བདེ་པོ་འཚོས།
ཡངས་ཤིང་རྒྱ་ཆེ་བའི་གོ་ལ་ཟླུམ་པོ་འདིར། ན་གཞོན་གྱི་ལང་ཚོ་དར་ལ་བབ་པའི་སྐྱེ་བོ་གྲངས་ལས་འདས་ནའང་། སོ་སོའི་བསོད་ནམས་དང་དབང་ཐང་གིས་མི་ཚེའི་ཁ་ཕྱོགས་མི་གཅིག་པ་ནི་ཆོས་ཉིད་ཅིག་ཡིན་དུས། དེ་ལ་ཧང་སངས་དགོས་པ་ཞིག་ཁྱོན་ནས་མེད། ལ་ལ་ཞིག་ནི་ཆུ་བོ་རྒྱལ་མོ་རྔུལ་ཆུ་ལྟར་གང་ལ་བཞུར་ནའང་མདུན་ནས་འགོག་མཁན་མེད་ལ་རྒྱབ་ནས་འདེད་མཁན་ཡང་མེད་པར་རང་གི་འདོད་མོས་ལྟར་མི་ཚེའི་རིན་ཐང་གི་ཆེད་དུ་རྒྱུ་བར་བརྩོན། ཡང་ལ་ཤས་ཤིག་ནི་མཁྲེགས་ཤིང་རྙིང་བའི་གནའ་བོ་སྲོལ་རྒྱུན་གྱི་གྲི་ཁ་ནས་ཕམ་ཉེས་ཆེན་པོ་བྱུང་སྟེ། མི་ཚེ་ལ་སྙིང་པོ་ཡང་འདི་ལྟར་རྫོགས་དགོས་པའི་ངང་ཚུལ་ཡང་མང་པོ་ཞིག་མཐོང་ཆོས་སུ་ཡོད། འདི་ནི་སྙིང་རྗེ་བ་ཞིག་དང་ཡིད་མུག་པ་ཞིག་མ་ཡིན་ནམ།
རྒྱུ་མཚན་ནི། དུས་རབས་གསར་པའི་སྤྱི་ཚོགས་འདིར་མི་རིགས་ཕལ་མོ་ཆེ་བས་ཚིལ་དྲེགས་མཐུག་པའི་གོམས་གཤིས་རྙིང་རུལ་ཅན་ནི་དོར་ཟིན་ཡང་། རང་རེ་བོད་པའི་སྤྱི་ཚོགས་ནང་ད་དུང་དགོས་མེད་ཀྱི་སྲོལ་རྒྱུན་ངན་པའི་རིགས་འདི་གསོན་པོར་གནས་པ་ནི་ང་ཚོའི་གྱོང་གུད་དང་ང་ཚོའི་ཞན་ཆ་ཅི་ལ་མིན། དེར་བརྟེན། ངས་དེ་རིང་འདི་ནས་བདེན་པ་ཞིག་གི་སླད་དུ་སྨན་ཆུང་བུ་མོ་ཞིག་གི་མི་ཚེའི་མྱོང་བ་དངོས་གནས་པ་ཞིག་གླེང་ན་འདོད་པས། ཀློག་མཁན་ཚོས་བློ་གཟུར་བོར་གནས་ཏེ་དབྱེ་ཞིབ་གནང་རོགས་ཞེས་ཞུ་རྒྱུ་ཡིན།
སྤང་ལྗོངས་དང་ནགས་ཚལ་དཀོན་པའི་བོད་དབུས་ཁུལ་གྱི་གཞིས་རྩེར། དཔལ་འཛོམས་ཞེས་པའི་སྨན་ཤར་གཞོན་ནུ་མ་ཞིག་ཡོད་ལ། ཁོང་གི་སྐྱེས་གཟུགས་དང་ལང་ཚོ་དར་ལ་བབ་ཅིང་། གནག་སྣུམ་གྱི་སྐྲ་ལོ་རྒྱ་ལྕང་གི་ལོ་མ་བཞིན་རླུང་བུའི་རྒྱུ་ཕྱོགས་ཀྱིས་གཡོ་བར་བྱེད། ལྷ་ཟླ་དཀར་པོའི་མཛེས་ཉམས་སྐྱེངས་པར་བྱེད་པའི་སྐྱེས་འབྲས་མཚར་བའི་བཞིན་རས་ལས་བྱ་རྒོད་ཀྱི་གཤོག་སྒྲོ་བརྐྱངས་འདྲའི་སྨིན་མ་དང་། ཐོ་རེངས་སྐར་ཆེན་ལྟ་བུའི་མིག་འོད་འཚེར་འཚེར་དུ་ཡོད་པ། མེ་ཏོག་གི་བཞད་ཁ་གྲོལ་བ་ལྟ་བུའི་མཆུ་སྒྲོས་སོགས་ཆེས་ཡིད་དུ་འོངས་པ་ཞིག་སྟེ། ཕོ་བརྒྱའི་སེམས་པ་ཤོར་ས་དང་མོ་བརྒྱའི་སྙིང་རླུང་ལྡང་ས་ཞིག་ཡིན་ལ།
ཁོ་མོའི་སྐྱེས་ཡུལ་ཡང་གཞིས་ཀ་རྩེའི་ཁོངས་ཀྱི་གྲོང་གསེབ་ཅིག་ཡིན་ལ། སྐྱེས་ནས་འཚར་ལོངས་ཀྱི་བརྒྱུད་རིམ་ཡང་གྲོང་ཁྱེར་འདིའི་བྱིས་པ་ཚོ་དང་འདྲ་བར་ངུ་ངག་དང་རྩེད་དགོད་ཀྱི་ལམ་ནས་མཚར་ལོངས་བྱུང་ཞིང་། ཁོ་མོ་ལོ་ཚོད་མཉམ་པའི་བྱིས་པ་མང་ནའང་ཁྱིམ་མཚེས་ཡིན་པའི་ལྷ་མོ་ནི་མོའི་གྲོགས་མོ་ཡག་ཤོས་དེ་ཡིན། ཉིན་ལྟར་སློབ་གྲྭར་འགྲོ་བ་དང་རྩེད་མོ་རྩེས་བཞིན་/ཟིམ་འགྲོ་སློབ་གྲྭ་/ཞེས་པའི་གྲོང་གསེབ་ཀྱི་སློབ་གྲྭ་དེ་ནས་ལོ་རིམ་དྲུག་པའི་བར་སློབ་སྦྱོང་བྱས་ཤིང་། ལོ་རིམ་བདུན་པ་ནས་/རྒྱང་ཟེར་/ཞེས་པའི་གྲོང་ཁྱེར་གྱི་སློབ་གྲྭར་འགྲོ་དགོས་པར་བརྟེན། དཔལ་འཛོམས་དང་ལྷ་མོ་གཉིས་སློབ་གྲྭ་དེར་ཞུགས།
