་དུང་གི་འདམ་ག་དེ་བཞག་ནས། རང་ཉིད་ལས་གཞན་པའི་ཤ་རྐང་རུས་གསུམ་ཆུང་ཆུང་ཞིག་གི་མི་ཚེ་ཡི་རམ་འདེགས་ཆེད་རང་ཉིད་བོར་བའི་འགོ་འཛུགས་ན་ཡང་། ཤ་གསེང་རུས་གསེང་ནས་རང་ཉིད་ཀྱི་དགའ་བ་དང་། བརྩེ་དུང་། ཧམ་སེམས། འདོད་ཞེན། རེ་བཞག་བཅས་སེམས་པའི་འཐིག་ས་ནས་ཡལ་མ་ཐུབ་པར་བརྟེན། དེ་རིང་གི་ཉིན་མོ། ལོ་ངོ་བཅུ་བཞི་ཕྱིན་པའི་རྗེས་སུ་ཡང་། ངའི་མིག་ལམ་དང་། ངའི་སེམས་ཁོང་ན། ངའི་ཚོར་བའི་ལྕི་ས་ན། ངའི་སྙིང་གི་དྲོ་ས་ན། ངའི་ཤ་སྐྱི་གང་ལ་ཡང་མ་འབྲེལ་བའི་གླིང་ཁ་ཞིག་ན། ང་འགྲོ་སའི་རྐང་ལམ་དང་གཞུང་ལམ་ཁྲོད་ན། ང་འདུག་སའི་གནས་ཚང་དང་ཁང་ཁྱིམ་ན། ཁོ་མོ་ནི་ནམ་ཡང་ཡལ་དུ་མེད་པའི་གཟུགས་རིས་ཤིག་ལ་འཐིམ་ནས་ཡོད་དུས། ང་ལ་དངོས་ནས་སེམས་ནང་དུ་བདེ་སྐྱིད་ཅེས་པའི་ཡིག་འབྲུ་རྡོག་པོ་དེ་གཉིས་ཤིག་གང་ནས་རྙེད།
དོན་དངོས་སུ། གནམ་འོག་འདི་ནས་བརྩེ་དུང་ཟེར་བ་དང་འདོད་ཞེན་ཟེར་བ། ཧམ་སེམས་ཟེར་བ། ཞེན་ཆགས་ཟེར་བའི་མིང་ཚིག་འདི་དག་ཡོད་པའི་འོག་ནས། ང་རང་འདྲ་བའི་སྐྱེ་བོ་ཆེས་མི་ཉུང་བ་ཞིག་ལ་ཚེ་བཀང་གི་སྡུག་ཡས་ཤིག་བསྐྲུན་པ་ཡིན་ནམ། ཡང་ན། དེ་དག་ཡོད་པས་གནམ་འོག་གི་སྐྱེ་ཕོ་མོ་ཚོ་ལ། རང་ཉིད་ལ་དགའ་སའི་མི་ཟེར་བ་དང་། རང་ཉིད་ཀྱི་བརྩེ་དུང་བཅོལ་ས་ཟེར་བའི་སྙིང་གྲོགས་ཤིག་རེག་པའི་ཡོད་པ་ཡིན། ཕྱོགས་ངོས་གང་ཞིག་ནས་བལྟས་ཀྱང་། ཡག་ཉེས་ཤིག་གླེང་ན། ཐོབ་པར་འདོད་པ་དེ་ནི་ཐོབ་པ་ནི་བདེ་སྐྱིད་དང་བརྩེ་དུང་ཡིན་ལ། ཐོབ་པར་འདོད་པ་དེ་མ་ཐོབ་ན་ད་གཟོད་སྡུག་བསྔལ་དང་སྐྱོ་གདུང་ལས་གཞན་ཅི་ཞིག་ཡོད་པ་རེད། དེ་ཡིན་དུས་ང་ནི་ཕྱི་མ་འདི་ཡི་ཁུངས་སུ་འཚུད་པ་ཡིན་དུས། སྐྱེ་བ་འདི་ནི་སྡུག་བསྔལ་དང་སྐྱོ་གདུང་ལས་གཞན་གང་ཡང་རེག་པ་མེད་པ་དེ་ནི་ཐག་གཅོད་པ་ཞིག་ཆགས་ཡོད།
ཁྱོད་ལ་ཁག་མི་འདུག
འོན་ཀྱང་འདས་པའི་གནས་ཚུལ་ནི་འདས་པ་རང་ཡིན་པས།
སྔོན་སོང་བག་ཆགས་ཀྱི་རྗེས་མ་སྤྱོད།
ཅེས་གསུངས་པ་མ་ཡིན་ནམ།
འཇིག་རྟེན་འདིར་འདི་འདྲའི་གནས་ཚུལ་མང་དུ་ཡོད་པ་རེད།
བཤད་དང་མ་བཤད་ཙམ་རེད།
གལ་སྲིད་ང་ལ་ཕྲད་པའི་གནས་ཚུལ་རྣམས་འདི་ནས་གླེང་ན།
དྲ་གྲོགས་རྣམས་ངུ་ཤོར་བའམ་ཡང་ན་གོད་ཤོར་རྒྱུ་རེད།
མོས་ང་ལ་འདི་འདྲ་ཞིག་བཤད་མྱོང་། གལ་སྲིད་ཁྱེད་རང་ཆེས་དགའ་སའི་བུད་མེད་དེ་ཐོབ་སོང་ན། དུས་དེ་ནས་བཟུང་ཁྱེད་ཀྱི་ལུས་སེམས་གཉིས་ཀ་གཡོག་པོ་ཡིན་། ཁྱེད་རང་ལ་ཚུར་དགའ་མཁན་གྱི་བུད་མེད་ཅིག་དང་མཉམ་ཏུ་བསྡད་ན། དུས་དེ་ནས་བཟུང་ཁྱོད་ཀྱི་ལུས་སེམས་གཉིས་ཀ་རྒྱལ་པོ་ཡིན་ཟེར། མཐའ་གཅིག་ཏུ་བདེན་པ་རེད་ཟེར་མི་ཐུབ་ནའང་། འདི་ལ་ཡང་བསམ་བློ་གཏོང་རྒྱུ་འདུག་།
དོལ་སྨྱོན་ལགས། ཕྱིར་དྲན་ནི་སྡུག་བསྔལ་ཡིན་པ་བཞིན་བདག་གིས་ཀྱང་ཤེས་ཡོད། རེད་དེ། ཕྱིར་དྲན་མི་བྱེད་པའི་རང་དབང་དེ་ནི་ཚོར་བའི་བྲན་གཡོག་འདི་ན་དཀའ་རེ་འདའ། ཤུ་རེ་བྱེད་དགོས་པ་ནི་ཉམ་མྱོང་གི་ལམ་ཕྲན་ཞིག་ལོས་ཡིན། སེམས་ལ་འཛིན་ངེས་ཡིན།
གཡུ་དུག་སྤྲང་ལགས། མི་དག་གིས་བཤད་ཚུལ་ལ་རང་གཞན་ལ་དགའ་ན་སྡུག་བསྔལ་དང་། གཞན་རང་ལ་དགའ་ན་བདེ་སྐྱིད་ཅེས་པ་ཡིན། དངོས་ནས་མིན་ནམ་སྙམ་པའི་ཚོར་བ་དེར་མཚམས་རེར་ང་ཚོས་བདེན་ཁ་ཞིག་སྟེར་དགོས་པ་འདྲ།
ཕྱིར་དྲན་གྱི་ཀློང་ན་བདེ་སྐྱིད་ཅིག་གཏན་ནས་མེད་པ་མིན་ལ།
མདུན་སྐྱོད་ཀྱི་ནང་ན་སྡུག་བསྔལ་ཞིག་གཏན་ནས་མེད་པའང་མིན།
བདེ་སྡུག་ནི་རང་གི་སེམས་དང་འབྲེལ་ཞིང་།
སེམས་ནི་ཕྱི་རོལ་གྱི་ཡུལ་དང་འབྲེལ་བ་ཞིག་མ་ཡིན་ནམ།
དོལ་སྨྱོན་ལགས། ཐམས་ཅད་བསམ་པ་དག་ལ་རེག་ལས་པ་ནི། གནའ་ནས་ད་ལྟའི་བར་དུ་བཤད་དེ་འོང་བ་ཞིག་ཡིན་ལ། སེམས་ལ་བདག་པོ་རྒྱགས་པ་ལས་གཞན་གང་ཡང་མེད་ཚུལ་ཡང་གནའ་ནས་ད་ལྟའི་བར་དུ་བཤད་དེ་འོང་བ་ཡིན། རེད་དེ། སེམས་དེ་ལ་བདག་པོ་བྱེད་མཁན་གྱི་སྐྱེ་བོ་ནི་ཉུང་ངུ་ཞིག་ལས་མེད་ཚོད་ཡིན་ལ། དེ་དག་ཡང་ང་ཚོས་མིག་ངོར་ནམ་ཡང་ཐོན་མ་མྱོང་བ་ཡིན་ནོ།
ཁྱོད་རང་བརྩེ་དུང་གི་ཆེད་དུ་ཤི་རྒྱུ་ཡིན་པའི་བསྒྲགས་གཏམ་རྒྱ་ཁབ་ཏུ་སྤེལ་ཏེ་ལོ་མང་ཕྱིན་ཟིན། ཁྱེད་རང་ལ་དགོས་པའི་བརྩེ་དུང་དེ་མ་ཐོབ་པར་ཡུན་རིང་ཕྱིན་སོང་། ཁྱེད་རང་ད་དུང་གསོན་པོ་རེད། ཁྱེད་རང་ད་དུང་བསྒྲགས་གཏམ་རེད། ལོས་ཡིན་ཏེ། བསྒྲགས་གཏམ་ཡིན་པའི་རྐྱེན་གྱིས་རང་ཉིད་ལ་ཚོར་བ་མེད། ཅིག་ཡོད་པ་ནི་གཞན་ལ་འཆོལ་ལབ་རྒྱག་རྒྱུ་ཙམ་རེད། ཁྱོད་འདི་ལྟར་ད་དུང་གསོན་པོ་རེད།
ཕུར་བ་སྐྱབས་ལགས། ཉིད་ནས་དངོས་ནས་གནད་དུ་འཁེལ་བའི་གཏམ་ཞིག་གསུངས་འདུག ང་ནི་རོ་སྐམ་པོ་འདི་སྲུང་དེ་ད་དུང་མི་ཡུལ་དུ་ལུས་ཡོད་པ་རེད། དེ་ཡང་རང་ཉིད་དགའ་ས་དེ་ཡི་སེམས་ཁོང་དུ་སྡུག་ཞིག་མི་འཇོག་ཆེད་དུ་ཡིན་ཟེར་ན་ཆོག་ལ། རང་ཉིད་ཀྱི་ལུས་པོ་འདོམ་བཀང་འདི་གནང་མཁན་གྱི་དྲིན་ཆེན་ཕ་མ་གཉིས་དཀར་འོག་འཇིག་རྟེན་འདི་ན་གསོན་པོ་གནས་ཡོད་པ་དེ་ཡི་སེམས་ཁོང་དུ་གསོན་སྡུག་མི་འཇོག་ཆེད་ཟེར་ན་ཆོག ང་རང་དངོས་ནས་འཛམ་གླིང་འདིའི་སྟེང་གི་སྐྱག་གཟན་སྡར་མ་ཞིག་སྟེ། བརྩེ་དུང་གིས་གསད་ཟིན་པའི་མྱི་ངན་ཞིག་ཡིན་ཟེར་ན་ཡང་འགྲིག་པ་ཡིན། གང་ལྟར། ཉིད་ནས་གསུངས་པ་དེར་མངོན་པར་བསྟོད་དོ། མྱི་ངན་ང་ལྟ་བུ་ནི་དངོས་ནས་གསོན་པོ་བསྡད་པར་སྙིང་བོ་མེད་ལ། སྙིང་བོ་དེ་ནི་རང་གི་ཕ་མ་དང་དགའ་ས་སོགས་ལ་ཡོད་ས་རེད་ལགས། དེ་ཙམ་ཡིན།
སེམས་ལ་བདག་པོ་ཡང་དག་པའམ་དཔྱིས་ཕྱིན་པ་ཞིག་རྒྱག་རྒྱུ་དེ་དངོས་ནས་དཀའ་མོ་རེད།
འོན་རྐྱང་ང་ཚོ་ནང་ཆོས་ཁས་ལེན་པའི་ཆ་ནས་བཤད་ན།
ནུས་ཚོད་དང་བསྟུན་པའི་ཐོག་ནས་གཉེན་པོ་ཆུང་ཆུང་རེ་བསྟེན་རྒྱུ་ཡོད་པ་མ་ཡིན་ནམ།
སེམས་ལ་དཀའ་ངལ་ཤུགས་ཆེན་རེ་ཕྲད་དུས།
ནང་ཆོས་ནས་གསུང་བའི་བསླབ་བྱ་དེ་ཚོ་དངོས་གནས་ཕན་པོ་རེད།
དེ་ནི་ངས་ད་བར་དུ་བརྒྱུད་པའི་མི་ཚེའི་ནང་གི་ཉམས་མྱོང་ཆེ་ཤོས་དེ་ཡིན།
གལ་ཏེ་ཆོས་ཁས་མི་ལེན་པ་ཞིག་གི་དབང་དུ་བཏང་ནའང་།
བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་ནི།
སེམས་ཅན་སྤྱི་མཐུན་གྱི་འདོད་པ་གཙོ་བོ་དེ་ཡིན་ལ།
ཡུལ་གང་ལ་བརྟེན་ནས་སྡུག་བསྔལ་རེ་བྱུང་བ་ཡིན་ན།
སྡུག་བསྔལ་དེ་སེལ་བའི་ཐབས་ལ་འབད་བཞིན་པའང་།
སེམས་ཅན་སྤྱི་མཐུན་གྱི་འབད་བྱ་གཙོ་བོ་དེ་མ་ཡིན་ནམ།
སེམས་ལ་བདག་པོ་དཔྱིས་ཕྱིན་པ་ཞིག་རྒྱག་རྒྱུ་དཀའ་མོ་རེད་མོད།
འོན་ཀྱང་ང་ཚོ་ནང་ཆོས་ཁས་ལེན་པའི་ཐོག་ནས་བཤད་ན།
རང་གི་ནུས་ཚོད་དང་བསྟུན་ནས་གཉེན་པོ་རེ་བསྟེན་དགོས་པ་ལས།
ཉོན་མོངས་པ་རྒྱ་ཡན་དུ་བཏང་ན་ག་ལ་འགྲིགས།
