དཔལ་གློ་བོ་རྒྱལ།
ཟླ་གཉིས་སྤྱི་ཚེས་བཅུ་བཞི་ཉིན་དེ།།
ཐར་འདོད་བན་དེའི་བསམ་པ་གཙང་ན།།
འཁོར་བའི་སྡུག་རྩ་འཕེལ་བའི་ཉིན་ཞིག།
ཐེ་ཚོམ་མེད་པར་བསམ་འོས་དྲན་སོང་།།
བསམ་རྒྱུ་མང་བའི་རྐང་གཉིས་དག་གིས།།
ལད་ཟློས་བྱེད་ལ་བྲེལ་འཚུབ་ངང་ནས།།
བརྩེ་དྲན་ཉིན་མོ་དྲན་པའི་སྣང་ཚུལ།།
མིག་ལ་མཛེས་པ་རྩ་ནས་མ་མཐོང་།།
ཤེས་རིག་སྣ་ཚོགས་སྦྱངས་ནས་འདས་ཀྱང་།།
ནང་དོན་ངོ་མ་རང་གིས་མ་ཤེས།།
གཞན་སྒྲོས་རྗེས་རྒྱུགས་ངོ་མཚར་འཛིན་མཁན།།
དེ་འདྲའི་རིགས་ཀྱི་གཤིས་ཀ་མི་དགོས།།
ལོ་སར་དུས་ཆེན་སླེབས་གྲབས་ཡོད་པས།།
དེ་ལ་སེམས་ནས་དགའ་སྡུག་ཚོར་བ།།
བརྗོད་པའི་སྐད་ཅིག་ངེད་ཚོར་ཡོད་ཆོག །
དེ་རིང་སྨྲ་བརྗོད་དགོས་པ་མེད་ལགས།།
ཕ་མེས་མཛད་རྗེས་ཡིད་ལ་མ་འཆར།།
མ་འོངས་བདེ་སྐྱིད་རང་གིས་མ་ཤེས།།
ཧོལ་རྒྱུགས་རྗེས་ནས་རང་མཚང་བསྟན་པ།།
འུ་ཅག་མི་རིགས་འདི་ལ་མི་དགོས།།
ལས་འབྲས་ཡོད་པའི་ཕུ་ནུ་མིང་སྲིང་།།
བརྩེ་བས་མ་སྐྱོང་དེ་རིང་ཉིན་མོར།།
ཇི་ཙམ་གཏམ་སྙན་བཤད་ནས་བྲིས་ཀྱང་།
ཕན་ཐོགས་མེད་པར་སེམས་ཁྲལ་འཕར་མ།།
ཚེ་འདིར་དྲིན་སྐྱོང་ལོ་རྒྱུས་ཞིག་དང་།།
མ་འོངས་ཕན་ཐོགས་གདེང་ཚོད་ཡེ་མེད།།
གཞན་རྣམས་བསླུ་ཕྱིར་བཟོས་པའི་དུས་སྟོན།།
ཉིན་དེ་ཡིན་པས་ངེད་ཚོར་མི་དགོས།།
རྨི་ལམ་མཛའ་མོ་མདུན་ལམ་སླེབས་ནས།།
རེ་བ་འཇའ་འོད་མཛེས་པར་སྣང་ཀྱང་།།
བཟུང་ནུས་བྲལ་བའི་བརྩེ་བའི་ཚིག་གིས།།
འབོད་ལན་བསྟོད་སྨད་སྙིང་པོར་མེད་གཤིས།།
ཡུན་རིང་དཀའ་སྤྱད་བྱེད་པའི་དུས་དེར།།
རྨ་ཁ་སྟོབས་པའི་སྟ་གོན་གཤམས་ཉིན།།
སློབ་གསོའི་རིན་ཐང་འཚོལ་བའི་གེགས་བྱེད།།
ན་གཞོན་རྣམས་ལ་ནམ་ཡང་མི་དགོས།།
བླུན་པོ་རྣམས་ཀྱང་རྨོངས་ནས་འཇུག་ཅིང་།།
མཁས་རློམ་དག་གིས་ཉམས་ཀྱིས་འཇུག་ཅིང་།།
བར་གནས་མཁས་བླུན་རྗེས་སུ་འབྲང་ནས།།
ཕུང་བར་བྱེད་པའི་དུས་སྟོན་མི་དགོས།།
དེ་འདྲའི་དུས་ཆེན་སྲུང་བརྩི་བྱས་ནས།།
ཚེ་འདིར་དལ་རྟེན་སྙིང་པོ་ཡོད་མེད།།
མཁས་པའི་མིང་བྱང་སེམས་ལ་བཟུང་ནས།།
རང་ལ་བསྟེན་པའི་དམངས་ཀྱི་དགའ་སྡུག །
སྨྱུག་རྩེས་ཤོག་བུར་གསལ་བར་ནུས་རྣམས།།
རང་འགན་བཟུང་ནས་བསམ་ན་ལོས་ཤེས།།
ཤེས་པ་ཙམ་མིན་སྒེར་ཚུགས་འདུ་ཤེས།།
རང་གཞན་ཕན་གནོད་དཔྱད་པ་བྱས་ནས།།
སྟངས་འཛིན་དགོས་མིན་ཡང་དུ་བསམ་ནས།།
བདག་གིས་བཤད་པར་མནོ་བསམ་བགྱིས་ཤོག །
འདི་བྲིས་དགོས་པ་ནི་འཛམ་གླིང་བརྩེ་དྲན་ཉིན་མོ་སོགས་མིང་བྱང་སྣ་ཚོགས་བེད་སྤྱད་ནས་༼སྤྱི་ཟླ་༢ པའི་ཚེས་༡༤༽སྲུང་བརྩི་བྱེད་མཁན་མང་ཞིང་། འོན་ཀྱང་དེ་དག་གིས་དེ་རིང་གི་ཉིན་མོའི་བྱུང་སྟངས་དང་། དེའི་རྒྱབ་ལྗོངས་ལ་མ་བསམ་པར་ཧོལ་རྒྱུགས་བྱས་ནས་འདི་ལྟར་བྱེད་ན་མ་འོངས་པའི་ཁ་ཕྱོགས་ཇི་འདྲ་ཞིག་བཟུང་གི་ཡོད་པ་ཤེས་ཚོད་དཀའ་བ་དང་། མི་རབས་ཕྱི་མ་ལ་ཤན་ག་འདྲ་ཞིག་བཞག་ན་བསམ་པའི་སེམས་ཚོར་སྐྲེན་པོ་བྱུང་ཞིང་། མི་བུ་རྣམས་ཀྱི་འགན་ཁུར་གྱི་གནས་སྟངས་ལ་བསམ་ནས་དཔལ་གློ་བོ་རྒྱལ་གྱིས་བྲིས་པ་ཡིན།།
རྫུན་བཤད་ཡ་དུས་དྲན་གཟའ་སྤེན་པ་དེ་དང་། ཡང་། དགའ་ཉེ་སྒྲིག་པའི་ཉིན་མོ་གཉིས་པོ་འདི་ནི། བོད་ཆོས་ལྡན་གྱི་མི་རིགས་ལ། དགོས་པ་མི་འདུག འདི་ནི་ཕྱི་རྒྱལ་ཀླ་ཀློའི་ལུགས་སྲོལ་ལ། ངོས་འཛིན་བྱེད་བཞིན་ཡོད་དོ།། །།