ཡིན་ཡང་། ཁོ་མོ་གཉིས་ཀྱིས་ཕ་ཡུལ་དང་ཕ་མ་དྲན་དྲགས་པའི་དབང་གིས་སློབ་སྦྱོང་གི་འདུན་པ་ཁྱོན་ནས་མ་སྐྱེས། ཉིན་ལྟར་སློབ་གྲྭ་ནས་ཕ་ཡུལ་གྱི་ཕྱོགས་སུ་བལྟས་ཏེ་བྱིས་དུས་ཀྱི་པྲ་ཚགས་དང་ཨ་མས་བཟོས་པའི་བག་ལེབ། ཨ་ཕས་བཤད་པའི་མནའ་གཏམ་སོགས་ལ་ཕྱིར་དྲན་ལབ་གླེང་བྱས་ཏེ་ཉིན་གྲངས་མང་པོ་ཞིག་འདས་སོང་།
ཉིན་གཅིག་གི་དགོང་མོར། ལྷ་མོ་མལ་ཁྲི་ལས་གཉིད་མ་སད་དུ་ཡོད་པའི་མཚམས་དེར་སློབ་དགེ་ཟླ་བ་ལགས་ཡོང་ཕེབས་ཏེ་/ཝེ་ཁྱོད་ལ་ཕ་ཡུལ་ནས་ཁ་པར་འབྱོར་སོང་མགྱོགས་པོ་ཤོག་/ ཅེས་སྐད་བཏང་སོང་། ཁ་པར་གཏོང་མཁན་ནི་ལྷ་མོའི་ཨ་མ་ཡིན་ལ། ཨ་མས་ཁ་པར་ལས་བཤད་རྒྱུར། སང་ཉིན་ཁྱེད་རང་ནང་ལ་ངེས་པར་དུ་འབྱོར་བ་བྱོས་དང་ངེད་གཉིས་རྒྱ་གར་ལ་འགྲོ། འདི་ནི་དོན་དག་ཧ་ཅང་གལ་ཆེན་ཡིན་པས་མི་སུ་གཅིག་ལའང་བཤད་མི་རུང་ཞེས་པ་སོགས་སྐད་ཆ་འགའ་བཤད་རྗེས་ཁ་པར་མར་བཞག་སོང་།
དེ་ནས་ལྷ་མོས་མཚན་གང་བོར་གཉིད་མ་ཁུགས་པར་བསམ་བློའི་ནང་དྲི་གཞི་མང་པོ་ཞིག་གིས་འཚང་ཁ་རྒྱབ་ཅིང་། དེ་ལས་དོན་དག་འདི་དཔལ་འཛོམས་ལ་མ་བཤད་ན་ཁོ་མོ་ནི་ངའི་གྲོགས་མོ་ཡག་ཤོས་ཡིན་པས། སྐད་ཆ་འདི་མོར་མ་བཤད་པར་ཕྱིན་པ་ཡིན་ན་མོ་གཅིག་པུར་ལྷག་འགྲོ་ལ། མོའི་སེམས་པ་ཅི་ཙམ་སྡུག་མིན་བཤད་ཚོད་ཐུབ་པ་ཞིག་མ་རེད། གལ་སྲིད་བཤད་པ་ཡིན་ན་ཨ་མའི་བཀའ་མངགས་དང་འགལ་འགྲོ་བས། དེ་ལས་ཐབས་ཤིག་ཡོད་པ་ནི་དཔལ་འཛོམས་ལ་ནང་མོལ་གྱིས་མཉམ་དུ་ཕ་ཡུལ་དུ་བྲོས་སོང་བ་ཡིན་ན་ཨ་མས་ངེད་གཉིས་མཉམ་དུ་ཁྲིད་ངེས་ཡིན་པས། ཐབས་ལམ་འདི་འདེམས་རྒྱུ་ཐག་གཅོད་བྱས་གཞི་ནས་རྗེས་རྨི་ལམ་གྱི་ཞིང་ཁམས་སྙེགས།
ཕྱི་ཉིན་ཞོགས་པའི་སྐྱ་རེངས་མ་ཤར་བའི་སྔོན་ནས་ལྷ་མོ་ཡར་ལངས་ཏེ་དཔལ་འཛོམས་ཀྱི་ཉལ་ཁང་དུ་སོང་། དཔལ་འཛོམས་ཀྱིས་ལྷ་མོའི་རྣམ་འགྱུར་བལྟས་པ་ན་དོན་དག་དམིགས་བསལ་བ་ཞིག་ཤོད་རྒྱུ་ཡོད་པ་རྟོགས། ལྷ་མོས་བྲེལ་འཚུབ་ཀྱིས་མདང་དགོང་གི་གནས་ཚུལ་དག་བཤད་རྗེས། ད་ལྟ་ནི་དགེ་སློབ་རྣམས་གཉིད་དུ་གཡུར་བའི་དུས་སྐབས་ཡིན་པས་སུས་ཀྱང་མི་མཐོང་བས་འགྲོ་ཞེས་བཤད་པར། དཔལ་འཛོམས་ཀྱི་གདོང་ལ་བཅོས་མིན་གྱི་འཛུམ་མདངས་ཤིག་མངོན་བཞིན། འདི་ལྟར་ཕྱིན་ན་དགེ་སློབ་ཚོས་ངེད་གཉིས་བརླག་དོགས་ཀྱིས་ཐུགས་ཁྲེལ་གནང་ངེས་པས། དེ་ལས་སློབ་སྤྱི་ལ་དགོངས་ཞུས་ཀྱིས་སོང་ན་བདེ་ཚུལ་སོགས་བཤད་ཀྱང་། ལྷ་མོས་མ་ཉན་པར་ཕ་ཡུལ་དང་ཕ་མ་དྲན་ཚུལ་སོགས་མང་པོ་ཞིག་བཤད་པ་བཞིན་མཐར་དཔལ་འཛོམས་ཀྱིས་མོས་མཐུན་བྱས།