སེམས་ལ་དཀའ་ངལ་ཤུགས་ཆེན་རེ་ཕྲད་དུས་ཕན་ཐོགས་ཤོས་ནི།
ནང་ཆོས་ནས་བཤད་པའི་བླ་ན་མེད་པའི་བསླབ་བྱ་དེ་དག་མ་ཡིན་ནམ།
དེ་ནི་ངས་འདས་ཟིན་པའི་མི་ཚེའི་ཉམས་མྱོང་ཡིན།
ཁ་བྱང་ལ་་་་་་་་བརྩེ་གདུང་གིས་བསད་པའི་མི་ཞེས་འབྲི་རོགས།
དྲ་གྲོགས་ལགས་མི་གཙང་བའི་རྫས་སོ་དྲུག་དེ་ཚོ་བརྩེ་གདུང་གིས་གསོད་མཁན་དེ་ལ་དགོངས་པ་བཞེས་རྒྱུ་འདྲ་མི་འདུག་གམ།
དེ་མིན་རང་ཤི་རྒྱབ་རྒྱུའི་ཉེན་ཁ་ཡོད།
མ་གཞི་ནས་སྔོན་ལས་ཀྱི་འབྲེལ་བའི་རི་མོ་ཐོད་པར་བྲིས་མེད་ན་ཁག་པོ་རེད།
མི་ཡུལ་འདི་ན་མོ་དང་མོ་འདྲ་བར་མང་པོ་ཡོད་པས་སྐྱེས་པ་ཕོ་དེ་འདྲའི་འུ་ཐུག་པོ་གནང་དོན་མེད།
ཡུ་བ་དེ་གར་བཙུགས་བཙུགས་རེད།
མ་གཞི་ནས་བོད་ཀྱི་གཏམ་དཔེར།
ཕོ་རྟགས་མོ་ལ་ཟུག་ན་འབུད་དུས་མེད།
མདའ་མོ་འབེན་ལ་ཟུག་ན་འབུད་དུས་ཡོད།
ཅེས་པའི་གཏམ་དཔེ་ཞིག་ཀྱང་དྲན་བྱུང།
དོལ་སྨྱོན་ལགས། ཉིད་ནས་བདག་ལ་ནང་ཆོས་ཀྱི་བསམ་བློའི་སྒོ་ནས་སེམས་གསོ་དང་ཁ་ཏྭ་བྱས་པ་སྙིང་ནས་གུས་པ་ཡིན། དེ་ལ་དང་ལེན་ལོས་བྱེད། རེད་དེ། མི་རེ་ལ་བསམ་བློ་སྨིན་ཚད་མི་འདྲ་བ་བཞིན། ནང་ཆོས་ཀྱི་ཉམས་ལེན་ལ་བཞག་པའི་ཉམ་མྱོང་ཡང་དེ་ཙམ་མི་འདྲ་བ་ཡིན་ལགས།
ལ་སྟོད་བུ་ལགས། ཉིད་ནས་ཁ་བྱང་གི་སྐོར་ལ་བསམ་ཚུལ་གསུངས་པ་དགའ་གུས་ཞུ། རེད་དེ། བདག་གིས་ལྟ་ཚུལ་དང་ཉིད་ཀྱི་ལྟ་ཚུལ་མ་འདྲ་བ་ཡིན་དུས། ད་རེབས་ཁ་བྱང་ནི་དེ་ལྟར་བཞག་ན་འོས་པ་ཡིན། གང་ལྟར། ཉིད་ནས་སེམས་ཁུར་སྒོའི་གཏམ་དཔེ་ཞིག་དང་ལྷན་དུ་འདིར་བསམ་ཚུལ་གསུངས་་པ་དེ་ནི་དངོས་ནས་དྲ་ཐོག་གི་སྤུན་ཟླ་གཞན་དག་གིས་ཀྱང་བསམ་བློ་གཏོང་བར་ཕན་ངེས་ཡིན།
འཇིག་རྟེན་ཁམས་ན་ཟུག་མང་དུ་ཡོད་རུང་།
སེམས་ཀྱི་ཟབ་སར་འཐིམས་པའི་ན་ཟུག་ཆེ་ཤོས་དེ་ནི།
བརྩེ་དུང་གི་ན་ཟུག་འདི་ཉིད་ཡིན་པར་འདོད།
ན་ཟུག་འདི་ལ་ཕན་པའི་སྨན་ཡང་མི་འདུག་ལ་ཕན་པའི་ཟས་ཀྱང་མི་འདུག
འདི་ལ་ཕན་ཤོས་ནི་དུས་ཚོད་རེད།
དེ་ཡང་དུས་ཚོད་ལ་དཔག་པའི་འགྱུར་བ་ཕྲན་བུ་རེ་འགྲོ་རྒྱུ་འདུག་ལ།
དུས་ཚོད་ལ་དཔག་པའི་དཀ་ངལ་ཕྲན་བུ་རེ་སེལ་རྒྱུ་འདུག
དེས་ན་དེ་རིང་གི་ན་ཟུག་ཇི་ཙམ་ཆེ་རུང་།
དེ་རིང་གི་དཀའ་ངལ་ཇི་ཙམ་མང་རུང་།
དེ་རིང་གི་ན་ཟུག་དང་དཀའ་ངལ་ཡོད་ཚད།
དེ་རིང་གི་དུས་ཚོད་འདི་རུ་འཇོག་རྐྱང་ལས།
སང་ཉིན་གྱི་ཉི་མ་དཀར་པོའི་སྟེང་ལ།
དེ་རིང་གི་ནག་ཉེས་ནག་པོའི་རི་མོ་འབྲི་མི་ཉན།
འཇིག་རྟེན་ཁམས་ན་ན་ཟུག་ཅེས་བཅོས་རོགས་ཞུ།
ངས་ཁྱེད་རང་སྡར་མ་ཟིག་རེད་མི་འདོད་དེ། ཁྱེད་ཀྱི་ཚམ་ཚོམ་མེད་པའི་བསྒྲགས་གཏམ་དེ་དག་གིས་ཁྱེད་རང་གི་བློ་ཁོག་ལ་འགྲེལ་བཤད་བརྒྱབ་ཟིན། བརྩེ་དུང་འདི་ཁ་ལ་འཁྱེར་བདེབོ་ཞིག་ཡིན་ནའང་ཐང་མོད་དེའི་ལྗིད་ཚད་འདེགས་པའི་སྟོབས་ཤུགས་ནི་གཞུང་དྲང་དང་ལྷད་མེད་ཁོ་ན་ཡིན་པས་བལྟས་ཚོད་ལ་བརྩེ་དུང་འདེགས་ཐུབ་པའི་སྐྱེ་བོ་ཤིན་ཏུ་དཀོན་པ་འདྲ། དེ་ཡང་ཡིན་ཏེ། གལ་ལ་ཐུག་དུས་ཁག་གཡས་དཀྲི་གཡོན་དཀྲི་བྱེད་པའི་ཚུལ་འདིས་ཀྱང་རྟོགས་ནུས། ཕ་གསོད་ལའང་རྒྱུ་མཚན་ཡོད། ཟེར་བའི་གཏམ་དེ་དྲན་འོང་གི།
བརྩེ་དུང་གིས་བཟི་བཞིན་ཡོད་པའི་སྐབས་དེ་ག་རང་ལ། ཆོས་དང་འཇིག་རྟེན་གྱི་བསླབ་བྱ་གིས་ཀྱང་ཕན་མི་སྲིད་པ་འདྲ་ཞིག་ཡིན་མོད། མི་ཞིག་དང་རང་གི་བར་བརྩེ་དུང་ཆགས་ཐབས་བྱེད་པའི་སྐབས་ཐོག་མ་ནས་ལམ་སྟོན་དང་བསླབ་བྱར་ཉན་ན་ཕ་རོལ་བོའི་བརྩེ་དུང་རང་ལ་ཐོབ་རྒྱུར་མཐུན་འགྱུར་ཆགས་ཀྱི་རེད། དེའི་ཕྱིར། གདམས་ངག་ཡིད་འགུག་མ་གནང་གི་ཡིན་ན། སྐལ་ལྡན་ཚོས་ཉམས་སུ་བླངས་ནས་གྲུབ་འབྲས་སོན་ཐུབ་པ་གྱིས་ཤིག
འགྱུར་མེད་རྟག་བརྟན་གྱི་བརྩེ་དུང་ཞིག་ཁོའམ་མོ་ལ་བཅང་ཡོད་པ་དེའི་རྨང་གཞིའི་ཐོག་ལུས་སྲོག་ལོངས་སྤྱོད་སོགས་རང་ཉིད་ཀྱི་ཡོད་ཚད་ཁོའམ་མོའི་ཆེད་དུ་གཏོང་རྐྱང་བྱེད་ངེས་པའི་ཡིད་ཆེས་བསྐྲུན་ཐུབ་པ་བྱས་ནས་སོ་སོའི་བརྕེ་དུང་དེ་ལྷད་མེད་ཅིང་འགྱུར་བ་མེད་པ་ཞིག་ཡིན་པའི་ངོས་འཛིན་ཐོབ་པ་བྱ་དགོས། དེ་དང་མཉམ་དུ་ཁོའམ་མོ་རང་ངོས་ནས་ཀྱང་ཕར་བརྩེ་བ་དང་ཡ་ལན་ཞིག་མ་སྤྲད་པར་སྣང་མེད་དུ་བཞག་པ་ཡིན་ན་བརྩེ་དུང་ལ་ཨུ་ཚུགས་བྱེད་ས་མ་རེད་སྙམ་པའི་ཕངས་སྣང་ཞིག་ངེས་པར་སྤྲོད་ཐུབ་དགོས། ཉམས་ལེན་འདི་གཉིས་རྒྱུན་བསྲིངས་ནས་ལུགས་མཐུན་དུ་བྱེད་ཐུབ་ན། སྔོན་ལས་ཡིན་ན་མ་གཏོགས་འཕྲལ་རྐྱེན་ལས་བཟློགས་ཏེ་རང་ཉིད་ཀྱི་འདོད་འདུན་བརྩེ་དུང་གི་རེ་བ་དེ་མངོན་འགྱུར་ཡོང་ངེས་ཡིན།
ཕམ་ཉེས་ནི་ན་ཟུག་ཅིག་ཡིན་པར་ཀུན་གྱིས་འདོད་ནའང་།
ཕམ་ཉེས་ནི་དོར་བྱ་ཞིག་ཡིན་པར་ཚང་མས་ཤེས་ནའང་།
ཕམ་ཉེས་ནི་སྡུག་བསྔལ་ཞིག་ཡིན་པར་སྨྲ་མི་དགོས་ནའང་།
ཁྱོད་ད་དུང་ཡང་།
ཕམ་ཉེས་ཀྱི་ཀློང་ན་གཡོམ་གཡོམ་འདར་བཞིན་འདུག
ཁྱོད་ད་དུང་ཡང་།
ཕམ་ཉེས་ཀྱི་གཏིང་ན་སྐྱོམ་སྐྱོམ་གཡོ་བཞིན་འདུག
འོན་ཀྱང་ན་ཟུག་དེ་ཁྱོད་པུས་མྱོང་བཞིན་པའང་མ་ཡིན་ཏེ།
ང་དང་ང་འདྲ་བ་མང་པོ་ཞིག་ཡོད་ངེས་ལགས།
དེ་ནི་འཇིག་རྟེན་རྒན་པོའི་གཏམ་དཔེ་དང་འདྲ་བ་སྟེ།
ཚེ་སྔོན་ལས་ལ་ཟློག་ཐབས་མེད།།
ཐོད་པའི་གཉེར་མར་ཕྱི་རྒྱུ་མེད།།
ཅེས་གསུངས་པ་མ་ཡིན་ནམ།
བོད་ལྷ་ཀླུ་གཉན་གསུམ་ལགས།
ངས་གདམ་ངག་ཅིག་བཤུས་དེ་འདིར་བཞག་ཡོད།
འདི་ལ་གཟིགས་དང་ཁྱེད་ཀྱི་བུ་མོ་དེར་གཅེས་པའི་སྲོག་ཀྱང་བློས་གཏོང་ཐུབ་པའི་བརྩེ་སེམས་ཀྱི་ནུས་ཤུགས་ཡོད་ཚད་སྦྱིན་མོད།མོས་ཁྱེད་ཀྱི་སེམས་ཀྱི་ཚོར་ཤུགས་ལྗིད་མོ་དེར་མནོ་བསམ་གང་ཡང་མ་བཏང་ནས་སྐྱུར་རྐྱང་བྱས་པ་ནི་མོ་ནི་སྙིང་རྗེ་མེད་ཅིང་གཏན་འགྲོགས་སུ་རུང་པའི་དགའ་མ་ཞིག་མ་ཡིན་པས་དེས་ན་ཁྱེད་ཀྱི་ད་ནས་བཟུང་བུ་མོ་དེར་ཡ་ལན་ཅིག་སྤྲོད་དགོས།
དེ་ནི་མོ་དང་འདྲ་བའི་བུ་མོ་ཅི་ལྟས་ཅི་ལེགས་ཀྱི་བུ་མོ་ཞིག་ཐོབ་ཐབས་བྱེད་དེ་མོ་ཡི་མིག་ངོར་སྟོན་ཐུབ་པ་ཞིག་བྱེད་དགོས།
དེ་ནས་མོ་ཕྲག་དོག་གི་མེ་འབར་ཏེ་མོ་ཡི་སེམས་ཚོར་བསྲེག་ཐུབ་པའི་ཐབས་ལམ་ཞིག་འཚོལ་དང།
བུད་མེད་ཀྱི་ཁྱད་ཆོས།
ཕྱི་ནི་ལྷ་ཁང་འདྲ་བ་ནི།
ནང་ནི་དུར་ཁྲོད་ར་བས་བཙོག
ཁ་གསག་བྱ་བས་མཛའ་ནའང།
སྙིང་ཁོང་ཁྲོ་བ་གླང་བས་རྨོངས།
ཁ་ཡི་སྦྱིན་པས་དགུང་བས་ཡང།
ལག་པའི་སྦྱིན་པ་རྨིག་པས་དོག
འགོ་ལ་ལྷ་མོ་འཛུམ་མཁན་འདྲ།
བར་དུ་མི་མོ་ངོ་ནག་མོ།
ཐ་མ་བདུད་མོ་ཡེ་འདྲོག་ཟེར།
དེ་ནི་དུག་ཟ་མེ་ཏོག་ཁ།
རང་གི་དགའ་བ་མ་ཡིན་པ།
བུ་ཁྱོད་གཅིག་ལས་ས་རྡོ་མེད།
དེ་ནི་ནག་པོ་མེ་ཏོག་ཁ།
ཉེ་མཛའ་རྣམས་ལ་བློ་ཐུབ་མེད།
བུད་མེད་དུག་མ་སྤང་ངོ་མཆོག
མཚན་ལྡན་འགའ་ལས་མ་གཏོགས་པ
བུད་མེད་བློ་ནི་ཆུ་འདྲ་སྟེ།
