ཐོད་འབུར་མ།
དོ་ནུབ་སྟེ། ངའི་སྙིང་ཉེ་མ་ཞིག་གི་སེམས་གཏམ་ལ་གཡེངས་ནས་ནམ་ཕྱེད་ཙམ་ལུས་སོང་། ཁ་བ་བུ་ཡུག་གི་འུར་སྒྲ་དང་ལྷན་དུ་འདར་སིག་སིག་གི་ཁོ་མོའི་ངུ་སྒྲ་དེ་ཐོས་དུས། སྐབས་ཤིག་རིང་ངའི་སེམས་སུ་བཀྲ་མ་ཤིས་པའི་གནད་དོན་ཅི་ཞིག་བྱུང་ཡོད་མེད་མ་ཤེས་རུང་སེམས་ཀྱི་འཆར་སྣང་དྲི་བས་ཡོམ་ནས་སོང་།
དེ་མ་ཐག་ངས་ཁོ་མོར་སེམས་གསོའི་ཚུལ་དུ་དྲི་བ་འགའ་དྲིས། ཕ་མ་གཉིས་ལ་གནད་དོན་འདྲ་བྱུང་སོང་ངམ། སྤུན་ཉེ་ཚོ་བདེ་མོ་ཡིན་ནམ། ཁྱེད་རང་ན་ཡི་འདུག་གམ་སོགས་དྲི་བ་གཅིག་རྗེས་གཉིས་མཐུད་དུ་དྲིས་པས། ཁོ་མོས་སེམས་སྡུག་གིས་མནར་བའི་ངུ་སྐད་ཁྲོད་ནས་ཚང་མ་བདེ་མོ་ཡིན། ཟེར་བ་ཐོས། སྐབས་དེ་དུས་ང་ཅུང་བློ་སེམས་བདེ་བས། དེ་ན་ཅི་ཞིག་གི་དོན་དུ་སེམས་མ་སྐྱིད་པ་ཡིན་པ་ཤེས་འདོད་ལྷག་ཏུ་ཆེ་བའི་སྐབས་དེར། ཁོ་མོའི་ངུ་སྐད་དེ་ཅུང་འཇམ་ནས། ང་སེམས་པ་སྐྱིད་པོ་མི་འདུག་ཟེར། ཚིག་དེ་གོ་དུས་ངས་དྲི་བ་གཞན་ཞིག་གཏོང་རྒྱུ་ལུས་སོང་བ་དྲན།ངས་ཁོ་མོར། ཁྱེད་ཉིད་ཀྱི་བརྩེ་དུང་ལ་བར་ཆད་བྱུང་སོང་ངམ་ཞེས་དྲིས།
ཡང་ཁོ་མོའི་ངུ་སྐད་དེ་ན་ཟུག་གིས་མནར་བའི་ནད་པ་ལྟར་ཇེ་ཆེར་གྱུར་པས། ང་ཅི་བྱ་གཏོལ་མེད་ངང་གནས། དེ་ནས་ཅུང་ཙམ་ནས་ཁོ་མོས་ང་ལ་གསུང་དོན། བརྩེ་དུང་གི་འཁྲུལ་སྣང་ལ་ཆེས་དང་པོ་གོམ་ཁ་ཕྱོགས་པའི་དུས་སུ། བརྩེ་དུང་ནི་མཛེས་སྡུག་ལྡན་ལ། བརྩེ་གྲོགས་ནི་སྙིང་གི་ཡ་གྲོགས་ཁོ་ན་ཡིན་པར་སྣང་། དེ་དུས་ཀྱི་ཚོར་བ་དང་འཆར་སྣང་ལ་སུ་ཞིག་གིས་སྟངས་འཛིན་རེ་བྱེད་ཚེ། མི་དེར་སྡང་སེམས་བཅང་བ་དང་ལམ་སྟོན་གྱི་བསླབ་གདམས་ལ་གོ་རྟོགས་ཀྱི་ནུས་པ་མེད་པ་གྱུར་སོང་ཟེར།
ད་ལྟ་འགྱོད་པའི་སེམས་ཀྱི་གདུང་བ་དེ་མ་བཟོད་པ་མིག་ཆུ་དང་ལྷན་དུ་མངོན་པ་དང་རྒྱང་རིང་གིས་ང་ལ་སྙིང་གཏམ་ཡིད་སེམས་སྐྱོ་བ་རེ་བཤད་ཡོང་དུས། ངས་དངོས་གནས་ཅི་ཞིག་བྱེད་དགོས་ཤེས་མ་བྱུང་། ངས་ཁོ་མོར། དོ་ནུབ་ཀྱི་གནད་དོན་སང་ཞོགས་ཀྱི་འདས་དོན་ཙམ་ཡིན་པས་སེམས་སུ་འཛིན་རེ་མེད་ཅེས་ཞུས། གཅིག་བྱས་ན་ངའི་སྐད་ཆ་འདི་དུས་ལ་མཁོ་བའི་སེམས་གསོའི་སྐད་ཆ་ཚད་ལྡན་ཞིག་རྩ་བ་ནས་ཡིན་མི་སྲིད། རྒྱུ་མཚན་ནི། ངས་ཁོ་མོའི་སེམས་སྡུག་དང་ཚོར་བ་ཇི་བཞིན་མྱོང་ཐབས་བྲལ། འོན་ཀྱང་།ངས་གང་ཐུབ་ཅི་ཐུབ་ཀྱིས་ཁོ་མོར་སེམས་གསོ་དང་སེམས་ཀྱི་རྡོག་ཁྲེས་གུ་ཡངས་ཡོང་ཐབས་བྱས།
མཐའ་མཇུག་ངེད་གཉིས་བར་གླེང་མོལ་ལྷུག་པོ་ཞིག་བྱུང་བའི་རྗེས། སྐྱོ་སྣང་དང་མྱོང་ཚོར་གྱི་སྐད་གདངས་ནས། ཁོ་མོས་ང་ལ་གསུང་དོན། ད་ལྟ་ཁྱེད་ལ་ཡོད་པ་ནི་འདམ་ཁ་ཡིན་པས། མི་ཚེའི་ནང་བརྩེ་དུང་ལ་འཁྲུལ་སྣང་ཁོ་ནས་རང་ཉིད་ཀྱི་སྙིང་ཉེ་བའི་ཕ་མ་ལ་ཕོག་ཐུག་འགྲོ་བའི་ལས་ཀ་བྱེད་མི་རུང་པ་མ་ཟད་སོ་སོའི་བྱ་བཞག་བློས་གཏོང་གི་གྱོང་གུད་ཕོག་པ་བྱེད་མི་རུང་ཞེས་གསུངས་བྱུང་།
དེ་ལྟར་ངས་མོ་རང་ལ་སེམས་གསོ་ཅུང་ཐུབ་པས། ངེད་གཉིས་སྐད་ཆ་དེ་ཙམ་གྱིས་འཐུས་པར་བྱས།
ཨ་ཁ། བརྩེ་དུང་གི་ཚོར་བ་འདི་ཡ་མཚན་ཆེ་བར་མཐོང་བཞིན་འདི་ལྟར་བྲིས་པ་ཡིན།
2018.11.28