དེ་ནས་སློབ་གྲྭ་དང་ཁ་བྲལ་ཏེ་ཕ་ཡུལ་དུ་འགྲོ་བའི་ལམ་ལ་ཞུགས་ཤིང་། དགོང་ཕྱི་དྲོའི་ཉི་མ་ཚང་ལ་ལོག་པའི་སྐབས་མཚམས་དེར་ཁོ་མོ་གཉིས་གྲོང་འདབས་སུ་འབྱོར་ཞིང་། ཡར་ཙམ་སོང་བ་ན་མུན་ནག་གིས་འཇིག་རྟེན་ཡོངས་སུ་བསྟིམས་ཏེ་མཐོང་ལམ་རབ་རུབ་ཏུ་གྱུར། མཚམས་དེར་མདུན་ཕྱོགས་ནས་གསལ་ལ་མི་གསལ་བའི་མི་ཞིག་ཡོང་བཞིན་པ་དེ་ནི་ལྷ་མོའི་ཨ་མ་ཡིན་ལ། མོའི་མིག་ཀོང་མཆི་མས་གང་བཞིན་ངས་ཁྱེད་རང་ལམ་བར་ནས་སྤྱང་ཚོགས་ལ་ཐུག་པ་མིན་འགྲོ་བསམ་ནས་སེམས་ཁྲེལ་བྱས་མོད། བླ་མ་དཀོན་མཆོག་གི་ཐུགས་རྗེ་ཡིས་བདེ་འཚམ་གྱིས་འབྱོར་ཐུབ་སོང་ཞེས་ལྷ་མོའི་སྐེ་ལ་འཐམ་ཞོར་དཔལ་འཛོམས་ཀྱི་མགོར་བྱིལ་བྱིལ་བྱས། དཔའ་འཛོམས་ཀྱིས་ཀྱང་རང་གི་ཨ་མར་ཐུག་འདོད་ཀྱིས་ཁོ་མོ་གཉིས་ལ་སང་ཉིན་ཁྱེད་ཚང་ལ་ཡོང་རྒྱུ་ཡིན་ཚུལ་སོགས་བཤད་དེ་བདེ་མོ་བཞག་ནས་རང་ཁྱིམ་དུ་བྱ་འཕུར་བ་ལྟར་རྒྱུགས་སོང་།
མཚན་གུང་ལ་སླེབས་པ་དང་ལྷ་མོ་དང་ཁོའི་ཨ་མ་གཉིས་སྒོའི་ཕྱི་རོལ་དུ་ཐོན་ནས་བལྟས་པ་ན། ཁྱིམ་མཚེས་དང་གྲོང་སྡེའི་གློག་འོད་རྣམས་གཟིམ་སྟེ་རྨི་ལམ་གྱི་ཞིང་ཁམས་སུ་བཞུད་ཟིན་པས། མཚམས་ལན་རེར་སྒོ་ཁྱིའི་ཟུག་སྐད་ལས་གཞན་ཅི་ཡང་ཐོས་རྒྱུ་མི་འདུག་པས་ལུང་སྟོང་ཞིག་དང་གཉིས་སུ་མེད། གྲོང་འདབས་ནས་མར་ཆུ་ཚོད་གཅིག་ཙམ་ཕྱིན་པ་ན་ཟམ་ཆེན་ཞིག་ལ་ཐུག དེ་ནས་ཡར་སོང་བ་ན་རི་རྩེ་གནམ་ལ་ཟུག་པའི་ལ་ཆེན་ཞིག་ཡོད་ཅིང་། ཨ་མའི་སེམས་ལ། གལ་སྲིད་དོ་དགོང་ངེད་གཉིས་ཀྱིས་ལ་འདི་བརྒལ་མ་ཐུབ་པ་ཡིན་ན་རྒྱ་མའི་ཉེན་རྟོག་པས་འཇུ་བཟུང་བྱེད་རྒྱུ་ཉག་གཅིག་ཡིན།
ཡིན་ཡང་། རི་ངོགས་འདིར་དམུ་རྒོད་དང་གཅན་གཟན་ལ་འཕྲད་ན་ངེད་གཉིས་བཟའ་ངེས་ཀྱང་། ལམ་ཁ་གང་བརྒྱུད་ཀྱང་ཉེན་ཁ་ལས་བདེ་འཇགས་མེད་པ་གཅིག་མཚུངས་རེད། རྒྱ་དམར་གྱི་ལག་པར་ཤོར་བ་ལས་གཅན་གཟན་གྱིས་བཟས་ན་དགའ་སྙམ་སྟེ་བུ་མོ་ལག་པས་ཁྲིད་དེ་རི་ངོགས་དེ་བརྒལ་ཐབས་བྱས།
ཨ་མས། གཅེས་ཕྲུག་མ་སྡུག་རུས་བྱོས་དང་རི་འདིའི་ཕར་རྒྱབ་ན་འབྲོག་ཁྱིམ་མང་བས་ངེད་གཉིས་ལ་གནས་ཚང་གཡར་ངེས་རེད་ཟེར་བཞིན་རི་རྩེར་སླེབས། ལྷ་མོ་བཀྲེས་སྐོམ་གྱིས་འགྲོ་མ་ཐུབ་པས། ཨ་མས་རྒྱབ་ཁུག་ལས་ཐུག་པ་སྐམ་པོ་དང་བུ་རམ་འགའ་བྱིན། ཡིན་ཡང་། ལྷ་མོའི་གདོང་མདོག་སྐྱ་བོར་གྱུར་ནས་ལུས་པོ་ཡོངས་རྫོགས་འདར་ཟུག་གིས་གཏམ་ཡང་མི་ཤོད། ཨ་མས་རང་གི་ལྭ་བ་དང་ཁ་དཀྲིས། མཐའ་ན་རང་གི་རྐང་ཤུབ་ཀྱང་ཕུད་དེ་ལྷ་མོར་གཡོགས་ཀྱང་མོའི་གཟུགས་པོར་དྲོད་མ་སླེབས་པས་ཨ་མའི་པང་ལ་བླངས་ནས་བྲང་ཁར་སྦྱར་ཏེ་ཅུང་ཙམ་ན་ཁོ་མོ་གཉིད་དུ་གཡུར། མོ་གཉིད་ལས་སད་དུས་ཨ་མས་མཚན་གང་བོར་ཁོ་མོ་བསྐྱོར་ནས་ཉལ་མེད་པ་མ་ཟད་ཨ་མའི་ལུས་པོ་རྡོ་བཞིན་དུ་གྱུར་ཡོད་པ་ཤེས།