ཆུ་ཡི་སྙིང་པོ་སྦུ་བ་ཡིན།
ཨོལ་གོང་མདུད་པ་མེད་པ་ཡིས།
གསང་བའི་ཚིག་ནི་མི་ཐུབ་པོ།
བརྩེ་དུང་བ་་བོད་་ལྷ་ཀླུ་གཉན་གསུམ་ལགས་་ཁྱེད་ནི་བརྩེ་དུང་གིས་བསད་ཚར་བའི་མི་ཞིག་རེད་ལ་ང་ཡང་ད་ལྟ་གསོད་བཞིན་པའི་མི་ཞིག་ཡིན་ཡ་་ཨ་ཁ་ཁ་ང་གཉིས་ལ་ག་རེས་མ་འགྲིགས་པ་ཡིན་ན་སྙིང་ན་བ་ལ་་་བརྩེ་བ་ཟེར་བ་དེ་་་མི་དེའི་མི་ཚེའི་རིན་ཐང་གི་སྐོར་ལ་བསམ་བློ་བཏང་ན་་་དེ་ཁ་ཞེ་གཉིས་མེད་ཀྱི་ནང་བསམ་བློ་ལ་དགོས་པའི་ཆ་ཤེས་ཤིག་ཡིན་པར་འདོད་་་་་ཧཧཧཧ་ཡང་རྒད་པོས་བཟི་གཏམ་བཤད་བཞིན་འདུག་ཡ་
དོན་སྨྱོན་ལགས། ན་ཟུག་གི་ལྕི་ཤོས་དེ། ཉིད་ནས་ངེས་ལེན་དང་གསལ་བཤད་གནང་འདུག་པ་ལྟར། ཡོངས་གྲགས་སུ་དེ་ལྟར་འདོད་མཁན་ཡང་མང་གི རེད་དེ། ན་ཟུག་དེ་ཉིད་འཇག་པར་ཕན་པ་གང་ཡོད་དང་། ན་ཟུག་དེ་ཉིད་ཡོད་པ་ལ་དགེ་སྡུག་གང་ཡོད་ཀྱི་རྒྱུ་མཚན་གསལ་དུ་གཏོང་ཐུབ་མཁན་ནི་དངོས་ནས་དཀོན་ཙམ་འདའ། གང་ལྟར། ཉིད་ནས་ཐུགས་འཁུར་ཆེན་པོས་སྒོ་ནས་བསམ་ཚུལ་བསྟུད་མར་གསུངས་་དེར་དགའ་གུས་ཞུ།
ཕུར་བ་སྐྱབས་ལགས། སླར་ཡང་ཕེབས་ནས་ང་རང་སྡར་མ་མ་རེད་ཅེས་བཤད་པ་དང་ལྷན་དུ་བརྩེ་དུང་གི་བདག་པོ་ཞིག་བྱེད་པ་ལ། མི་རང་ག་བ་ཞིག་གི་མི་ཡོང་བར་གསུངས་འདུག ངས་བསམ་པ་དང་ཉིད་ཀྱི་བསམ་པ་གཉིས་ནི་ཅུང་ལོག་ག་རེད་འདུག ཕྱོགས་གཞན་ནས་ཉིད་ལ་བདེན་ཁ་ཞིག་སྟེར་དགོས་པ་དེ་ནི་ང་རང་ནི་དངོས་ནས་མི་ཁྲེལ་གཞུང་མེད་པ་ཞིག་ཡིན་པ་དེ་རེད། དེ་ཡི་རྒྱུ་མཚན་གྱིས་ཉིད་རང་ལྟ་བུ་མི་ཉུང་བ་ཞིག་གིས་ང་རང་གི་སྐད་ཆ་དག་ནི་གད་སྙིགས་ལྟ་བུར་བརྩི་རུང་བ་ཡིན་ནོ།
ལས་རླུང་ལགས། ཉིད་ནས་སྔོན་ཆད་བརྩེ་དུང་གི་རྒྱུད་རིམ་ཁྲོད་དུ་སྙན་གྲགས་རྒྱས་པའི་མི་ཞིག་གི་བཤད་པ་ལྟ་བུ་ཞིག་བཤད་འདུག དེ་ཡིས་འདི་འདྲ་ཞིག་གསུངས་ཡོད་པ་རེད། ཁྱེད་རང་མི་ཞིག་ལ་སེམས་གཏིང་ནས་དགའ་ན། དེ་ཡི་ཆེད་དུ་རང་གི་ཚེ་སྲོག་ཡིན་ཡང་བློས་གཏོང་བྱེད་ཐུབ་པའི་དམ་བཅའ་འཇོག་དགོས། གལ་སྲིད། དེ་ཡིས་ཀྱང་ཁས་ལེན་མ་བྱས་པ་ཡིན་ན། རང་ཉིད་དེ་ནས་ཁ་ཕྱིར་འཁོར་ནས་ཡངས་ཤིང་རྒྱ་ཆེ་བའི་འཇིག་རྟེན་འདི་ལ་ལྟ་དགོས། འཇིག་རྟེན་ནི་ནམ་ཡང་མཛེས་སྡུག་ལྡན་པ་ཞིག་ཡིན་ཟེར་བ་ལྟ་བུ་ཞིག་བཤད་ཡོད་པ་རེད། དེ་འདྲ་རེད། མི་ཟེར་བ་འདི་ལ་དངོས་ནས་ལྷད་མེད་ཀྱི་བརྩེ་བ་ཞིག་རེག་པར་དངོས་ནས་དཀའ་ཞིང་། ཐོབ་པར་དེ་བས་ཀྱང་ཧང་སངས་པའི་དཀའ་ངལ་ཡོད་པ་ཡིན།
ལ་སྟོད་བུ་ལགས། ཉིད་ནས་རྗེ་མི་ལའི་མགུར་ཞིག་གནབས་དེ་འདིར་ཡོང་ནས་སེམས་ཀྱི་སྐད་ཆ་ཞིག་བཤད་པ་དེར་ཐུགས་རྗེ་་ཆེ། བརྩེ་བའམ་དང་བརྩེ་དུང་ནི། རང་ཉིད་ལ་མ་ཐོབ་པ་དེ་གཞི་ལ་བཞག་ནས་ཕར་ཕྱོགས་ཀྱི་སེམས་ལ་ནད་ཚ་ཞིག་བཟོ་བར་རྩོམ་པ་དེ་ནི་བརྩེ་དུང་མ་ཡིན་པར། དེ་ནི་དངོས་ནས་ཆགས་སེམས་ཁོ་ན་ཡིན། དེ་ནི་རང་གཅིག་བུ་ཁོ་ན་བསམ་པ་ལས་གཞན་ལ་བསམ་པའི་འདུ་ཤེས་བྲལ་བའི་བརྩེ་དུང་འདི་འདྲ་བདག་གིས་ནམ་ཡང་བརྩོད་ལེན་བྱས་མ་མྱོང་ལ། སྤུན་ཟླ་གཞན་དག་གིས་ཀྱང་དེ་ལྟར་བརྩོན་ལེན་མི་བྱེད་པར་རེ་སྐུལ་ནན་པོ་ཞུ། དགའ་སའི་མི་དེ་བུ་དང་བུ་མོ་གང་ཡིན་ཡང་། མ་ཐོབ་ཀྱང་དེ་ནི་ཕར་ཕྱོགས་ཀྱི་འདོད་པ་ཞིག་ཡིན་དུས་དེ་ལ་བརྩི་བཀུར་བྱེད་དགོས་པ་ཡིན། ད་གཟོད་བརྩེ་དུང་གི་བདེ་སྐྱིད་ཅེས་པ་ཞིག་རེག་པར་བཤད་ཆོག་པ་ཡིན།
དགེ་འདུ་ཚང་ལགས། དངོས་ནས་ད་ལྟ་ཉིད་རང་སུ་ཞིག་སེམས་པ་སེམས་བསམ་པའི་དཀྱིལ་ནས་ཤོར་བཞིན་ཡོད་ན། དེ་ལ་དངོས་ནས་བསམ་བློ་ཞིབ་མོ་ཞིག་གཏོང་དགོས་ཀྱི་ཡོད། དེ་མིན་སྨྱོན་པ་ལྟ་བུའི་འཇིག་རྟེན་ཞིག་དང་། སྙིང་བོ་མེད་པའི་ཚོར་སྣང་གང་མང་མང་གིས་གང་དུ་ཡང་ཁྲིད་སྲིད་པ་ཡིན། དེ་ནི་དངོས་ནས་ཧ་ལས་པའི་ཉེན་ཁའི་དུས་ཤིག་ཡིན། སྐབས་དེར་ཁྱེད་རང་གི་འགྲམ་དུ་དངོས་ནས་སྙིང་ནས་བརྩེ་བའི་གྲོགས་དང་ཉེ་དུ་ལྟ་སྐྱོང་བྱེད་མཁན་འདྲ་མེད་པ་ཡིན་ན། ད་གཟོད་ཚེ་སྲོག་གི་རྒྱུ་བ་འགག་པར་ཡང་ཐེ་ཚོམ་མེད་པའི་གནས་སུ་ལྷུང་དུས་ཀྱང་ཡོད། བདག་གིས་ལམ་ཕྲན་དེ་ནས་འཇིག་རྟེན་ན་སྐྱེ་བུ་ཉུང་ང་ཞིག་གིས་མྱོང་ཚར་བ་དེ་ཡི་ལམ་ཕྲན་སྟེང་སོང་ཟིན་པ་ཡིན་དུས། ངས་འདི་ནས་ཉིད་ལ་རེ་སྐུལ་ཙམ་ཞུས་པ་དེ་ཡིན། གཞན་རང་ཉིད་ནས་བསམ་བློ་ཞིབ་མོ་གཏོང་དགོས་པ་དེ་རེད། གལ་སྲིད། ཉིད་རང་ལོ་ན་ཅུང་རྒན་ཙམ་ཡིན་ན། ན་གཞོན་གྱི་བསམ་བློའི་མཆོང་བསྐྱོད་ཀྱི་ངར་ཤུགས་དེ་ཅུང་ཉམས་ཡོད་སྲིད། དེ་ཡིས་ཀྱང་ཕན་ཅུང་ཐོག་གི་རེད། དེ་ཙམ་ཡིན།
ན་ཟུག་དེ་ཉིད་འཇག་པ་ལ་ཕན་པ་ཆེ་ཤོས་ནི།
གོང་དུ་བཤད་པ་ལྟར་དུས་ཚོད་ལ་དཔག་པའི་འགྱུར་བ་འགྲོ་རྒྱུ་དེ་ཡིན་པར་འདོད།
དེ་ལས་གཞན་པའི་ཐབས་ཤེས་ནི་ཧ་ལམ་དཀོན་ཙམ་གདའ།
གཞན་ཡང་།
ན་ཟུག་ནི་ན་ཟུག་རང་ཡིན་པས་དེ་ལ་སྡུག་བསྔལ་ཞིག་ལས་བདེ་བ་ཞིག་གང་ན་ཡོད།
ང་ལྟ་བུ་ཞིག་ལ་མཚོན་ན་ད་དུང་ཡང་དེའི་གོ་དོན་མ་རྟོགས་ནས་སྡད་ཡོད།
གང་ལྟར་མཚམས་མཚམས་གོད་ཤོར་རྒྱུ་འདུག་ལ།
མཚམས་མཚམས་ལ་ངུ་ཤོར་རྒྱུ་ཡང་འདུག
བསམ་བློ་ཕྱོགས་གཞན་ཞིག་ནས་བཏང་ན།
གོང་དུ་མེ་ཏོག་དཀར་པོས་བཤད་པ་ལྟར་རེད་མོད།
འོན་ཀྱང་རང་ཉིད་ཀྱི་བློ་གཅིག་སེམས་གཅིག་ནས་དགའ་བའི་བུ་མོ་དེ་ནི།
རང་ཉིད་ཀྱི་ཡོད་ཚད་ལྟ་བུར་གྱུར་ཟིན་པས།
བསམ་བློ་དྲུག་གསུམ་བཅོ་བརྒྱད་བཏང་རུང་།
ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་བྱས་རུང་།
དེ་ཙམ་གྱི་ཕན་ཐོགས་མི་ཐོན་པ་ཞིག་རེད་འདོད།
གོང་དུ་་་་་་་ལ་སྟོད་བུས་་་་་་་ཞེས་བཅོས་རོགས་ཞུ།
ལྷ་ཀླུ་གཉན་གསུམ་ལགས།
ང་ཡང་ཁྱོད་དང་ཁྱོད་ལྟ་བུ་ཞིག་སྟེ།
རང་ཉིད་ཀྱི་དགའ་ས་དེ་རང་ཉིད་ལ་མ་ཐོབ་ནས་སྡད་ཡོད་པའི་མི་བུ་ཐ་ཤལ་ཞིག་ཡིན།
དེས་ན་རང་ཉིད་ཀྱི་གནས་སྟངས་ལ་དཔག་ནས་ངས་སྡོམ་ཚིག་ཅིག་བཞག་པ་ནི།
འདི་ལྟར།
རེ་བའི་རི་མོ་སེམས་སུ་བྲིས་ཀྱང་སེམས་ཀྱི་གཏིང་ན་གཅོང་ནད་ཅིག།
དུང་བའི་མིག་ཟུང་ཁྱོད་ལ་གཏད་ཀྱང་མཁུར་ཚོས་མཆི་མས་བརླན་རོགས་ཤིག།
བརྩེ་བའི་མདའ་མོ་ཁྱོད་ལ་འཕངས་ཀྱང་སྡུག་གི་ཁུར་པོའི་སྣོན་མ་ཞིག།
ཡོད་ཚད་ཁྱོད་ཀྱི་ཕྱོགས་སུ་ཕུལ་ཀྱང་ཁྱོད་ཀྱི་འཇིག་རྟེན་གཞན་པ་ཞིག།
འདི་ནི་ཁོ་བོས་ལོ་སྔོན་མར་བྲིས་པའི་བརྩེ་དུང་གི་རྨ་ཁ་ཞེས་པའི་ནང་གི་ཚིགས་བཅད་ཅིག་ཡིན།
གཞན་ཡང་ཉེ་ཆར་བྲིས་པའི་་་་་ཁྱོད་དང་ཐུག་པའི་ཉིན་ནས་་་་ཞེས་པའི་སྙན་ངག་དེ།
ད་ལྟ་ཁ་བརྡ་དྲ་བའི་མདུན་ངོས་སུ་འདུག་ན་ཉིད་ཀྱིས་ཐེངས་གཅིག་བཀླགས་ནས།
ལམ་སྟོན་གྱི་བསམ་འཆར་འཐུང་ངུ་ཞིག་གནང་རོགས།
