དགའ་བ་མཇེ་ཕྲུག་ནས།
ཤ་དང་རུས་པའི་བརྩེ་དུང་ལྡན་པའི།།
སྙིང་སྡུག་སྙིང་གི་མེ་ཏོག་ངེད་གཉིས།།
ཆུ་མོ་གང་གྭའི་མགྲོན་ཁང་ཞིག་ལ།།
གནམ་ལོ་གསར་པའི་རྟེན་འབྲེལ་བྱུང་སོང་།།
ལུས་གཉིས་འཁྱུད་ཅིང་ལག་གཉིས་སྦྲེལ་ནས།།
ལོ་ཟླ་གསར་པའི་བསུ་ཆང་འཐུང་ཡིན།།
དགའ་བ་སྟོང་གིས་སེམས་པ་མྱོས་ཏེ།།
སྤྲོ་བ་འབུམ་གྱིས་བྲོ་ཞིག་འཁྲབས་ཡོད།།
ཆུ་མོ་གང་གྭ་བཞུད་ཚུལ་དལ་དུས།།
ཉ་མོ་ངེད་གཉིས་གཤིབ་ལུགས་ལྷོད་དུས།།
ས་གནམ་མུ་མེད་ལྷིང་དུ་འཇགས་དུས།།
ཉ་མོའི་ལྡེམ་མཉེན་སྔར་ལས་མྱུར་སོང་།།
ལྷགས་རླུང་གྲང་མོ་ལུས་ལ་ཕོག་ཅིང་།།
འདོད་ཆགས་བཙན་པོ་ཁོག་ལ་རྒྱས་དུས།།
འཇིག་རྟེན་ཕོ་མོའི་ཞབས་བྲོའི་གར་སྟེགས།།
གནས་ཆུ་གང་གྭའི་རྦ་རླབས་གྱུར་སོང་།།
གནམ་ལོ་གསར་པའི་སྐལ་བཟང་རོལ་ཡིན།།
ལོ་ཟླ་གསར་པའི་སྟ་གོན་བཟང་སོང་།།
མ་འཆི་ནད་མེད་ཡོང་རོགས་བྱེད་ན།།
ལོ་འདིར་བདེ་སྐྱིད་ཡོངས་སུ་གཏམས་འགྲོ །
༄༅། བཅུ་ཕྲག་རིག་གཞུང་འོ་མཚོ། ཕངས་མེད་སྙིང་ལ་རྩལ་ཞིང།
སེམས་ཉིད་རང་ངོ་གནང་བའི། དྲིན་ཆེན་བླ་མ་ཁྱེད་ཡིན།
ཀུན་འབྱུང་དཔག་བསམ་ལྗོན་པས།འདོད་དགུ་ཚར་དུ་སྙིལ་ཡང།
འགྱུར་མེད་གཏན་བདེ་སྟེར་ནཁན་། ཡིད་བཞིན་ནོར་བུ་ཁ ྱེད་ཡིན།
བོད་ལོ་བསུ་སྟངས།
ཚེས་པ་དང་པོར་བླ་ལྷ་མཇལ་ཡིན། །
ཚེས་པ་གཉིས་པར་གཉེན་གྲོགས་ཐུག་སོང་། །
ཚེས་པ་གསུམ་པར་བསང་གསོལ་གོར་གཞས། །
དེ་དུས་མཛེས་མས་ལག་འཆང་གནང་བྱུང་། །
ཀརྡོའི་རང་རྩོམ།
བོད་ཀྱི་ལོ་གསར་།
ཚེས་གཅིག་བླ་མའི་ལོ་གསར་ལ་།
བླ་མ་བཟང་པོ་མཇལ་ལ་སྤྲོ་།
ཚེས་གཉིས་དཔོན་པོའི་ལོ་གསར་ལ་།
འགོ་འདྲེན་དཔོན་པོ་མཇལ་ལ་སྤྲོ་།
ཚེས་གསུམ་འབངས་ཀྱི་ལོ་གསར་ལ་།
འབངས་མི་མང་གླུ་དང་ཆང་གི་བསུ་།
བོད་སྲིད་པ་ཆགས་པའི་ལོ་གསར་རེད་།
ཕ་ཨ་གུ་འཛོམས་པའི་ལོ་གསར་རེད་།
མ་བསུ་མོ་འཛོམས་པའི་ལོ་གསར་རེད་།
རྒྱུད་བུ་ཕྲུག་འཛོམས་པའི་ལོ་གསར་རེད་།