ལྷ་མོས་ཨ་མ་་་ཨ་མ་་་ཨ་མ་་་ཞེས་ལན་མང་བོས་མཐར་གཞི་ནས་ཨ་མས་་ཨོ། ཨ་མའི་གཅེས་ཕྲུག་ཅེས་ལན་བཏབ་བྱུང་། ཉི་མ་ཤར་བ་དང་ཨ་མའི་ལུས་པོར་དྲོད་སླེབས་ཏེ་ཁོ་མོ་གཉིད་དུ་གཡུར་སོང༌། ལྷ་མོས་་་ཨ་མ་་་་ཨ་མ་་་ང་གྲོད་ཁོག་ལྟོག་གི་ཞེས་པ་ཐོས་འཕྲལ་ཨ་མ་ཡར་ལངས་ནས་བལྟས་པ་ན། ཉི་མ་ནུབ་ཏེ་ས་ཡང་རུབ་གྲབས་འདུག ཨ་མས་ཁུག་མའི་ནང་ནས་རྩམ་པ་ཏོག་ཙམ་ཡོད་པ་དེ་ལྷ་མོར་བྱིན།
དེ་ནས་ཁོང་གཉིས་མུ་མཐུད་སོང་ཡང་འབྲོག་སྡེ་གཅིག་ཀྱང་མཐོང་རྒྱུ་མ་བྱུང་། སོང་སོང་གི་མཐར་རི་སྐེད་ཙམ་ནས་ནག་ཡོར་བ་ཞིག་མཐོང་བ་དེ་སྦྲ་ནག་ཞིག་ཡིན་པར་སྙམ་ནས་དགའ་ཚོར་གྱིས་དེ་སྙེག་ནས་འགྲམ་ལ་སླེབས་དུས། དེ་ནི་སྦྲ་ནག་ཞིག་མ་ཡིན་པར་རྡོ་ཕ་བོང་ཆེན་པོ་ཞིག་ཡིན། ཡིན་ཡང་སྟབས་ལེགས་པ་ཞིག་ལ་ཕ་བོང་དེའི་འགྲམ་ནས་གནས་སྤོར་མ་ཐག་གི་མཚེར་ཤུལ་ཞིག་ཡོད་པ་མཐོང༌། ཐབ་ཤུལ་གྱི་མེ་རོ་ད་དུང་ཚ་བོ་ཡིན་སྟབས་དེར་ཡོད་པའི་མེ་ཤིང་སྒྲུག་སྟེ་མཚན་གང་བོར་མེ་སྦར་ཏེ་བསྡད། འདི་ལྟར་ཀྱག་ཀྱོག་དང་དཀའ་ངལ་གྱི་ལམ་བུ་རིམ་པར་བརྒྱུད་དེ་ཟླ་བ་གཅིག་ཙམ་གྱི་རྗེས་སུ་ཁོ་མ་བུ་གཉིས་བལ་ཡུལ་སྣེ་ལེན་ཁང་དུ་འབྱོར།
དེ་ནས་ཨ་མས་བུ་མོ་རྒྱ་གར་དུ་བོད་ཁྱིམ་སློབ་གྲྭར་སློབ་སྦྱོང་བྱེད་དུ་བཏང་བ་དང་། ཁོ་མོས་བལ་ཡུལ་དུ་ཚོང་ཙག་ཙིག་རེ་བྱེད་བཞིན་བསྡད། ལོ་ཡི་འཁོར་མོ་ནི་ཇི་འདྲའི་མགྱོགས་ཤས་ཆེ་བ་ཞིག་རེད་ཨང་། ལོ་ངོ་བརྒྱད་ཡུད་ཙམ་གྱི་རིང་ལ་འདས་སོང་། ལོ་ངོ་འདི་དག་གི་རིང་ལ་དཔལ་འཛོམས་དང་ལྷ་མོ་གཉིས་ཀྱི་འབྲེལ་ཐག་ཆད་སོང༌། ལྷ་མོ་སུ་ཇཱ་སློབ་གྲྭ་ནས་མཐར་ཕྱིན་ཏེ་གོ་པལ་པུར་སློབ་གྲྭར་འབྲིང་རིམ་སློབ་སྦྱོང་བྱེད་བཞིན་ཡོད།
དགུན་ཁའི་གུང་གསེང་སྐབས་སུ་ལྷ་མོ་བལ་ཡུལ་དུ་ཚོང་ཙག་ཙིག་གཉེར་བཞིན་པའི་ཨ་མའི་སར་གུང་གསེང་ལ་ཕྱིན་སྐབས། ཨ་མས། ཁྱེད་ཀྱི་གྲོགས་མོ་དཔལ་འཛོམས་ཉིན་ཤས་གོང་འདིར་འབྱོར་སོང་ཞེས་བཤད། ཁོ་མོས་སྐད་ཆ་དེ་ཐོས་པ་དང་རྨ་བྱས་འབྲུག་སྐད་ཐོས་པ་བཞིན་དགའ་ཚོར་ཆེན་པོས་ཨ་མ་ལ་ངེད་གཉིས་ཁོ་མོ་ལྟ་རུ་འགྲོ། ངས་མོ་རང་ཧ་ཅང་དྲན་པས་མགྱོགས་མྱུར་གྱིས་མཐོང་ན་འདོད། ངས་སྐར་ཆ་གཅིག་ཀྱང་སྒུག་མི་ཐུབ་པ་ཞིག་རེད། ཨ་མ་སྐུ་མཁྱེན་སྐུ་མཁྱེན་ང་ཁོ་མོའི་སར་ཁྲིད་རོགས་ཞེས་ཞུ་བ་ཇི་ལྟར་ཞུས་ཀྱང་། ཨ་མས་ད་འཕྱི་བོ་ཆགས་འདུག་པས་སང་ཉིན་འགྲོ། ང་ཚོ་བོད་པའི་ལུགས་སྲོལ་ལྟར་ན། གྲོགས་དང་གཉེན་ལ་ཐུག་པར་འགྲོ་དུས་རྟེན་འབྲེལ་མཚོན་བྱེད་ཀྱི་ལག་རྟགས་དང་རྔན་པ་རེ་ཁུར་ནས་འགྲོ་དགོས་པས། དོ་དགོང་ངལ་གསོ་བྱོས་དང་སང་ཉིན་འགྲོ་ཞེས་ཨ་མ་ཐབ་ཚང་དུ་དགོང་མོའི་བཞེས་ལག་བཟོ་བར་ཕྱིན་སོང་།