དོལ་སྨྱོན་ལགས། ཉིད་རང་དངོས་ནས་བརྩེ་དུང་གི་ནད་ཀྱི་ཟིན་པའི་མི་ཞིག་ཡིན་ན་བདག་གིས་ཀྱང་ཉིད་ཀྱི་རེ་སྐུལ་ལྟར། ཉིད་ཀྱིས་བྲིས་པའི་སེམས་ནས་བཞུར་བའི་སྙན་ངག་དེ་དག་ལ་སླར་ཡང་ཀློག་ནས་བསམ་ཚུལ་ཡང་འབྲི་ངེས་ཡིན། བརྩེ་དུང་ཟེར་བ་ནི། མི་ཀུན་ལ་ཡོད་པ་ཞིག་ཡིན་ཡང་། མྱོང་མིན་དང་དེ་ལ་བདག་པོ་རྒྱགས་སྟངས་དང་བསམ་བློའི་ནུས་ཚོར། སེམས་ཀྱི་འདུ་ཤེས། དགའ་བའི་གནས་ལུགས། སྐྱོ་བའི་གདུང་བ། དྲན་པའི་ཟུག་རྔུ། འཁུན་པའི་སྔ་གཞུག་སོགས་ལ་ཁྱད་པར་ཅུང་ཆེ་བར་སྣང་། དེ་ཡིན་དུས། ཉིད་རང་བུད་མེད་ལ་དེ་ལ་ཇི་ལྟར་དགའ་མིན། འགོ་ཅི་ལྟར་བཙུགས་མིན་སོགས་ཞིབ་དུ་གླེང་ཐུབ་ཚེ། གཟོད་ནས་་ངས་རང་གི་མྱོང་བ་དང་འདྲ་ས། ཡང་ན། སེམས་ཀྱི་ཤེས་པ་ཤོར་སྟངས་གཅིག་ས་རེད་ཡོད་ཚེ། གང་ཐུབ་ཅི་ཐུབ་རེ་བཤད་རེས་གླེང་རེས་བྱས་ན་ཉིད་ཀྱི་ཕན་གྲོགས་བདག་དང་། བདག་གི་ཕན་གྲོགས་ཁྱེད་རང་། འུ་གཉིས་ཀྱི་ཕན་གྲོགས་དྲ་སྟེང་གི་སྤུན་ཟླ་ཡོངས་ཡིན་སྲིད་པ་ཡིན། ཕྱིས་སུ་རྐང་ལམ་འདི་ལ་ཞུགས་མཁན་དག་ལ་ཕན་སྲིད་པ་རེད།
བརྩེ་གྲོགས་ཀྱི་དྲ་མཆན་པ་རྣམས་ལགས།
དང་པོ་བརྩེ་བ་ཆགས་སྲིད་མོད་དེ་སྐབས་ཡོད་ཚད་ཁོང་ལ་བཏངས་ཀྱང།
ཕྱིས་སུ་ཡོད་ཚད་རང་གིས་ཡིན་པར་ཤེས་དགོས།
ཐོབ་རྒྱུ་མེད་པ་དང་བསྒྲུབ་ཏུ་མེད་པའི་ཡུལ་ལ་ཇི་ལྟར་འབད་ཀྱང་རེ་འབྲས་འགྲུབ་རྒྱུ་དཀའ་བས་སྡུག་ན་རང་གི་ཡོད་ཚད་བརླག་པའི་ཉེན་ཁ་ཡང་ཆེ་བ་ཡིན།
དེ་ལས་དུས་ནས་དུས་སུ་རང་གི་དམིགས་ཡུལ་དང་བསྒྲུབ་བྱ་རྣམས་གོམ་པ་རིམ་གྱིས་འགྱུར་བ་གཏོང་དགོས་པ་ལས་དེ་རང་དགོས་ཅེས་ལྐུགས་པ་ཨུ་ཚུགས་ཀྱིས་བསམ་སྟེ་བསྡད་ནས་ཐོབ་རྒྱུ་མེད་པའི་དོན་ལ་འབད་པ་བྱས་པ་ཡིས་རང་གི་མི་ཚེ་ཆུད་ཟོས་སུ་འགྲོ་ཉེན་ཆེ།དེ་ལས་རང་གི་ཐོད་པར་རི་མོ་གང་བྲིས་པ་དེ་ལ་ཆོག་ཤེས་བྱེད་དགོས།
དེ་བུ་ཆུང་ང་ཡིས་སེམས་གསོ་ཡིན།
སྔ་སྔ་ཕྱི་ཕྱི་མ་གཏོགས་ཡོད་ཚད་འབྲལ་རྒྱུའི་རང་བཞིན་ཡིན་དུས་བརྩེ་གདུང་ཀྱང་དེ་ལས་མ་འདས་སོ།
འདུལ་གཞུང་དང་མདོ་སོགས་ནས་སངས་རྒྱས་ཀྱིས་བུད་མེད་ཀྱི་སྐྱོན་མང་རབས་ཅིག་གསུངས་པ་དག་གནོད་ཅིང་འཚེ་བ་གང་ཡང་མིན།
མདོ་གཞུང་སོགས་ནས་རང་གི་ཕུང་ཁམས་སྐྱེ་མཆེད་དག་མི་གཙང་བའི་གཏན་གཞི་རུ་བསྒོམ་པའི་གདམ་པ་ཡང་མི་ཉུང་བ་ཞིག་ཡོད།
དེ་བཞིན་འཁོར་བ་མི་རྟག་པ་འདི་ཉིད་ལའང་བདེ་བ་ཁབ་རྩེ་ཙམ་ཀྱང་མེད་པར་བཤད་ཡོད་པས།
གདམ་པ་དེ་ཚོས་མི་ཡི་སེམས་ལ་བདེ་བ་སྟེར་ཅིང་འཁོར་བ་མི་རྟག་པ་འདི་ལ་བློ་ལྡོག་པའི་ཐབས་ལམ་གཟབ་ཤོས་དེ་ཡིན།
དེ་བཞིན་ཁྱེད་ཀྱི་ཡོད་ཚད་འཕྲོགས་པའི་བུ་དང་བུ་མོ་གང་ཡིན་རུང་དེ་དེ་བཞིན་དུ་ཤེས་དགོས་སོ།
དེ་མིན་ཁྱེད་ཀྱི་དགའ་གྲོགས་དེ་ཡི་ཡོན་ཏན་བཟང་རབས་དང་ལེགས་རབས་བཤད་པས་སླར་ཡང་ཁྱེད་རང་བརྩེ་གདུང་གིས་བསད་དེ་དགའ་རུང་སྡུག་རུང་ཡང་ཤི་ཡང་སོས་བྱེད་རྒྱུ་ལས་ཐབས་ལམ་གཞན་རྙེད་མི་སྲིད་དོ།
ལ་སྟོད་བུ་ལགས། ཉིད་ནས་གསུངས་པ་ལྟར། སྐྱེ་ནས་འཆི་བ་ལྡོག་དུ་མེད་པའི་དུས་ཚོད་ཀྱི་སྔ་ཕྱི་གང་དུ་ཡང་། བརྩེ་དུང་ཞེས་པའི་ཟུག་རྔུ་འདི་ཡིས་མི་སེམས་འཐག་པར་བྱེད་པའི་སྔ་གཞུག་ན། རང་དབང་གི་སེམས་གཤིས་ཤིག་ལས་སླ་བོར་གསོ་སྤྱོང་བྱེད་ཐུབ་པར་དཀའ་ན་ཡང་། ཐོབ་དུ་དཀའ་བའི་ལས་ཤིག་ལ་འབད་འབུངས་བྱེད་པ་ནི། རང་གི་སྡུག་་བསྔལ་ཡིན་ཡང་། སྡུག་བསྔལ་དེ་ཡི་རྒྱུད་རིམ་ཇིི་བཞིན་ཡིག་ཐོག་དུ་འབྲི་ཐུབ་པ་ཡིན་ན། མི་གཞན་དག་གིས་དེ་དག་ལས་ཉམ་མྱོང་ཕྲན་པུ་རེ་ལེན་སྲིད་པ་ཡིན་དུས། རང་གི་སྡུག་བསྔལ་དེ་དག་མི་གཞན་དག་གི་མི་མྱོང་ཆེད་དུ། བརྩེ་དུང་ལ་གཡོལ་ཐབས་བྱེད་པ་ལས། དེ་ཉིད་དང་དུ་བླངས་དེ། མི་ཡུལ་ནས་གཞལ་དུ་མེད་པའི་རིན་བྲལ་གྱི་བརྩེ་དུང་གི་གཏམ་རྒྱུད་དག མི་སེམས་གཞན་དག་གི་བསམ་པའི་ཟས་སུ་གྱུར་བར་འུ་ཅག་གིས་འབད་འབུངས་བྱས་པ་དེ་ཡང་། མི་གཅིག་གི་སྡུག་བསྔལ་ལས་མི་གཞན་དག་གི་བདེ་སྐྱིད་འདྲནེ་པར་ཕན་ཐོག་ཏན་ཏན་ཡོང་ངེས་ཡིན་ན། འུ་ཅག་གིས་བརྩེ་དུང་གི་ཆེད་དུ་དྲི་མ་མེད་པའི་སེམས་པ་ལ་གཡའ་མེད་པའི་མུ་ཏིག་གི་རང་གཤིས་ཤིག རླུང་ནང་གི་མར་མེ་ལྟ་བུའི་མི་ཚེ་ལ། མར་མེ་ཡི་འོད་ལྟ་བུ་བརྩེ་དུང་གི་སྒྲོན་མེ་ཞིག་སྒྲོན་ཐུབ་ན་ཡག་པ་ལས་མ་བཟང་བ་གང་ཡང་མེད། འོན་ཀྱང་། དེ་ལ་ས་མཚམས་ཤིག་རང་ཉིད་དགའ་ས་དེ་ཡི་ཆེད་དུ་ཡོད་ན་ཡག དེ་ནི་ཨུ་ཚུགས་མེད་་པ་དང་། མཁྲེགས་བཟུང་མེད་པ་བཅས་ལ་འཐམ་ནས་བསམ་ཤེས་ཀྱི་ལམ་ནས་དགའ་སའི་ཡུལ་དེ་ཡི་འདོད་བློ་འགྲུབ་པར་འབད་བརྩོན་ཅི་ཐུབ་བྱེད་དགོས་སོ།
ལྷ་ཀླུ་དང་དོལ་སྨྱོན་ལགས།
ང་ཡང་ཁྱོད་འདྲའི་ཕམ་ཉེས་ཕོག་མྱོང་མཁན་ཅིག་ཡིན།
ཡིན་ནའང་ངས་རང་ཉིད་ཀྱི་བློ་ཁ་ཚུར་ཕྱོགས་ནས་ཕྱིར་ལྡང་རྒྱབ་སྟེ་ཐ་མ་རང་ཉིད་ཀྱི་ཡོད་ཚད་ཚུར་ལོན་པར་མ་ཟད་སྐྱོ་གདུང་གི་མུན་ནག ཕམ་ཉེས་ཀྱི་སྨྲག་སྲོད། ཡིད་ཆད་ཀྱི་ལྷོ་བུན། རེ་འགུགས་ཀྱི་རྨོངས་མུན། ཐམས་ཅད་ལས་རྣམ་པར་རྒྱལ་ཏེ་བདེ་སྐྱིད་ཀྱི་འཇིག་རྟེན་གསལ་བའི་ཉི་མ་གསར་པའི་འོད་སྣང་ཞིག་ཤར་བར་བྱས་པ་ཡིན།
ང་ཡི་ཉམས་མྱོང་འདི་ལ་བརྟེན་ནས་གྲོགས་ཁྱེད་ལ་དེ་ལྟར་བསླབ་བྱ་བྱས་ཡོད།
ཉན་དང་མི་ཉན་ཁྱེད་རང་ཤེས།
ལ་སྟོད་བུ་ལགས། ཉིད་རང་སྡུག་བསྔལ་དེ། ད་ལྟའི་གླེང་གཞི་བྱས་ན། བརྩེ་དུང་གི་སྡུག་བསྔལ་དུ་ལྷུང་ཚུལ། དེ་ལས་ཐར་ཚུལ། དེ་ནས་མུན་ནག་ལྟ་བུའི་ཉིད་ཀྱི་སེམས་ཁོང་དུ། འོད་སྟོང་ལྡན་པའི་ཉི་འོད་ཤར་ཚུལ། རི་དང་ཆུ། རླུང་དང་མེ། ས་གཞི་དང་གནམ་མཁའ། རྩྭི་ཤིང་དང་མེ་ཏོག སྔར་བཞིན་ཡིན་ལུགས་སོགས་གང་དྲན་པ་དག་འདི་ནས་དྲ་ཐོག་གི་སྤུན་ཟླ་དག་ལ་ཞིབ་ཀྱང་ཕྲ་བ་ཞིག་འབྲི་མ་ཐུབ་ཀྱང་། ལོ་དུས་དང་ཟླ་ཚེས་སོགས་མི་དྲན་ཡང་། རྒས་གཉེར་གྱི་ལྡེབས་བརྩེགས་བརྒྱབས་པའི་ལོ་ཟླ་དེ་ཡི་སྐོར་མདོར་བསྡུས་ཤིག་གླེང་ན། དངོས་ནས་དོན་ལ་གནས་ཤིང་། ཀུན་ལ་ཕན་དུ་རེ་ལགས།
ལྷ་ཀླུ་ལགས།
ཨོ་དེ་ད་བཤད་ན་ཤོད་ཚོད་དང་བསམ་ན་བསམ་ཚོད་མེད་ཀི།
གལ་ཏེ་བཤད་ན་སླར་ཡང་ང་ཡི་ཡོད་ཚད་འཕྲོགས་པའི་སྲིན་མོ་གདོང་དམར་དེ་ལ་ལྷ་མོ་ཀླུ་མོར་བདེན་ཞེན་གྱིས་ཁྱེད་བཞིན་ཡང་ཤི་ཡང་སོས་མི་བྱེད་པའི་ངེས་པ་མི་འདུག
བསླུ་བྲིད་ནི་བསླུ་བྲིད་རང་རེད།
དོས་ཐག་བརྟན་པོ་དེ་ཡིས་ནམ་ཡང་ཐར་པར་སློད་ས་མ་རེད།
ངས་དཀའ་དགུ་ངལ་དགུ་སྤྱད་དེ་དེ་ལས་རྣམ་པར་རྒྱལ་བར་བྱས་པ་དེ་ཡང་སླར་འདས་ལོག་རྒྱབ་ན་ཇི་ལྟར་བྱེད་དམ།
ལྷ་ཀླུ་ལགས།
ངོས་རང་དེ་ལས་རྣམ་པར་རྒྱལ་བའི་རྒྱུ་རྐྱེན་གཞན་ཞིག་ནི།
ལུང་མ་ངག་གསེར་གྱི་ཐིགས་པ་ཤིག་ཐོབ་པ་ལ་བརྟེན་ནས་བྱུང་བ་རེད།
