མགལ་དུམ།
ཕན་ཚུན་གསལ་ཆ་སྤུ་ཙམ་མེད་དུས་སུ།།
བཙན་དང་དབང་ཡོད་འཇིགས་སྐུལ་མ་ཡིན་པར།།
དགོད་སྒྲ་འཛུམ་འཛུམ་ཁྲོད་ནས་མཇལ་བ་ཡིན།།
ཐུག་འཕྲད་ནོར་བ་ཡོད་ན་ཁྲིམས་ལ་གཏུགས།།
སྣང་བར་འགྲོ་བའི་སྐད་ཆས་འགོ་བརྩམས་ཤིང་།།
ཡིད་ལ་ཟུག་པའི་མིག་བརྡས་མཇུག་སྐྱོང་བཞིན།།
སྐེ་ལ་འཐམ་བཞིན་འཐམ་བཞིན་འཁྱུད་པ་ཡིན།།
འཐམ་འཁྱུད་ནོར་བ་ཡོད་ན་ཁྲིམས་ལ་གཏུགས།།
ལོ་ཟླའི་གོ་རིམ་ཇི་ལྟར་འདས་པ་བཞིན།།
ཉིན་མཚན་གང་ཁོམ་སྙིང་གཏམ་གློད་པ་ཡིན།།
འཛོམས་དུས་འཇིབ་ཅིང་སྟོབས་ཀྱིས་ལྡག་པ་ཡིན།།
འཇིབ་ལྡག་ནོར་བ་ཡོད་ན་ཁྲིམས་ལ་གཏུགས།།
དྲན་པའི་ན་ཟུག་ཡིད་ཀྱིས་མྱོང་བཞིན་དུ།།
ང་དགའ་ཁྱོད་དགའི་སེམས་གཏམ་བརྗོད་པ་ཡིན།།
གསང་བ་བཤད་ཅིང་མི་ཚེ་གླེང་བ་ཡིན།།
དགའ་བ་ནོར་བ་ཡིན་ན་ཁྲིམས་ལ་གཏུགས།།
ཚོར་བས་ཚོར་བ་ཇི་ཙམ་སྐུལ་གྱུར་ན།།
སྙན་ངག་བྲིས་ཤིང་འཕྲིན་ཡིག་བསྐུར་བ་ཡིན།།
དགའ་ཚུལ་དུང་ཚུལ་ཡི་གེར་མ་ཕབ་མེད།།
བྲིས་པ་ནོར་བ་ཡིན་ན་ཁྲིམས་ལ་གཏུགས།།
མི་ཁའི་རླུང་འཚུབ་དྲག་པོར་གཡུག་ནའང་།།
ཕྲག་དོག་དུག་གིས་བར་ཆད་བྱས་ན་རུང་།།
རང་ཚུགས་མ་ཤོར་སྙིང་ཆུང་གླན་པ་ཡིན།།
ཕྱི་ཐག་ནོར་བ་ཡིན་ན་ཁྲིམས་ལ་གཏུགས།།
ཡིད་ཆེས་བསམ་ཤེས་གྱིས་ཞེས་མ་སྐུལ་བར།།
གུ་ཡངས་བློ་ཡིས་ཕན་ཚུན་སྐྱོང་བ་ཡིན།།
གློ་བས་མཆིན་པ་འཇུས་ཏེ་གཅེས་པ་ཡིན།།
མཛའ་མཐུན་ནོར་བ་ཡིན་ན་ཁྲིམས་ལ་གཏུགས། །
གོ་ལའི་འཁོར་བསྐྱོད་ཅི་ཙམ་གཟུར་ན་ཡང་།།
དུས་བཅད་བྱས་ཏེ་ཡང་ཡང་འཛོམས་པ་ཡིན།།
ལྷོད་ལྷོད་འཆམ་ཞིང་སྐྱིད་ལ་རོལ་བ་ཡིན།།
འཛོམས་པ་ནོར་བ་ཡིན་ན་ཁྲིམས་ལ་གཏུགས།།
འདོད་པའི་སྒྱུ་རྩལ་གང་ཞིག་ཤེས་པ་དག །
རྒྱ་མཚོའི་འགྲམ་དང་ཁང་ཁྱིམ་ལ་སོགས་ནས།།
མ་ལུས་ལག་ལེན་ཡོད་ཚད་བྱས་པ་ཡིན།།
འཁྲུག་སྤྱོད་ནོར་བ་ཡིན་ན་ཁྲིམས་ལ་གཏུགས། །
མཛུབ་དཀྲིས་མ་གོན་དམ་བཅའ་མ་བཞག་པར།།
ཕན་ཚུན་ཇི་དགའ་གང་དགའ་རང་འཐད་ཡིན།།
མ་མཐུན་ཁ་ཁ་སོང་ཡང་རང་དབང་ཡིན།།
བརྩེ་དུང་ནོར་བ་ཡིན་ན་ཁྲིམས་ལ་གཏུགས།།
མགལ་དུམ་ནས་རྩོམ་སྙན་པོ་ཞིག་བྲིས་གནང་འདུག་པ་་་་བཀྲིས་བདེ་ལེགས་ཡོད།
ངས་ཀྱང་དེ་བཞིན་ཞིག་འབྲིའོ་སྙམ་ཡང་འཇིག་རྟེན་འཚོ་རྟེན་ལ་བརྟེན་ནས་དུས་ཚོད་
མི་རག་ ད་ཅི་བྱེད།
ཁྱོད་རང་མི་རིགས་ཀྱི་སྐད་ཡིག་ཡག་པོ་སྦྱངས་འདུག་ བསྟོད་བསྔགས་ཡོད།