ལྷ་མོས་གྲོགས་མོ་དཔལ་འཛོམས་ལ་ཐུག་རྒྱུར་རྔམ་སྟེ། ཕུ་བོ་བཀྲ་ཤིས་ལ་ང་དེ་རིང་ངེས་པར་དུ་དཔལ་འཛོམས་ལ་ཐུག་ཏུ་འགྲོ་དགོས། ང་ལ་རོགས་པ་བྱེད་རོགས་ཞེས་ཨུ་ཚུགས་དང་མིག་ཆུ་བཏང༌། དེ་ནས་ཕུ་བོའི་རོགས་རམ་གྱི་འོག་ནས་ཁོང་གཉིས་འགྲུལ་སྐྱེལ་རླང་འཁོར་ཆུང་ཆུང་ཞིག་ལ་བསྡད་ནས་ཕྱིན། བཀྲ་ཤིས་ཀྱིས་དཔལ་འཛོམས་ལ་ཁ་པར་བཏང་སྟེ། ལྷ་མོ་དང་ཁོ་གཉིས་ཐུག་གར་ཡོང་བཞིན་ཡོད་པས་འཕགས་པ་ཤིང་ཀུན་གྱི་མཆོད་རྟེན་འགྲམ་ནས་བསྒུག་རོགས་ཞེས་ལན་སྤྲད། ཁོང་གཉིས་དེར་འབྱོར་དུས་ས་ཡོངས་སུ་རུབ་ཟིན་ལ་གློག་སྒྲོན་གྱི་དཀར་འོད་ཁྲ་ཆིལ་ལེར་འདུག ལྷ་མོས་དཔལ་འཛོམས་མཐོང་བ་དང་གླང་ཆེན་སྨྱོན་པ་རྒྱུག་པ་ལྟར་ཡོང་ནའང་། དཔལ་འཛོམས་ཀྱིས་ཁོ་མོ་རང་གིས་རྟག་ཏུ་དྲན་པའི་སྙིང་གི་གྲོགས་མོ་ཡིན་པ་མ་ཤེས་པར་ཆེ་ལ་མཛེས་པའི་འདྲེན་བྱེད་གཉིས་ད་དུང་མི་མང་གི་ཁྲོད་དུ་ཅེར་ནས་བསྡད་ཡོད། ལྷ་མོས་རྒྱུག་སྟབས་ཤིག་གི་དཔལ་འཛོམས་ལ་འཐམ་སྟེ་ཡུད་ཙམ་རིང་ལུས།
དེ་ནས་ཁོང་གཉིས་ཟ་ཁང་ཆུང་ཆུང་ཞིག་ལ་ཕྱིན་ནས་འདས་སོང་ལོ་རྒྱུས་སོགས་བཤད་རེས་ཀྱིས། མཚམས་རེར་དགོད་པ་དང་ལན་རེར་ངུ་བ། ལན་རེར་འཐམ་འཁྱུད་བྱེད་པ། ལན་རེར་ལག་ཟུང་སྦྲེལ་བ་སོགས་བྱས་ནས་རྒྱུན་རིང་འགོར། རིམ་བཞིན་ལྷ་མོས་དཔལ་འཛོམས་འདིར་ག་འདྲ་བྱས་ནས་ཡོང་བ་དང་། ཡོང་དོན་སོགས་འདྲི་འདོད་ཀྱང་སྐད་ཆ་དེའི་འགོ་ཇི་ལྟར་འཛུགས་དགོས་མིན་སོམ་ཉིར་ལུས། དེ་ནས་ཆུ་ཚོད་ལ་བལྟས་དུས་ཆུ་ཚོད་བཅུ་གཉིས་ཟིན་གྲབས་ཡོད་པས། ཁོ་མོ་གཉིས་རང་རང་གི་སྡོད་གནས་སུ་མི་ལོག་ག་མེད་བྱུང་།
ཕྱི་ཉིན་ཞོགས་པ་སྔ་བོ་ནས་ལྷ་མོ་དཔལ་འཛོམས་ཀྱི་སར་ཕྱིན། དཔལ་འཛོམས་དང་ཁོ་མོའི་བཟའ་ཟླ་རྡོ་རྗེ་གཉིས་ཀྱིས་ཞོགས་ཟས་ཟ་བཞིན་འདུག རྡོ་རྗེ་ནི་གཟུགས་སྟོབས་ཆེ་ལ་ཤ་རྒྱགས་པ། ཤ་མདངས་ནག་ལ་མིག་ཆུང་ཆུང༌། དཔལ་འཛོམས་ལས་ལོ་ན་ཆེ་ལ། ཕར་བལྟས་པ་ཙམ་གྱིས་མི་གཤིས་གྱོང་པོ་ཞིག་ཡིན་པ་ཤེས་ཐུབ། ལྷ་མོས་གཞི་ནས་དཔལ་འཛོམས་ཀྱིས་གཉེན་སྒྲིག་བྱས་ཟིན་པ་ཤེས། ཞོགས་ཟས་ཟོས་རྗེས་ཁོང་གསུམ་ཁྲོམ་ལ་སྤྲོ་འཆམ་དུ་ཕྱིན།
ཉིན་གང་བོར་ཁྲོམ་ལ་འཁོར་འཁོར་ནས་དགོང་མོ་ཕྱིར་སླེབས་དུས་ཐང་ཆད་འདུག དེ་ནས་ལྷ་མོ་ཕྱིར་ནང་དུ་འགྲོ་རྩིས་བྱེད་སྐབས། དཔལ་འཛོམས་ཀྱིས་ལྷ་མོར་ཉིན་ཤས་རིང་ལ་འདིར་མཉམ་དུ་འདུག་རྒྱུའི་རེ་བ་ནན་མོ་བྱས་པས། ལྷ་མོས་མོའི་རེ་བ་ལྟར་བདུན་ཕྲག་གཅིག་གི་རིང་འདུག་དགོས་བྱུང་། དགོང་མོ་ཞིག་ལ་རྡོ་རྗེ་ཕྱིར་མ་ཡོང་བར་དཔལ་འཛོམས་ཀྱིས་སེམས་ཁུར་བྱས་པ་ལས་ཁོའི་སྐོར་གང་ཡང་མ་བཤད། ཕྱི་ཉིན་དགོང་མོ་ཡང་དེ་བཞིན་ཕྱིར་ནང་ལ་མ་ཡོང་བས། ལྷ་མོས་དཔལ་འཛོམས་ལ་རྡོ་རྗེ་གང་དུ་ཕྱིན་མིན་དང་དོན་དག་ག་རེ་བྱུང་ཡོད་མེད་སོགས་དྲིས་པར། གཞི་ནས་དཔལ་འཛོམས་ཀྱི་མགོ་བོ་ཐུར་དུ་གུག་ནས་བཤད་རྒྱུར། རྡོ་རྗེས་ནམ་རྒྱུན་དུ་ཆང་འཐུང་གི་རེད། ཕལ་ཆེར་ཆང་ཁང་ག་གེ་མོ་ཞིག་ནས་ཡོད་རྒྱུ་རེད། ཁྱོད་ཀྱིས་རོགས་པ་བྱོས་དང་ངེད་གཉིས་ཁོ་འཚོལ་དུ་འགྲོ་ཞེས་ཟེར། དེ་ནས་ཁོ་མོ་གཉིས་ལམ་ལ་ཆས།
ཁོང་གཉིས་ཆང་ཁང་ཞིག་གི་སྒོ་འགྲམ་ལ་སླེབས་ཏེ་བལྟས་པ་ན། མེ་ཏོག་ལྟ་བུའི་ན་ཆུང་མ་འགའི་དཀྱིལ་ན་རྡོ་རྗེའི་གདོང་པ་ནི་ཀུ་ཤུ་ལྟར་དམར་པོ་ལྟར་གྱུར་ཡོད་མཐོང་ཐུབ་ཅིང་། གཡས་གཡོན་གྱི་སྒྲོག་ཙེ་དག་ཆང་ཤེལ་དང་ལྕགས་ཀྲེམ་གྱིས་གང་འདུག དཔལ་འཛོམས་ཀྱིས་རང་གི་བཟའ་ཟླའི་བྱེད་བབ་དེ་མཐོང་ནས་ཁོང་ཁྲོ་གཏིང་ནས་ལངས་ཏེ་མིག་རྩ་དམར་ལྷོག་ལྷོག་གིས་ཆང་ཁང་དུ་འཛུལ་ཏེ་རྡོ་རྗེའི་ལག་པ་ནས་འཇུས་ནས་འཐེན་ནའང༌། ཁོ་ནི་ར་བཟི་ནས་བྲག་རྡོ་བཞིན་རྐུབ་སྟེགས་ལས་མགུལ་ཙམ་ཡང་བྱེད་མ་ཐུབ་པར་ཐབས་ཤེས་ཟད་ནས་ཁོ་མོ་གཉིས་འུ་ཐུག་སྟེ་ཕྱིར་རང་ཁྱིམ་དུ་ལོག་དགོས་བྱུང༌།
མཚན་དཀྱིལ་ཙམ་ལ་རྡོ་རྗེས་སྒོ་ལ་རྡོག་ཐོས་གཞུས་ཏེ་སྒོ་ཕྱེས་ནས་འཁྱར་འཁྱོར་ངང་ནང་ལ་སླེབས་སོང༌། དཔལ་འཛོམས་དང་ལྷ་མོ་གཉིས་ད་དུང་གཉིད་མེད་པས་དཔལ་འཛོམས་ཀྱིས་ཆུ་དྲོད་མ་འཇམ་ཞིག་ཁོའི་མདུན་བཞག་ཅིང་། དྲི་ངན་གྱིས་ཚོས་པའི་རྐང་པ་བཀྲུ་འགོ་བརྩམས་ཀྱང༌ཁོས་ཤེད་ཀྱིས་དཔལ་འཛོམས་ལ་འབུད་རྒྱག་བཏང་བས་མོ་ས་ལ་འགྱེལ་སོང༌། ཁོས་ད་དུང་དཔལ་འཛོམས་ལ་ཁྱི་རྒན་མ་ཁྱོད་དེ་རིང་ཆང་ཁང་དུ་སྐྱག་པ་ཟ་བར་ཡོང་བ་ཡིན་ནམ། ཁྱེད་ཀྱིས་ངའི་མཚན་སྙན་ཚང་མ་བརླགས་སོང༌། ཁྱོད་གང་དུ་འགྲོ་ན་འགྲོ ངར་ཁྱོད་ལྟ་བུའི་རྐང་པ་འཐེན་མཁན་གྱི་བཟའ་ཚང་ཞིག་མི་དགོས་ཞེས་ཤུགས་ཀྱིས་སྡིགས། དཔལ་འཛོམས་ཀྱིས་མགོ་བོ་ལག་པས་བསྐྱོར་ནས་མིག་ཆུ་བཞུར་གྱིན་བསྡད།
ལྷ་མོའི་བསམ་པར་རྡོ་རྗེས་མི་ཆོས་ལས་འདས་པའི་བྱ་སྤྱོད་དེར་ཁོང་ཁྲོ་ཟ་བཞིན་དཔལ་འཛོམས་ལ་སྙིང་རྗེ་སྐྱེས། ཡིན་ནའང་། ཁོང་གཉིས་མཐུན་ཐབས་བྱ་དགོས་པ་ནི་ཁོ་མོའི་འོས་འགན་དུ་བསམ་ནས། མོ་ལ་རྡོ་རྗེ་ར་བཟི་ཡོད་པས་སྐད་ཆ་འདྲ་མིན་མ་བཤད་ན་དགའ། ར་བཟི་ལ་སྐད་ཆ་བཤད་པ་ནི་ཁྱི་སྨྱོན་པ་ལ་སྐད་ཆ་བཤད་པ་དང་འདྲ་བས་དེ་ལས་ཁོ་ཉལ་ཁང་དུ་འཁྲིད་ནས་གཉོལ་ཞོག སང་ཉིན་བཟི་དྭངས་རྗེས་སྐད་ཆ་ལྷོད་ལྷོད་ཤོད་ཅེས་མོས་རང་ཚོད་ཀྱིས་གནས་ལུགས་ཡོད་པའི་བསླབ་བྱ་བརྒྱབ།