དང་པོ་ལྷ་མོ་འཛུམ་དཀར་མ།
བར་དུ་སྲིན་མོ་གདོང་དམར་མ།
ཐ་མ་སྲོག་གཅོད་དབུགས་ལེན་མ།
འདི་དང་གཏན་དུ་འགྲོགས་མི་རུང།
གདམས་པ་འདི་ཉིན་ལན་དགུ་མཚན་ལན་དགུར་ཡང་ཡང་བསམ་ཤིང་སེམས་ཤིང་དཔྱད་ནས་བྱུང་བ་རེད།
ཁྱེད་རང་ཡང་འདི་ལ་བསྒོམ་པ་གནང་དང་ཁྱེད་ཀྱི་ཡོད་ཚད་ཡོད་ཚད་ཚུར་ལོན་ཏེ་འཇིག་རྟེན་གསར་པའི་མི་ཚེའི་འོད་སྣང་ཞིག་འཐོབ་རྒྱུ་ཉག་ཅིག་རེད།
ལ་སྟོད་བུ་ལགས། སྐད་ཆ་འདི་ནི་ང་རང་ཆུང་དུས་སུ་ངེད་ཀྱི་ཨ་མྱེ་ལགས་ནས་དུས་རྒྱུན་དུ་ངག་ནས་སྐྱོར་བ་ཞིག་དྲན་གྱི་འདུག ཕལ་ཆེར། རྗེ་མི་ལའི་གསུང་ཞིག་ཡིན་ས་ཡོད། དང་བོ་ལྷ་མོ་འཛུམ་དཀར་མ། ཕར་གཅིག་དགད་ན་ཚུར་གཅིག་དགོད། ཐ་མར་སྲིན་མོ་ངོ་དམར་མ། ཕར་གཅིག་འཐམ་ན་ཚུར་གཉིས་འཐམ། དེ་རེད་ལགས། ངས་ཀྱང་བུད་མེད་ནི་རང་གི་མ་བཞིན་བརྩི་བཞིན་ཡོད་པ་ལས། དེ་ནི་སྲིན་མོ་ཞིག་ཡིན་པར་དངོས་ནས་ལྟ་ཐུབ་ཀྱི་མི་འདུག་ལ། སྲིན་མོ་ཞེས་པ་དེ་ནི་ད་ལྟའི་བར་དུ་བདག་གིས་ག་འདྲ་ཞིག་ཡིན་མིན་ཐད་དུ་ངེས་ཤེས་གང་ཡང་རྙེད་མ་སོང་། སྐད་ཆ་ཁ་ཤས་ཤིག་བཤད་བདེ་བོ་ཡོད་ཀྱང་། དོན་དག་ལ་སྨིན་པར་དེ་འདྲའི་ལས་སླ་བོ་མེད་པ་ཡིན། ངས་འདི་ནས་སྐོར་ལོག་བཤད་པ་ཡིན། བོད་མི་དག་གིས་མ་ཎི་འདོན་པའི་གྲངས་ཀ་བདད་ཀྱིས་མི་ལོངས་པ་ཡོད་ཀྱང་། དེ་ལ་དཔག་པའི་སེམས་ནང་དུ་ཞི་བདེའི་འཚོ་གནས་ཤིག་རྙེད་མེད་པ་བཞིན། ཉིད་ནས་གོང་དུ་གསུངས་པ་དེ་ཉིན་ལན་དགུ་མཚན་ལན་དགུ་འདོན་ན་ཕན་པར་བཤད་མོད། དེ་ན་ལྡོག་དེ་བཤད་ན། བརྗེད་པའི་གཟུངས་ཡོད་ན། ཐོབ་པའི་གཟུངས་ཤིག་ཡོད་ཆོག་པ་རེད། དེ་འདོན་ན་ག་འདྲ་ཡོད། ང་རང་ཟེར་གྱི་མེད། སྡུག་བསྔལ་དེ། བརྩེ་དུང་གི་ན་ཟུག་གི་ཁྲོད་དུ་བླངས་མ་ཐུབ་པར་ད་ལྟའི་འཆར་གང་བྱེད་འདི་བྱེད་མེད་པའི་མི་དེ་དག་གི་ཆེད་དུ་ལགས།
ལ་སྟོད་བུ་ལགས། ཉིད་ནས་རང་ཉིད་དགའ་སའི་བུད་མེད་དེ་ནི་བདུད་མོ་ཞིག་གི་ཚད་དུ་འཛིན་ཐུབ་པ་དེ་ཡིས། ད་ནི་ཉིད་རང་བུད་མེད་དེ་ལ་དངོས་ནས་ག་ཚོད་དགའ་ཡོད་མེད་དེ་ཡང་ཚོད་ཐིགས་ཤིག་ཕལ་ཆེར་ཟིན་གྱི་འདུག དགའ་བ་ལ་མཐའ་མེད་པ་ཡིན། འོན་ཀྱང་། ཉིད་ཀྱིས་དགའ་སྟངས་དེ་ནི་ཕོ་གསར་སྣང་བ་མཐོ་ཞིང་། རང་ཉིད་ཀྱི་མིག་ངོར་གང་ཞིག་ཤར་བ་དེ་དག་མིག་གིས་རིག་དུས་སུ་དགའ་རབས་བཤད་པ་དང་། དྲན་ཚུལ་གླེང་བ། མིག་གིས་མི་རིག་ས་དྲན་ཡུལ་དུ་མེད་པ་དེ་དག་གི་རིགས་དང་འདྲ་བོ་མེད་དམ་སྙམ་སོང་། གཅིག་བྱས་ན་ངས་ཉིད་ལ་སྐུར་འདེབས་བྱེད་ཀྱི་ཡོད་སྲིད་པ་ཡིན། དེ་འདྲ་ཡིན་ན་སེམས་གཏིང་ནས་དགོངས་དག་ཞུ། དེ་མིན་དངོས་ནས་དགའ་མྱོང་བའི་སྐྱོ་གར་ཞིག་ཡོད་ན། དེ་ཡིས་ཉིད་ལ་ད་ལྟའི་འཆར་སྐྱིད་སྣང་གི་ཁྲོད་དུ་ཡོད་པ་དེར་དོ་འཕོག་དེ་འདྲ་འགྲོ་མི་སྲིད་པ་ཡིན། གང་ཡིན་ཟེར་ན། ཉིད་ནི་ལམ་ཕྲན་ཞིག་དཀའ་བའི་བགྲོད་ཟིན་འདུག་པ་མ་རེད་དམ།
བོད་་ལྷ་ཀླུ་གཉན་གསུམ་ལགས་་་སྙིང་གཏམ་ལྷུག་པོར་བཤད་པ་ཐུགས་རྗེ་ཆེ་ཞུ་ལགས་་་་ང་ནི་ལོ་ཚོད་ཀྱི་རྒས་ཉམས་ཐོན་ཤིང་་་ཕོ་སྒོ་མེད་པའི་ཕོ་གཟུགས་ཐེབས་ཆགས་ཤིག་ཡིན་ལ་་་ང་དགའ་སའི་བུ་མོ་དེ་ནི་ཡག་མོ་ཅན་ཞིག་ཡིན་པའི་དབང་གིས་ང་ལ་མནར་གཅོད་མང་པོ་མྱོང་དང་མྱོང་བཞིན་ཡོད་་་་་ཨ་ཁ་སྐྱེས་པ་ཕོ་ཡི་ལུས་ལ་བརྩེ་དུང་གི་གྲི་ཆུང་དེ་གཞན་གྱི་ལག་ཏུ་ག་རེས་ཅེས་ནས་ཤོར་ཡིན་ན་་བརྩེ་དུང་ཟེར་རྒྱུ་དེ་མིག་གིས་བལྟ་རྒྱུ་ཙམ་མ་རྟོགས་་་འཚོལ་ཐུབ་ཀྱི་མི་འདུག་ཡ་
སྒྱུ་མ་ལྟ་བུ་རྟོགས་པའི་རྣལ་འབྱོར་བའི་སྣང་ཚུལ་དང་ངེད་བྱིས་པ་སོ་སོའི་སྐྱེ་བོ་དག་གི་སྣང་ཚུལ་གཉིས་བསྡུར་རྒྱུ་ཞིག་གང་ན་ཡོད། དེ་བས་ལུག་སྤང་འདོད་སྤང་དང་ར་བྲག་འདོད་བྲག་བྱས་ན་ཡག་ཤོས་རེད། སྐུ་མཁྱེན། བརྩེ་དུང་ཁ་ལ་ཁྱེར་ནས་རང་འདོད་ཀྱི་གནག་སེམས་མ་བཅང་རོགས། བརྩེ་དུང་ནི་ནམ་ཡང་སྒེར་སེམས་མེད་པའི་མི་ཁོ་ནར་དབང་། བརྩེ་དུང་ནི་ནམ་ཡང་རང་ཚུགས་ཅན་གྱི་མི་ཁོ་ནར་དབང་།
སྙན་ཚིག་འདི་ལ་རོ་ནུས་ཐབས་ཅད་རྫོགས། །འཐུང་ཤེས་ཀྱིས་དང་བདེ་བའི་སྲོག་ཟུངས་སྦྱིན། །སྨན་ལོག་གྱུར་ན་ཉེས་པའི་རྩ་བ་སྟེ། །མི་ཚེ་ལང་ཚོ་བར་ཅད་སད་ཀྱིས་འཁྱེར། །
དྲ་རྒྱར་མ་སླེབས་ནས་ཉིན་ཤས་ཕྱིན་སོང་།
དྲ་གྲོགས་རྣམ་པ་སྐུ་ཁམས་བཟང་།
དགེ་འདུ་ཚང་ལགས། བརྩེ་དུང་ཟེར་བ་དེ་ནི་དངོས་ནས་མི་སེམས་ཐོག་་ཚད་དུ་ཡོད་པ་ཞིག་ཡིན་ལ། དེ་ཉིད་ལ་གཅེས་སྤྲོས་དང་དོ་སྣང་བྱེད་པར་སྤྲོ་སྣང་ཡོད་མེད་ཀྱི་བར་ནས། སྐུ་ཉིད་ལྟ་བུའི་བརྩེ་དུང་གི་ཕྱུགས་པའི་འོག་ན། རང་ཉིད་དགའ་སའི་སྐྱེ་གཟུགས་ལ་ཆགས་ནས་གཉིད་བྲལ། ཟས་བརྗེད་ཀྱི་སྡུག་བསྔལ་མྱོང་གི་ཡོད་ཀྱང་། དེ་ཡིས་དབང་གིས་ཁྱེད་ལ་འཇིག་རྟེན་ན་བླ་ན་མེད་པའི་མི་སེམས་ཀྱི་བརྩེ་དུང་གི་མངར་སྐྱུར་མྱོང་བའི་སྐལ་བ་ཞིག་ཀྱང་ཡིན་ལ། དེ་ལ་བསྟེན་ནས་བརྩེ་དུང་ནི་སྐྱེ་གཟུགས་ལས་བྱུང་བ་ཞིག་མིན་པ་ཡང་ར་སྤྲོད་བྱེད་ངེས་ཡིན་ལགས།
ཕུར་བ་སྐྱབས་ལགས། ཉིད་ནས་བརྩེ་དུང་གི་ས་མཚམས་ཤིག་གསུངས་འདུག་པ་དེར་དགའ་གུས་ཡོད། རེད་དེ། ཉིད་ནས་ང་ལྟ་བུའི་མི་ཁྲེལ་མེད་ཅིག་ལ་སླར་ཡང་དྲན་སྐུལ་ནན་གྱིས་བྱས་པ་དེར་བཀའ་དྲིན་ཆེ་ཞུ། བརྩེ་དུང་ཡོད་པའི་མི་ཞིག་གང་དུ་ཡོད་ན། དེ་ཡི་ཉེ་འཁོར་གྱི་མི་དག་ཡང་སྐྱིད་པོ་ཡོད་པ་ཞིག་ངེས་རེད་ལ། མཚམས་རེར་བརྩེ་དུང་དེ་ཡི་མནར་གཅོད་ཀྱི་དབང་གིས་ཉེ་འཁོར་ལ་ཡང་མྱ་ངན་རེ་སྤྲོད་ཁོ་ཐག་ཡིན་དུས། ངས་ཉིད་ཀྱི་དྲན་སྐུལ་འདི་དག་སེམས་ལ་ལོས་འཛིན།
བློ་བཟང་ཆོས་གྲགས་ལགས། ཉིད་ནས་སྙན་ཚིག་འཁུར་ནས་འོང་བ་དེར་དགའ་གུས་ཞུ་ལགས།
ཉན་དུས་རྣ་ལ་ཉན་པ་བརྩེ་དུང་ཡིན།།
ཐོབ་དུས་བདེ་སྐྱིད་ལྡན་པ་བརྩེ་དུང་ཡིན།།
ཤོར་ན་མྱ་ངན་མནར་སྡུག་དེ་ལ་རྒོད།།
ཕམ་ན་དེ་ཡིས་སྡུག་བསྔལ་ཚང་མར་སྤྲོད།།
དོལ་སྨྱོན་ལགས། ང་རང་ཡང་གྲོགས་པོ་ཞིག་གི་ཆེད་དུ་སོང་ནས་དེ་རིང་ཕྱིར་འབྱོར་ནས་དྲ་ཐོག་གི་སྤུན་ཟླ་ཁྱེད་ཅག་དང་འདྲ་བ་ཚོར། ཚོར་ཤེས་ཀྱི་གཏིང་རིམ་ནས། བརྩེ་དུང་གི་དར་རྒུད་ཀྱི་གླེང་མོལ་འདིར་མུ་མཐུད་དུ་འཇུས་པ་ཡིན་ལགས། ཉིད་ལ་དེ་ཡི་སྐོར་ནས་བསམ་ཚུལ་ཡོད་ན་ལྷུག་པོར་གྲོལ་དང་། གང་ཐུབ་ཅི་ཐུབ་ཀྱི་གླེང་མོལ་ལན་འདེབས་བྱེད་ངེས་ཡིན།
བརྩེ་དུང་ཞེས་པའི་ཚིག་ཉུང་འདིའི་བར་ནས།
ལ་ལའི་ཚེ་སྲོག་ཤོར་མྱོང་ལ་་་ལ་ལའི་ཚེ་སྲོག་རྒྱས་ཀྱང་མྱོང་་་་་ང་ལྟ་བའི་བརྩེ་་དུང་གིས་བཟི་བའི་མི་ཆུང་ཞིག་ལ་མཚོན་ན་་་་བརྩེ་དུང་འདིས་ཕམ་མྱོང་ལ་རྒྱལ་ཡང་མྱོང་བ་་་་་སྐབས་རེར་བརྩེ་དུང་འདི་ནི་སུས་ཀྱང་འགོག་མི་ཐུབ་པའི་ཇག་པ་བཙན་པོ་ཞིག་རེད་ལ་་་་མཚམས་རེར་ཆེས་ངུ་སླ་བའི་བྱེས་པ་ཆུང་ཆུང་ཞིག་གི་བཟོ་ལྟ་འདྲ་བོར་མཐོང་གི་འདུག གང་ལྟར་ཡང་བརྩེ་དུང་མེད་པའི་མི་བུ་དག་ནི་་་་བདེ་སྡུག་ཡོད་ཚད་མྱོང་མ་ཐུབ་པའི་ས་མཐའི་སྡར་མ་ཞིག་ལ་འབོད་ཀྱིན་ཡོད་ལགས།
ངས་ཇི་ཙམ་བསམས་ཀྱང་རྟོགས་མི་ཐུབ་པའི་གནད་དོན་ཞིག་ནི།
བུད་མེད་དེའི་གཤིས་རྒྱུད་ཡིན་ལ།
ངས་ཇི་ཙམ་འབད་ཀྱང་ཡར་རྒྱས་སུ་འགྲོ་མི་ཐུབ་པ་ཞིག་ནི།
ང་ཡི་སེམས་པའི་འཁྱེར་སོ་འདི་ཡིན།
ཤོར་ཟིན་པའི་སེམས་པ་འདི།
མོ་དང་མོ་ཡི་འཁོར་ཡུག་ནས་ཇི་ཙམ་ཕྱིར་འཐེན་བྱས་རུང་།
རྒྱུ་མཚན་དང་གནས་ལུགས་ལ་ཇི་ཙམ་བསམ་གཞིགས་བྱས་རུང་།
སང་ཉིན་དང་གནང་ཉིན་ལ་ཇི་ཙམ་རེ་ལྟོས་བྱས་རུང་།
ང་ཡི་སེམས་པ་འདི།
ང་ཡི་རྣམ་ཤེས་འདི།
ང་ཡི་དྲན་འཛིན་འདི།
མོ་དང་མོ་ཡི་འཁོར་ཡུག་ལས་གཞན་ལ་འཇུག་པའི་གོ་སྐབས་ཤིག་གཏན་ནས་མེད་པ་འདྲ།
རྩམ་དགའ་ལགས། ཉིད་ཀྱིས་གསུངས་པ་དེ་ནི་བརྩེ་དུང་ཞེས་བོས་ན་མི་འགྲིག་གི དེ་ནི་འདོད་ཆགས་རེད་ཅེས་ཞུས་ན་འགྲིག་ས་རེད། བརྩེ་དུང་འདོད་ཆགས་དང་འབྲེལ་བ་ཡོད་ཀྱང་། བརྩེ་དུང་ངོ་མ་ནི་འདོད་ཆགས་ཁོ་ན་མིན་ལགས། གང་ལྟར། ཉིད་ལ་ཉམ་མྱོང་འགའ་རེ་ཐོབ་པ་དེ་ཡང་འདོད་ཆགས་ཀྱི་ཐོབ་ཤོར་བར་གྱི་མྱོང་བ་རེད་འདུག་ལགས།
དོལ་སྨྱོན་ལགས། ཉིད་རང་དངོས་ནས་བརྩེ་བ་ཆགས་འདུག ད་ནི་དངོས་ནས་ཁག་མེད་ཀི ཉིད་ཀྱིས་གསུངས་མ་ཐག་པ་བཞིན། རང་སེམས་འདི་ཡར་རྒྱས་ཤིག་མི་འགྲོ་བར་སེམས་ཁྲལ་བྱས་འདུག སེམས་ཁྲལ་དེ་ནི་དངོས་ནས་དགོས་པ་ཞིག་ཡིན། དེ་དང་བསྟུན་ནས་སྐྱེ་ཆེན་དག་གི་རྣམ་ཐར་ཀློག་པ་དང་། རླབས་ཆེ་བའི་སྟོན་པ་༧གོང་ས་རྒྱལ་བ་རིན་པོ་ཆེ་ཚང་གི་བཀའ་སློབ་དག་ཀློག་དང་། དངོས་ནས་ཁྱེད་རང་བུད་མེད་དེ་ཡི་མཐའ་ཁོར་ནས་སེམས་པ་ཕྱིར་འགུག་འདོད་ཡོད་པ་བདེན་ན། དེ་ནི་ཐབས་ལམ་ཞིག་དང་བརྩེ་དུང་གི་སྡུག་བསྔལ་དེ་དག་བདེན་པ་ཞིག་དང་དྲོད་ཁོལ་ཞིག་དུ་འགྱུར་ངེས་ཡིན་ལགས།
ཁྱོད་བདེན་་་ཁྱོད་བདེན་་་་གྲོགས་པོ་ལགས།
རྩམ་དགའ་ལགས། ང་རང་ལ་བདེན་ཁ་དགོས་ཞེས་སྐུལ་མ་གནང་མེད་མོད། དེ་ནི་ང་རང་གི་བསམ་ཚུལ་ཐད་ཀར་ཞུས་པ་དེ་ཡིན། ང་ནི་དངོས་ནས་ཐད་ཞུ་བྱེད་རྒྱུར་གོམ་ཡོད་དུས། གལ་སྲིད་ཉིད་ཀྱི་སེམས་ལ་འཕོག་མེད་པར་རེ་བ་ཡོད། དེ་ནས་བསམ་ཚུལ་དང་མྱོང་ཚོར་ག་རེ་ཡོད་ན་གསུང་བར་རེ་སྐུལ་ཞུ་བཞིན་ཡོད།
གྲོགས་པོ་ལགས་་་་་དྲང་བོ་ཞུས་ན་ང་ལ་སྐབས་འདིའི་གླེང་གཞི་འདི་ནི་་་་རྙོག་འཛིངས་ཅན་ཞིག་རེད་འདུག
རྒྱུ་མཚན་ནི་་་་གླེང་གཞིའི་བརྩེ་དུང་དང་་་འདོད་ཆགས་་་་འདི་གཉིས་ཁ་ཁར་གསལ་བོ་ཞིག་མཐོང་དཀའ་མོ་ཟིག་རེད། དཔེར་་་་མགར་ར་སྟོབས་རྒྱལ་དང་ཡེ་ཤེས་ལྷ་མོ་གཉིས་བར་གྱི་སྒྲུང་ལྟ་བུར་རེད། འདི་གཉིས་གཅིག་གིས་གཅིག་ལ་བརྩེ་དུང་ཟབ་མོ་ཡོད་པའི་རྒྱུན་གཙོ་བོ་དེ་འདོད་ཆགས་ལས་བྱུང་བ་མིན་ནམ་བསམ་གི་ཡིན་མིན་མི་ཤེས། འདི་ནི་ངའི་བསམ་ཚུལ་ཙམ་ཡིན་ལགས།
ངས་ནམ་རྒྱུན་རེ་ལྟོས་བྱེད་ས་གཙོ་བོ་ཞིག་ནི།
ལ་ལུང་མང་པོའི་ལྟག་རྒྱབ་ཏུ་གནས་པའི་ཟླ་བ་གཞོན་ནུ་དེ།
ང་དང་ངའི་འཁོར་ཡུག་ལ་མྱུར་དུ་ཤར་ནས།
ང་ཡི་སེམས་ཀྱི་ཟབ་སར་འཐིམ་པའི་མུན་པ་དག་ཡོངས་སུ་སེལ་བའི་རེ་ཞགས་བཅངས་ཡོད།
ཉི་མ་དང་ཟླ་བ་མང་པོ་ཞིག་གི་རེ་སྒུག་གི་ཁྲོད་ནས་ད་ལྟ་ཟླ་བ་ཤར་བྱུང་།
སྒྱུ་སྐར་མང་པོ་ཞིག་གི་དཀྱིལ་ནས་མཛེས་སྡུག་གིས་ཤར་བྱུང་།
འོན་ཀྱང་ང་དང་ང་ཡི་འཁོར་ཡུག་ནི་ད་ལྟའང་མུན་པ་ཡིན།
ནམ་མཁའ་ལ་སྤྲིན་པ་མི་འདུག
ས་གཞི་ལ་སྨུག་པ་མི་འདུག
འཁོར་ཡུག་ཡོད་ཚད་ལ་ཉི་མ་ཤར་འདུག
གང་ལྟར་ང་ཡི་འཇིག་རྟེན་ནི་མུན་ནག་གི་ཟབ་ས་ཞིག་ཏུ་འགྱུར་བཞིན་འདུག
ཟླ་བ་ལ་འོད་ཟེར་མེད་པ་མིན་ཀྱང་།
འོད་ཟེར་ཡོད་ཚད་གྲུ་ཁ་གཞན་ཞིག་ན་འདུར་བཞིན་འདུག
ཟླ་བ་བསམ་བློ་མེད་པ་མིན་ཀྱང་།
སེམས་པ་ཡོད་ཚད་འཇིག་རྟེན་གཞན་ཞིག་ལ་འཐིམ་ནས་འདུག
རྩམ་དགའ་ལགས། མགར་བ་སྟོབས་རྒྱལ་དང་ཡེ་ཤེས་ལྷ་མོ་གཉིས་ཀྱི་བརྩེ་དུང་དེ་ནི་འདོད་ཆགས་དང་འབྲེལ་བའི་བརྩེ་དུང་ཡིན་ལ། འདོད་ཆགས་དང་བརྩེ་དུང་གཉིས་ཀྱི་ནང་ནས་བརྩེ་དུང་ཤུགས་ཆེ་བ་ཡིན། གལ་སྲིད་འདོད་ཆགས་ཤུགས་ཆེ་བའི་བརྩེ་དུང་ཡིན་ན། དེ་འདྲའི་དྭངས་ཤིང་གཙང་བའི་ཕན་ཚུན་ལ་བཅིངས་པའི་སེམས་ཁམས་དེ་མེད་ཅེས་བཤད་ན་འགྲིག་གི་ཡོད་པ་ཡིན།
དོལ་སྨྱོན་ལགས། ཉིད་ཀྱི་བརྩེ་དུང་དེ་ནི་ཕལ་ཆེར་ཕྱོགས་ངོས་གཅིག་གི་བརྩེ་དུང་ལས་མཆེད་པའི་དགའ་བ་ཞེས་གླེང་ན་འགྲིག་པར་འདོད། དགའ་བ་དེ་ཡིས་དབང་གིས་སྐུ་ཉིད་ཕར་ཕྱོགས་དེར་ཡིད་སེམས་ཆགས་པ་ལས། ཕར་ངོས་ནས་ཉིད་ལ་སེམས་པ་འཁོར་མེད་པ་ཡིན་དུས། དེ་ལ་ཕྱོགས་ངོས་གཅིག་གི་དགའ་སྲོལ་ཟེར་ན་འགྲིག་པ་ཡིན་ལ། ཞོར་དུ་ཉིད་ཀྱི་ཨུ་ཚུགས་ལས་བཞུར་བའི་སེམས་གཤིས་ཤིག་ལས་ཉིད་ཀྱིས་ཕར་ཕྱོགས་དེར་བརྩེ་དུང་ཟབ་མོ་ཆགས་མེད་ཅེས་བཤད་ན་འགྲིག་པར་འདོད། གལ་སྲིད། ཉིད་རང་དགའ་བ་ལས་བརྒལ་ནས་ཕར་ཕྱོགས་དེར་བརྩེ་དུང་ཟབ་མོ་ཆགས་ཡོད་ཚེ། ཉིད་ནས་ཕར་ཕྱོགས་ཀྱི་རང་ཉིད་དགའ་སའི་བུད་མེད་དེ་ཡི་བདེ་སྐྱིད་ཀྱི་ཆེད་དུ་གང་ཡང་བྱེད་པར་གྲྭ་སྒྲིག་བྱེད་པ་ལས། རང་ལ་མ་ཐོབ་པའི་སྡུག་བསྔལ་དེ་ལས་ཧམ་སེམས་ཀྱི་མཁྲེགས་འཛིན་བསམ་གཞིགས་དེ་འདྲ་ནི་ཡོད་མི་འོས་སོ།
ང་ནི་དངོས་གནས་བརྩེ་གདུང་དོན་དུ་ཤི་ན་འགྱོད་པ་མེད་མཁན་ཡིན།།
འདོད་རྒྱལ་ལགས། དངོས་ནས་ཉིད་ཀྱི་མིང་དང་སྐད་ཆ་གཉིས་ཆ་མཚུངས་ཀི རེད་དེ། ཉིད་ནས་བརྩེ་དུང་ཞེས་པ་ཅི་འདྲ་ཞིག་ལ་ངེས་འཛིན་བྱེད་ཀྱི་ཡོད་དམ། ཉིད་རང་བརྩེ་དུང་གི་མནར་གཅོད་འདྲ་འཕོག་མྱོང་ཡོད་དམ། ཡང་ན་དགའ་ས་འདྲ་ཡོད་དམ།
བོད་ལྷ་ཀླུ་གཉན་གསུམ་ལགས།བརྩེ་གདུང་ཞེས་པ་ནི་རང་གི་དགའ་སའི་མི་ལ་ཕྱོགས་པའི་བློ་ལ་ཟེར་གྱི་རེད།
མི་སུ་ཡིན་རུང་རང་གི་དགའ་ས་ཞིག་ཡོད་པ་ཁོ་ཐག་རེད།
འདོད་རྒྱལ་ལགས། བརྩེ་དུང་དགའ་བ་གཉིས་ནི་འདྲིས་ཟབ་ཀྱང་གཅིག་མིན། དཔེར་ན་མི་ཚང་གཅིག་གི་སྤུན་གཉིས་ལྟ་བུ་ཡིན། དེ་དོན་ང་ཡི་བསམ་མྱོང་ལས་བྱུང་བ་ཞིག་ཡིན།
བོད་ལྷ་ཀླུ་གཉན་གསུམ་ལགས།མི་ཚང་གཅིག་གི་སྤུན་གཉིས་བར་དུ་བརྩེ་དུང་ལོས་ཡོད།མ་བུ་བར་དུ་བརྩེ་གདུང་ཡོད་པ་ཁས་ལེན་དགོས་ཀྱི་རེད།
འདོད་རྒྱལ་ལགས། ཉིད་ནས་གོ་བ་ལོག་དུ་འཁྱེར་འདུག ངས་ཞུས་པ་ནི། བརྩེ་དུང་དང་དགའ་བ་གཉིས་ནི་ཁྱིམ་གཅིག་གི་སྤུན་ལྟ་བུ་ཡིན་ཟེར་དོན། དེ་གཉིས་ཀྱི་བར་དུ་བརྩེ་དུང་མེད་ཅེས་པའི་དོན་མིན། དོན་ནི། བུ་རྒན་པའི་མིང་ལ་བརྩེ་དུང་ཟེར་བ་དང་། གཞོན་པའི་མིང་ལ་དགའ་བ་ཟེར་བ་ལྟ་བུ་ཡིན། ཁོ་གཉིས་རང་རང་གི་གཤིས་ཀ་དང་བྱེད་སྟངས་སྤྱོད་གསུམ་གྱི་ནུས་པ་སོགས་མི་འདྲ་བ་ཡོད་ཅེས་དཔེར་འཇོག་བྱས་པ་ཡིན་ལགས།