མཚན་གྱི་ཆུ་ཚོད་གཉིས་པ་ཙམ་ལ་ལྡིར་སྒྲ་ཞིག་གིས་ལྷ་མོ་གཉིད་ལས་དཀྲོགས། མོ་མགྱོགས་མྱུར་གྱིས་ཕྱི་ལ་བུད་ནས་ཉན་པ་ན་དཔལ་འཛོམས་ཀྱིས་ངུ་བཞིན་སྒོ་རྡུང་གི་ཡོད་པས། ལྷ་མོས་སྒོ་ལ་ཤེད་ཀྱིས་འབུད་རྒྱག་བཏང་སྟེ་སྒོ་ཕྱེ་ནས་ལྟས་པ་ན། མོའི་གདོང་པ་ཐམས་ཅད་སྐྲང་ཞིང་མིད་པ་བརྣངས་ཏེ་ཁ་ནས་གཏམ་ཡང་མི་ཐོན་པའི་ཚོད་དུ་གྱུར་འདུག མོས་སྐད་འདར་འདར་གྱིས་དེ་རིང་ཁྱོད་མེད་ན་ཁོས་ང་རྡུང་ནས་བསད་སོང་། ལྟོས་དང་ཞེས་མོའི་རྒྱབ་དང་བརླ་ཤ་བསྟན་པར་ལུས་ཡོངས་རྫོགས་ཁྲག་སྨུག་དང་རྨ་ཁས་གང་འདུག
དེ་ནས་ཁོ་གཉིས་གཅིག་གིས་གཅིག་ལ་འཐམ་ནས་ཡུན་རིང་དུ་ངུས་ཤིང་། དེ་ནས་མུ་མཐུད་དཔལ་འཛོམས་ཀྱིས་བཤད་རྒྱུར། ཐོག་མ་ནས་ངས་ཕ་མའི་ཁ་ལ་མ་ཉན་ན་མི་འདི་འདྲ་ཞིག་གི་རྗེས་དེད་ནས་འདི་ལྟ་བུའི་སྡུག་བསྔལ་དེ་བས་ཀྱང་མྱངས་དགོས་དོན་མེད་མོད། ང་རང་ཁ་བསོད་མེད་པས་སྡུག་བསྔལ་འདི་ལྟ་བུ་མྱངས་དགོས་འཁེལ་སོང་ཞེས་བཤད། ལྷ་མོས། ཐོག་མ་ནས་བརྟག་དཔྱད་ཡག་པོ་བྱེད་དགོས་པ་དེ་གལ་ཆེན་པོ་རེད། ད་འགྱོད་པ་སྐྱེས་ཀྱང་འཕྱི་དྲགས་པ་རེད། ད་སེམས་ནད་བྱས་ཀྱང་ཕན་པ་མེད་པས་དེ་བས་རང་སེམས་མནན་ཏེ་བག་ཕེབས་ངང་སྡོད་རོགས་ཞེས་བཤད།
དེ་རྗེས་དཔལ་འཛོམས་ཀྱིས་མགོ་བོ་ནང་དུ་སྒུར་བཞིན་སེམས་ནང་གི་གསང་བ་ཐམས་ཅད་མོ་ལ་བཤད་དོན། ངེད་གཉིས་ཀྱི་གཉེན་སྒྲིག་དེ་གཉིས་མོས་ཀྱིས་བྱས་པ་མིན་པ་དང་། ཉིན་ཞིག་ང་སློབ་གྲྭ་ནས་ཕྱིར་ལོག་པའི་སྐབས་ངེད་ཚང་ལ་ཚོང་པ་ལོ་ན་བཞི་བཅུ་ཡས་མས་ཅན་ཞིག་སླེབས་འདུག ཁོ་ནི་ཤ་རྒྱགས་ཤིང་གྱོན་ཆས་ལེགས་པ། གསེར་གྱིས་ཚིགས་ཁེབས་དང་དངུལ་གྱི་རྒྱན་ཆ་ཕུན་སུམ་ཚོགས་པ་ཅན་ཞིག་རེད། ཨ་མའི་གདོང་ལ་སྔར་མེད་ཀྱི་འཛུམ་མདངས་རྒྱས་ཏེ་ང་ལ་ཇ་བླུག་བཅུག་སོང་།
ངས་མི་དེ་སྤྱིར་བཏང་གི་མགྲོན་པོ་ཞིག་ཡིན་པ་ལས་ངའི་མ་འོངས་པའི་མག་པ་ཡིན་པ་སེམས་པའི་ཡིད་ལའང་མ་དྲན། ཡིན་ཡང་། ཨ་མས་དེའི་རྒྱུ་དངོས་སོགས་ལ་བལྟས་ནས་ང་ཁོའི་མནའ་མར་སྤྲོད་རྒྱུའི་དམིགས་ཡུལ་བཅངས་འདུག དགོང་མོ་དེར་ཨ་མས་ངའི་ལག་ཏུ་ཉལ་ཆས་དང་ཉལ་གདན་བཞག་ནས་ཁང་མིག་ཆུང་ཆུང་ཞིག་ཡོད་པ་དེར་ཚོང་བ་རྡོ་རྗེ་ལ་ཉལ་ས་བྱས་ཏེ། ཉལ་ཆས་སོགས་གཡོག་ཅེས་མངགས་པ་ལྟར་ང་ལ་དོགས་པ་གང་ཡང་མེད་པར་ཕྱིན་ཏེ་ཕྱིར་འཁོར་དུས། ཨ་མས་ཁང་བའི་ཕྱི་ལོག་ནས་སྒོ་བརྒྱབ་འདུག ང་རང་ཧ་ཅང་སྐྲག་སྟེ་ཨ་མ་ལ་ཅི་ཙམ་བོས་ཀྱང་ཡ་ལན་བྱེད་མཁན་མི་འདུག དེ་ལྟར་མཚན་མོ་དེར་རྡོ་རྗེ་དང་ལྷན་དུ་ཉལ་དགོས་བྱུང་། ང་རང་ཞེད་དྲགས་པས་མཚན་གང་པོར་དབུགས་ཀྱང་ཤུགས་ཀྱིས་གཏོང་ལེན་མ་ཕོད།
ཞོགས་པའི་ཉི་གཞོན་ཤར་བ་དང་ཨ་མས་བཀྲ་ཤིས་པའི་ཁ་བཏགས་ཤིག་དང་འོ་མ་ཟོ་བ་གང་བཅས་ཁུར་ནས་སྒོར་སླེབས་སོང་། མོས་དེ་རིང་ནས་བཟུང་ངའི་བུ་མོའི་ཤི་ན་རོ་བདག་དང་གསོན་ན་མི་བདག་ཁྱེད་ཡིན། ད་ང་བློ་བདེ་སོང་ཞེས་ངེད་གཉིས་ཀྱི་སྐེ་ལ་ཁ་བཏགས་བསྐོན། ང་རང་ཨ་མའི་ཐོག་ལ་ཁོང་ཁྲོ་དང་ང་རྒྱལ་མེ་ལྟར་འབར་ནའང་ཕན་པ་མེད། རྡོ་རྗེའི་ཁ་སྟོང་ནང་གི་ཚིག་སྟོང་ལ་ཨ་མ་ཡིད་འགུལ་བྱུང་འདུག