བོད་ལྷ་ཀླུ་གཉན་གསུམ་ལགས།བརྩེ་དུང་དང་དགའ་བ་གཉིས་བྱེད་ལས་མི་འདྲ་པ་ཡོད་ཀྱང་བརྩེ་དུང་ཡིན་གཅིག་མཚུངས་རེད།དཔེར་ན་བོད་མི་དང་རྒྱ་གར་མི་གཉིས་སྤྱོད་པ་སོ་སོ་ཡོད་ཀྱང་མི་ཡིན་པ་གཅིག་མཚུངས་ལྟ་བུས་ཤེས།
འདོད་རྒྱལ་ལགས། མྱི་ཡིན་པ་མི་འདྲ་བར་གཏན་ནས་ཞུ་བཞིན་མེད་ལགས། མྱི་དེ་གཉིས་ལ་རང་རང་གི་རྒྱལ་ཁབ་ཀྱི་འདུ་ཤེས་འཁྱེར་སྟངས་དང་སྲོལ་གྱི་རང་བཞིན་སོགས་མི་འདྲ་བ་བཞིན་དུ། བརྩེ་དུང་དང་དགའ་བ་གཉིས་ཀྱང་དེ་བཞིན་དུ་ཞིབ་མོར་བརྟག་ཀྱང་དཔྱད་པ་བྱེད་རྒྱུ་ཡོད་པ་ཡིན། དེ་དོན་ང་ཡི་ཉམ་མྱོང་ལས་ཉིད་ལ་ཞུས་པ་ཡིན་ལགས།
བོད།ལྷ་ཀླུ་གཉན་གསུམ་ལགས།འོ་ན་ཁྱེད་ཀྱི་གསུང་དོན་ལ་དགའ་བ་དང་བརྩེ་དུང་གཉིས་སོ་སོ་ནས་ངོས་འཛིན་དགོས་སམ།
དགའ་བ་ལ་བརྩེ་དུང་གིས་མ་ཁྱབ་པ་དང་བརྩེ་དུང་ལ་དགའ་བས་མ་ཁྱབ་པ་ཡོད་དམ།།
འདོད་རྒྱལ་ལགས། ངས་དེ་ག་རང་ཞུས་པ་ཡིན། དགའ་བ་ནི་མི་རེ་ཟུང་ལ་བྱུང་གི་ཡོད་ལ། དེ་ནི་འདོད་ཞེན་དང་རང་གི་ཧམ་སེམས་ཀྱི་ཤེད་ཤུགས་བཙན་པོ་ཞིག་ཡིན། བརྩེ་དུང་ནི་སྐྱེ་བོ་ཀུན་ལ་ཡོད་པ་ཞིག་ཡིན་ལ། རྟག་དུ་མངོན་ཐུབ་པ་ཞིག་མིན། དེ་ཙམ་རེད་ལགས།
བོད།ལྷ་ཀླུ་གཉན་གསུམ་ལགས།དགའ་བ་ནི་ཕོ་མོ་བར་གྱི་བརྩེ་དུང་ལྟ་བུ་དགོས་སམ།མིན་ན་མི་རེ་ཟུང་མ་གཏོགས་མེད་པ་གང་ཡིན་ན།ངས་དྲི་བ་འདི་འདྲི་ཡི་ཡིན།
འདོད་རྒྱལ་ལགས། དགའ་བ་ནི་མི་རེ་ཟུང་ལ་མ་གཏོགས་བྱུང་གི་མེད་ཟེར་དོན་ནི། དགའ་ནས་ན་ཚ་འཕོག་ནས་སེམས་ངལ་ཐེབས་པ་དང་། ཟས་བཅུད་ཉམས་པ། གཉིད་མི་ཁུགས་པ་བཅས་ཀྱིས་གནད་དོན་འདི། མི་རེ་ཟུང་གི་མ་གཏོགས་མྱོང་གི་མེད། དེ་ཡིན་དུས་བུ་དང་བུ་མོ་སུ་ཞིག་ཕར་ཕྱོགས་ལ་དགའ་ནས་སེམས་ཤོར་བ་དེ་ལ་ཟེར་གྱི་ཡོད་ལགས། དེ་ཙམ་གྱིས་འཐུས་པ་བྱས།
བོད།ལྷ་ཀླུ་གཉན་གསུམ་ལགས།དེ་བདེན་པ་རེད་ཡིན་ན་ཡང་བརྩེ་དུང་གིས་ན་ཚ་འཕོག་ནས་སེམས་ངལ་ཐེབས་པ་དང་གཉིད་མི་ཁུགས་པ་དང་ཟས་བཅུད་ཉམས་པ་བཅས་ཀྱི་གནད་དོན་འདི།མི་རེ་ཟུང་མ་གཏོགས་ཡོད་ཀྱི་མ་རེད་དེས་ན་ང་གཉིས་ཀྱི་འདོད་པ་ཡོངས་སུ་མཚུངས་སོང་ངས།
འདོད་རྒྱལ་ལགས། ཉིད་ནས་གསུངས་པ་དེ་ནི་བརྩེ་དུང་མ་རེད། དགའ་བ་རེད། ངས་ཀྱང་སྔོན་ཆད་རང་ཉིད་ཀྱིས་དེ་ནི་བརྩེ་དུང་དུ་འཁྲུལ་བ་ཡིན་ལ། བརྩེ་དུང་དུ་ངེས་འཛིན་ཡང་བྱས་མྱོང་། ཕྱིས་སུ་བདག་གིས་ལོ་ངོ་དུ་མའི་ཁྲོད་དུ་ཞིབ་ཀྱང་ཕྲ་བར་དཔྱད་པའི་འབྲས་པུ་ལ། དེ་ནི་བརྩེ་དུང་མ་ཡིན་པར་དགའ་བ་ཡིན། དགའ་བ་དེ་ཡང་གོང་དུ་ཉིད་ལ་ཞུས་པ་དེ་བཞིན་རེད། བརྩེ་དུང་ཡོད་ཀྱང་སྐབས་དེ་ཡི་ངོ་བོ་ནི་དགའ་བ་ཁོ་ན་ཡིན།
ལྷ་ཀླུ་གཉན་གསུམ་ལྷག་པར་བཙན་དྲག་ནས།
འདོད་རྒྱལ་སེམས་པ་གཞན་གྱིས་འདོད་དབང་ཁྱེར།
སྙོགས་བཤད་བྱས་ན་སྙོགས་གཏམ་ཆེ་རུ་སླེབས།
སྐྱིད་པོར་བསྡད་ན་སྐྱིད་ཤོས་དེ་ངར་རེད།།
ད་་་་གྲོགས་པོ་ཉིད་ལ་ཚིག་འགའ་རྡོག་རྡོག་བྱས་ནས་འདྲི་གིན་ཡིན།
དཔེར་ན་་་་་
བཟའ་ཚང་གཉིས་ཀྱི་བར་ལ་འགོག་མི་ཐུབ་པའི་ཚོར་ཤུགས་དྲག་པོ་ཡོང་བཞིན་པའི་དུས་ཀྱི་ཚོར་བ་དེ་ལ་་་་་དགའ་བ་་་་་བརྩེ་བ་་་་འདོད་ཆགས་་་་་འདི་གསུམ་ལས་གང་ལ་དངོས་འཛིན་གནང་དགོས་སམ།
ཕོ་མོའི་བར་གྱི་དགའ་བ་དང་བརྩེ་བ་འདི་གཉིས་ལ་ཁྱད་པ་གང་ཞིག་ཡོད་དམ།
དགའ་རོག་དང་ཁ་གྱེར་བའི་ཉིན་མོར་སེམས་པ་མི་སྐྱིད་པའི་ཚོར་བ་དེ་་་་་་འདོད་ཆགས་་་་་དགའ་བ་་་་བརྩེ་བ་འདི་གསུམ་ལས་གང་རེད་དམ།
རྩམ་དགའ་ལགས། ཁྱེད་ཀྱིས་དྲི་བ་སུ་ལ་འདྲི་ཡི་ཡོད།།
བོད་་་ལྷ་ཀླུ་གཉན་གསུམ་ལ་དྲིས་པ་ཡིན་ཏེ་་་
སུ་ཡིས་ལན་གནང་ཡང་དགའ་བསུ་ཡོད།
ངས་ལན་ཞིག་འབྲི་ཆོག་པ་ཆས་བཟའ་ཚང་གཉིས་ཀྱི་བར་ལ་འགོག་མི་ཐུབ་པའི་ཚོར་བ་ཞིག་ཡོད་པ་དེ་ནི་བརྩེ་དུང་ཞེས་པ་དེ་ཡིན། དེ་གཉིས་ལ་ཁྱད་པར་ཡོད་བུད་མེད་ཞིག་ལ་སྐྱེ་བུ་ཞིག་དགའ་པ་སྤྱིར་བཏང་འདྲ་བོ་ཞིག་རེད། ཕོ་མོའི་བར་གྱི་བརྩེ་བ་ནི་གཅིག་སེམས་གཅིག་ལ་ཤོར་བ་ཞིག་ཡིན་དུས་དེ་གཉིས་ལ་ཁྱད་པར་ཡོད་པ་ཡིན། དགའ་བོ་དང་ཁ་གྱེར་བའི་སེམས་པ་མི་སྐྱིད་པའི་ཚོར་བ་དེ་བརྩེ་དུང་ཡིན་གང་ལྟར་བརྩེ་དུང་གི་སྣ་དྲངས་ནས་སེམས་པ་མི་སྐྱིད་པ་ཞིག་ཡོང་གི་ཡོད་ཚོད་རེད།
འདོད་རྒྱལ་ལགས།
གཏམ་དང་རྙོག་གི་སྐད་ཆ་མ་ཡིན་པར།།
མི་རེ་སེམས་འཛིན་ཚུལ་མི་འདྲ་བའི།།
བརྩེ་དང་དགའ་བའི་ལུགས་འདི་གྲོས་བཏབ་ཚེ།།
ཕྱི་རབས་བོད་མི་དག་ལ་ཕན་རེ་སྲིད།།
འདོད་རྒྱལ་ལགས།
གཏམ་དང་རྙོག་གི་སྐད་ཆ་མ་ཡིན་པར།།
མི་རེ་སེམས་ན་འཛིན་ཚུལ་མི་འདྲ་བའི།།
བརྩེ་དང་དགའ་བའི་ལུགས་འདི་གྲོས་བཏབ་ཚེ།།
ཕྱི་རབས་བོད་མི་དག་ལ་ཕན་རེ་སྲིད།།
རྩམ་དགའ་ལགས། ཉིད་ཀྱི་དྲི་བར་རང་གི་གང་ཤེས་ལན་འདེབས་བྱེད་ཆོག དང་བོ་སྐབས་དེ་ཡི་ཚོར་བ་ང་རང་གི་ནོར་མེད་པ་ཡིན་ན། ཉིད་ནས་གསུངས་པ་དེ་ནི་སྲེད་པའི་ཚོར་བ་དེ་གསུངས་པ་འདྲ། དེ་ཡིན་ན་ནི། འདོད་ཆགས་ཞེས་བཤད་ན་འགྲིག
གཉིས་པའི་ལན་དུ། ཕོ་མོའི་བར་གྱི་བརྩེ་བ་དང་དགའ་བ་གཉིས་ལ་ཁྱད་པར་ཡོད་པ་ཡིན། དགའ་བ་ནི་ཕྱོགས་ངོས་གཅིག་ནས་འགོ་བཙུགས་པ་དེ་ལ་ཟེར་གྱི་ཡོད། བརྩེ་དུང་ནི་ཕན་ཚུན་མཉམ་གནས་ཀྱི་ཚོར་བ་ཟབ་མོ་ཞིག་གི་དོན་ཡིན།
གསུམ་པའི་ལན་དུ། དགའ་རོགས་གང་ཞིག་དང་གྱེས་པའི་སྡུག་བསྔལ་དེ་ནི་དྲན་གདུང་ཟེར་བ་ཡིན། བརྩེ་དུང་གི་ཁུངས་སུ་གཏོགས་པ་ཡིན། བརྩེ་དུང་དངོས་དེ་ཡིན་མིན་ནི། ཕན་ཚུན་མཉམ་གནས་ཀྱི་ཚོར་བ་ཟབ་མོ་ཡོད་མེད་དེ་ལ་བལྟ་དགོས་པ་ཡིན། དེ་ཙམ་རེད་ལགས།
བརྩོན་རྒྱམ་ལགས། རང་གིས་གང་འདོད་པ་ལྟར་ལན་ཞིག་ཕུལ་འདུག་པ་དེ་ནི་བདག་གི་བསམ་ཚུལ་དང་མི་འདྲ་བ་ཞིག་གསུངས་འདུག་ན་ཡང་། མི་རེ་ལ་ཉམ་མྱོང་མི་འདྲ་བ་ཡིན་དུས། མི་དག་གིས་དེ་དག་ལས་ཉམ་མྱོང་ལེན་རྒྱུ་རེ་ཡོད་སྲིད་པ་ཡིན།
ཉམས་མྱོང་རིག་རྒོད་ཅན་གྱི་སྤུན་ཟླ་ཚོས། །
སྨྲ་བའི་ངག་སྒོ་ཡངས་པོར་ཕྱེ་བྱས་ནས། །
རང་རང་འདོད་ཚུལ་གསང་བོ་བརྗོད་པ་ལ། །
མ་བཅོས་སེམས་ཀྱིས་བཀའ་དྲིན་ཆེ་ཞེས་ཞུ། །
རྩམ་དགའ་ལགས།
གང་ཤེས་གསང་བ་མེད་པ་ང་ཡི་གཤིས།།
དྲིས་ལན་དྲང་བོར་འདེབས་པ་ང་ཡི་སྲོལ།།
རྗེས་ཀྱང་གང་དྲན་དྲིས་པའི་ལན་དེ་དག།
སེམས་ཀྱི་ཟབ་སར་འཛུལ་ནས་འབུལ་ངེས་ཡིན།།
བོད།ལྷ་ཀླུ་གཉན་གསུམ་ལགས།
དགའ་དང་བརྩེ་སོགས་གླེང་བའི་གཏམ་བཤད་དག།
བདེན་དོན་མེད་པའི་སྙོགས་བཤད་ཁོ་ན་ཏེ།
འདིའི་ཡི་ཚིག་དོན་ཇི་བཞིན་རྟོགས་ན་ཡང།
དགོས་པའི་ཡོན་ཏན་འགྲུབ་པ་རི་བོང་རྭ།།
བོད་ཕྲུག་ལགས།
ཁ་ནས་བཤད་པ་དོན་ལ་མི་གནས་ཤིང་།།
ལག་ནས་འཁྱོངས་པ་ཁ་ནས་མི་ཐོན་པའི།།
མི་ཡི་རིགས་འདི་བརྩེ་དུང་དགའ་བ་ལ།།
འཐིམ་ནས་ཡོད་པ་ནམ་ཡང་གསང་དུ་དཀའ།།
བོད་ཕྲུག་ལགས།
ཁྱེད་ཀྱིས་དེ་ལྟར་ཤོད་ཨེ་ཕོད།
ངས་བསམ་ན་མི་ཡི་རིན་ཐང་ནི་བརྩེ་དུང་གིས་མཚོན་པར་བསམ་ཡོད།
དེ་ཡང་ཡིན་ཏེ་བརྩེ་དུང་མེད་པའི་མི་ཚེ་ནི།
ནམ་ཡང་སྟོང་སང་སང་དང་གྲང་ཤུར་ཤུར་ཞིག་མིན་ནམ།
བོད། ལྷ་ཀླུ་གཉན་གསུམ་ལགས།
ཁ་ནས་བཤད་པ་དོན་ལ་མི་གནས་ཤིང།
ལག་ནས་འཁྱོངས་བ་ཁ་ནས་མི་ཐོན་པ།
འཇིག་རྟེན་མི་ཡི་གཤིས་ཀ་ཡིན་མོད་ཀྱང།
བརྩེ་གཏམ་སྙོག་བསད་མིན་པ་སུ་འདོད།
དགའ་བ་དང་བརྩེ་དུང་སོགས་ཅི་ལྟར་བཤད་ཀྱང་མཐར་དེད་ན་འདོད་ཆགས་ཀྱི་རྒྱ་ལས་འགོང་པ་ཞིག་མི་འདུག
དོལ་སྨྱོན་ལགས།
དེ་བཤད་མི་ཕོད་ཡ་གས་ཡོད་མ་རེད། དཔེར་ན། ཀུན་གྱིས་སྡུག་བསྔལ་དོར་བྱ་ཡིན་པ་ཤེས་ཀྱི་རེད་མ་ཟད་སྡུག་བསྔལ་དོན་དུ་ལེན་མཁན་སུ་ཡོད།
ཡིན་ན་ཡང་རང་བཞིན་ཤུགས་ཀྱིས་འབྱུང་ཡོང་གི་ཡོད་རེད། བརྩེ་དུང་ནི་དེ་ལྟ་བུ་རེད།
ཕུར་བ་སྐྱབས་ལགས། འདོད་ཆགས་ཟེར་ན་མིང་ཞིག་ཡིན། དགའ་བ་ཟེར་ན་ཡང་མིང་ཞིག་ཡིན། བརྩེ་དུང་ཟེར་ན་ཡང་མིང་ཞིག་ཡིན། དེ་གསུམ་ལ་མིང་གི་རྣམ་གྲངས་ཡིན་པར་མ་འདོད། དོན་ལ་མི་འདྲ་བ་མང་བོ་ཡོད་ལགས། དེ་ནས་ཉིད་ཀྱིས་སོགས་སྒྲའི་ནང་དུ་གང་ཡོད་ངས་ཤེས་མ་སོང་།
བོད་ཕྲུག་གམ། འདོད་རྒྱལ་ལགས། ཉིད་ནས་བདག་གི་ཚིག་ཕྲེང་གསུམ་སྤྱར་ཟློས་བྱས་ཀྱང་ཚིག་རྐང་བཞི་བ་དེ་ཉིད་ནས་བྲིས་འདུག་ན་ཡང་། དོན་མི་གོ་བ་ཞིག་རེད་འདུག གསལ་འབྲེལ་འདྲ་ཡོད་ན་འབྲི་རོགས་ཞུ།
ཁྱོད་ནི་ཁྲོན་པའི་སྦལ་པ་དང་འདྲ་ལ་་་་་་་་་་་་་་་་་་་་་་་་་
རྒྱ་མཚོའི་ནང་དུ་སླེབས་ན་ག་རེ་གནང་གི་ཡིན་ནམ་་་་་་་་་་་་འཇིག་རྟེན་འདིའི་ནང་དུ་ཁྱོད་དང་འདྲ་བ་ཤིན་ཏུ་མང་ཡང་ཁྱོད་ནང་བཞིན་སྡུག་བསྔལ་དང་སྐྱོ་གདུང་བཅོས་ཐབས་ཀྱི་ལམ་བཙལ་ཡག་གི་བསམ་བློ་མེད་པ་གང་འདྲ་རེད་དམ་་་་་་་་་་་་་་་་་་་་་་་་་་་ཨ་ཙི་་་་་་་་་་་་
ཨར་ནག་ལགས།
ང་ནི་ཁྲོམ་པའི་ནང་གི་རལ་བ་དང་འདྲ་བར་ཉིད་ནས་མཐོང་གི་ཡོད་ཀྱང་མི་སྐྱོན་ལགས། ང་རང་རྒྱ་མཚོའི་ནང་དུ་ལྷུང་ནས་བསྐྱལ་ཐུབ་མྱོང་མཁན་ཞིག་ཡིན། ང་ནི་ནམ་ཡང་རྒྱ་མཚོ་ལ་ལྷུང་བར་འཇུག་མ་མྱོང་ལ། ལྷུང་བས་མ་ཚད་དེ་ཡི་སྐོར་ནས་མྱོང་བ་ཡང་གང་ཙམ་ཞིག་ཐོབ་པར་ཉིད་ལ་ཁས་ལེན་བྱེད་ཆོག རེད་དེ། ཉིད་ལ་འདྲི་འདོད་པའི་སྐད་ཆ་གང་ཡོད་ཞིབ་དུ་དྲིས་ཤིག་དང་བདག་གིས་ཀྱང་རང་ཉིད་ཀྱི་ཉམ་མྱོང་ལས་བཞུར་བའི་མངར་སྐྱུར་གྱི་རོ་སོགས་ཉིད་ཀྱི་གཙོ་བའི་དྲ་ཐོག་གི་སྤུན་ཟླ་དག་ལ་སྤ་གསང་མེད་ལན་འདེབས་པར་གྲྭ་སྒྲིག་ཡིན།
བཅོས་ཐབས་ཀྱི་སྐོར་ནས་ཀྱང་ང་ལ་གང་ཙམ་ཞིག་ཞུ་རྒྱུ་ཡོད་ངེས་ཡིན། ཉིད་ལ་ག་རེ་སྐོར་ནས་བརྩེ་དུང་། དགའ་བ། དྲན་གདུང་། འདོད་ཆགས་དེ་དག་གི་ཁྲོད་ནས་གང་གི་མནར་ནས་ཡོད་དམ།
ཁྲོན་པའི་ནང་གི་སྤལ་བ
ལྷ་ཀླུ་གཉན་གསུམ་ལགས
འཇིག་རྟེན་ཞི་བདེའི་ནང་དུ
འགྲོ་བ་རིག་དྲུག་ཐམས་ཅད
སྡུག་བསྔལ་མེད་པ་སུ་ཞིག
སྡུག་མྱོང་འདྲ་མིན་ཡོད་ཀྱང
ཁྱོད་ལ་འཕྲད་པའི་སྡུག་བསྔལ
སྡུག་བསྔལ་ནང་ནས་ཕྲ་མོ
ཕྲ་མོའི་ནང་ནས་ཕྲ་མོ
ཁྱོད་ཀྱི་ཆེན་པོ་བཟོས་ནས
ང་དང་མཉམ་དུ་འགྲན་ན
ཉིད་ཀྱི་ཁྱོད་ལ་ཞུས་ཆོག
བརྩེ་དུང་དགའ་བ་དྲན་གདུང
གུས་ལ་དྲན་པའི་དུས་མེད
སྡུག་བསྔལ་སྤྲོད་སའི་གཞི་རེད
སྙིང་ལ་ན་ཚ་མེད་དུས
ན་ཚ་སྤྲད་མཁན་གཞི་རེད་
ཁྱོད་ཀྱི་མྱོང་བའི་མངར་སྐྱུར
ནུས་པ་གང་འདྲ་འདུག་གམ
ཚར་བའི་སྡུག་གཏམ་དེ་ཚོ
ལོག་ཤོ་བརྗོད་རྒྱུ་ག་ན
དེ་ལས་འགྱུར་བཅོས་བཏང་ནས
རྒྱ་མཚོའི་གྲོང་ལ་སྡོད་དོ།།
ཨར་ནག་ལགས།
ང་ཡི་སྡུག་བསྔལ་ང་ཡིས་བཟོས།།
སེམས་ཀྱི་སྐྱིད་སྡུག་ང་དང་འབྲེལ།།
ལས་དང་འཁོར་ཚུལ་ངས་མ་བཏུལ།།
རིགས་དང་རུས་པ་གཞན་ལ་ཤོར།།
ད་ནི་འགྱོད་ཀྱང་ཕན་མེད་ཡིན།།
སེམས་དང་བསམ་པ་དུངས་ས་ཡི།།
སྙིང་གི་དགའ་མ་བོད་ལ་ཕྱིན།།
ལུས་དང་གྲིབ་མ་སོ་སོ་ཆགས།།
ཉིད་ནས་ང་ཡི་སྡུག་བསྔལ་ཆེ་ཆུང་གསུངས།།
བདག་གིས་ང་ཡི་སེམས་སྡུག་ཆེ་ཆུང་སྐོར།།
སྔར་ཡང་མ་ཤེས་ད་ཡང་མ་རྙེད་པར།།
ཚོར་བའི་ལྕི་ཚུལ་ཡི་གེར་བཏབས་པ་ཡིན།།
དེ་ཡིས་ཉིད་ལ་སེམས་དུག་འཕོག་ཡོད་ཚེ།།
དགོངས་ཤིང་དག་པར་མཛོད་ཅིག་རིགས་གཅིག་བུ།།
ས་ཡི་ཁ་ཐག་ཅི་ཙམ་ཡོད་མེད་དང་།།
ཕན་ཚུན་ཤེས་མིན་དེ་ནི་གལ་མི་ཆེ།།
ཡིན་ཡང་ཉིད་རང་བདག་ལ་རྒྱུས་ཡོད་ཅིག།
སྐད་ཆའི་བཤད་མཚམས་རེ་ནས་ཤེས་དེ་འོང་།།
གང་ལྟར་ཉིད་ཀྱིས་གསུངས་པའི་བསླབ་ཚིག་དག།
གུས་པས་དགའ་ཞིང་མོས་པའི་དང་དུ་ལེན།།
རྗེས་ཀྱང་བསམ་ཚུལ་གང་ཡོད་ལྷུག་པོར་གནོང་།།
སེམས་ཀྱི་འདུས་བྱས་ཐམས་ཅད་ཡི་གེར་བཏགས།།
དེ་འདྲ་དེ་ཡི་ལས་སུ་འབད་འབུངས་ཁྲོད།།
འུ་ཅག་ཡང་ཡང་མཇལ་བར་རེ་བ་ཡོད།།
བརྩེ་དུང་གི་གཏམ་དེ་ཉིད་གླེང་འགོ་ཚུགས་པ་ནས་བཟུང་དེའི་ཐོག་བསམ་ཚུལ་ཅི་རིགས་ཤིག་སྤེལ་བཞིན་འདུག་པ་རྣམས་ཀློག་དུས་གུས་སེམས་ཁམས་སུ་བརྗོད་མི་ཤེས་པའི་ན་ཟུག་གམ་མི་བདེ་བའི་ཚོར་སྣང་ཞིག་དགའ་སྤྲོས་ངང་ནས་ཡོང་བཞིན་པར་ཚང་མར་ཐུགས་རྗེ་ཆེ།
བདག་གི་བསམ་ཚུལ་ལ། ཟློག་པ་རྒྱག་པར་ལག་པ་གཉིས་ཀ་དགོས་པ་ལས་ལག་པ་གཅིག་གིས་ཟློག་པ་རྒྱག་ཐབས་བྲལ། སྡུག་བསྔལ་རྒྱ་མཚོ་ལ་མཐའ་མེད་པ་ཡིན་པས་དེ་ལས་ཁ་ཕྱིར་འཁོར་བཞག་ན་ཁྱོད་ལ་དབང་བའི་བདེ་སྐྱིད་ཀྱི་གླིང་ག་ཞིག་ཅེས་ཀྱང་ཡོད་ངེས།
བརྩེ་དུང་གིས་གསོད་ཀྱིན་པའི་མི་མཐོང་ཨེ་མྱོང་། མ་མྱོང་ན་ང་ཡིན། ང་མིས་མི་མཐོང་ས་ནས་ཧ་ཅང་གདུག་རྩུབ་ཀྱིས་ཧ་ཅང་མཐོང་ཆུང་གིས་་་་་་་་་་་་་་་་་་
ཡིད་མི་ཆེས་ན་རྒྱུས་ལོན་ཞིག་བྱོས་་་་་་
གངས་དཀར་རྒྱལ་སྲས་ལགས། ཉིད་ནས་རང་ཉིད་བརྩེ་དུང་གི་གསོད་ཀྱིན་པའི་སྐོར་ནས་ཤིག་དྲ་བ་འདི་རྒྱུད་དེ་རིགས་གཅིག་པའི་སྤུན་ཟླ་དག་གི་མིག་མདུན་དུ་སྤུངས་དང་། ད་གཟོད་ང་ཚོས་དེ་ལ་བསམ་ཚུལ་སྤུངས་ཆོག་གི་རེད། ཐོག་མར་ཉིད་ནས་ངོ་སྤྲོད་གསལ་བོ་ཞིག་བྱེད་དགོས་སོ།
གང་ལྟར་འདིར་ཟིན་བྲིས་ནང་དུ་བསམ་ཚུལ་འདོན་མཁན་གང་མང་ཞིག་བརྩེ་དུང་གི་རྒྱ་ནང་དུ་ཚུད་མ་མྱུང་མཁན་ཞིག་ལས་བརྩེ་དུང་གི་དྲ་བར་ཚུད་མཁན་གངས་དཀར་རྒྱལ་སྲས་ནས་གཞན་ཚོ་དེ་སྐོར་ལེགས་ཆ་ཞིག་ཡོད་ངོ་མ་མཐོང་མ་སོང་ཡ།
།བརྩེ་དུང་ལྐུགས་པ་བཅངས་ན་དུག་ཆེན་ཉིད། །ཤི་དང་གསོན་ལ་ཁྱད་མེད་སྨྱོན་པའི་ཟླ།
།སྤྱང་པོའི་བརྩེ་དུང་རིན་ཆེན་གཏེར་གྱི་མཛོད། །འདོད་པའི་རེ་བ་ཡོངས་སྐོང་གཏན་བདེའི་གཞི།