དེ་དུས་རྡོ་རྗེས་དེ་རིང་ནས་བཟུང་ཁྱེད་ཀྱི་བུ་མོ་དང་ངེད་གཉིས་མི་ཚེ་གཅིག་གི་གཏན་གྲོགས་ཆགས་པར་རེད། ཁོ་མོའི་བདེ་སྐྱིད་ང་ཡི་སྤྲོ་སྣང་ཡིན་ལ་ཁོ་མོའི་སྡུག་བསྔལ་ང་ཡི་སྐྱོ་གདུང་ཡིན། དེར་བརྟེན། ཁོ་མོར་འོད་སྟོང་འབར་བའི་འཚོ་བ་གསར་བ་ཞིག་སྐྲུན་རྒྱུ་ནི་ངའི་འོས་འགན་ཡིན་པས་ངས་ཅིས་ཀྱང་སྒྲུབ་ངེས་པས། ཁྱེད་ཀྱིས་ཐུགས་ཁྲེལ་མི་དགོས། གནས་སྐབས་རིང་ངེད་གཉིས་བལ་ཡུལ་དུ་སོང་ནས་ཚོང་ལས་གཉེར་རྗེས་ཕྱིར་བོད་ལ་ཡོང་གི་ཡིན། དེ་ནས་འདིར་གཞིས་ཆགས་ནས་འདུག་གི་ཡིན་ཟེར།
ངས་ཕ་མ་གཉིས་ལ། ང་མུ་མཐུད་དུ་སློབ་གྲྭ་སོང་ནས་སློབ་སྦྱོང་བྱས་ཏེ་ཕ་མ་གཉིས་ལ་ཞབས་ཞུ་ཡག་པོ་ཞུ་དགོས་པ། ལྷག་པར་དུ་ཁྱོ་ག་རང་ཉིད་ལས་ལྡབ་འགྱུར་གྱི་ཆེ་བ་ཞིག་དང་མཉམ་དུ་གཉེན་སྒྲིག་བྱེད་འདོད་མེད་ཅེས་ཞུ་བ་ཡང་ཡང་བྱས་ཀྱང༌། ཨ་མས་ང་ཚོ་བོད་པའི་ལུགས་སྲོལ་ལྟར་ན་བུ་མོ་གནས་ལ་འགྲོ་དགོས་པ་དང་བུས་ཁྱིམ་གཞི་འཛིན་དགོས། གལ་སྲིད་ཁྱེད་རང་ཁོའི་མནའ་མར་མ་སོང་ན་ད་ནས་བཟུང་ང་ལ་ཨ་མ་ཞེས་འབོད་མི་དགོས་ཟེར། ཉིན་ཤས་རྗེས་སུ་བལ་ཡུལ་དུ་འགྲོ་བའི་རླངས་འཁོར་གྱི་འཛིན་བྱང་སོགས་ཉོས་ནས་སླེབས། ཕྱི་ཉིན་ཞོགས་པ་ནས་ངེད་གཉིས་ཕ་ཡུལ་དང་བྲལ་ནས་བལ་དུ་ཡོང་བ་ཡིན།
ཉིན་འདི་དག་གི་རིང་ལ་རྡོ་རྗེས་ང་ནི་རྒྱལ་པོའི་བཙུན་མོ་ལྟར་བཀུར་ཞིང་གཅེས་ལ། ངའི་ཆེད་དུ་ཆང་སོགས་མི་འཐུང་བའི་དམ་བཅས། ཟླ་ཕྱེད་ཙམ་སོང་རྗེས་རྡོ་རྗེ་ནི་ཉིན་རེ་ནས་ཉིན་རེ་བཞིན་འགྱུར་ཏེ། ཉིན་ལྟར་ཕྱི་ནས་ཆང་རག་འཐུང་བ་དང་བུ་མོ་འདྲ་མིན་དང་མཉམ་དུ་བསྡད་དེ་ཉིན་ཞག་འགའ་རེ་ནང་ལ་མི་ཡོང་བ། ནང་དུ་འབྱོར་བ་ན་ངར་རྡུང་རྡེག་གཏོང་བ་སོགས་བྱེད་རྒྱུ་ལས་མཉམ་དུ་ཇ་ཐུན་ཙམ་རེ་མི་འཐུང་བས། ང་ལ་ཁ་སང་གཅེས་པའི་ཁྱོ་ག་ནི་དེ་རིང་གཤེད་མ་ལྟ་བུ་གྱུར་སོང་ཞེས་ཚིག་སྣེ་མིག་ཆུས་བཅད་སོང་།
ལྷ་མོས་སྒེའུ་ཁུང་ནས་བལྟས་དུས་སྐྱ་རེངས་མས་སྐྱ་མཐའ་བཅག་ཟིན་པ་མཐོང༌། ཉིན་དེ་ནི་ལྷ་མོའི་དགུན་ནང་གི་གུང་གསེང་རྫོགས་པའི་ཉིན་མཐའ་མ་དེ་ཡིན་སྟབས། ལྷ་མོ་དཔལ་འཛོམས་ཀྱི་ནང་ལ་སོང་ནས་མོར་གྱེས་ཕྱག་བྱས་རྗེས་ཕྱིར་ནང་དུ་ལོག་ཅིང་། ཁོ་མོ་གཉིས་ཀྱིས་མ་འོངས་པར་ལྷན་འཛོམས་ཀྱིས་སྐྱིད་སྡུག་མཉམ་གླེང་བྱ་རྒྱུའི་ཁ་ཆད་ཀྱང་བྱས་ཡོད། ཡིན་ཡང་། ཉིན་དེ་ནས་བཟུང་ཁོ་མོ་ཁྱོན་ནས་མ་ཐུག རྗེས་སུ་ལྷ་མོས་གོ་ཐོས་ལ་དཔལ་འཛོམས་ནི་ཉིན་རེ་བཞིན་སྐམ་རིད་དུ་གྱུར་ཏེ་རུས་གོག་ལས་ལྷག་མི་འདུག་ཟེར་བ་དང་། རྡོ་རྗེས་ཁོ་མོ་ཕྱི་རྒྱལ་ལ་ཁྲིད་སོང་ཟེར་བ་ལས་ཞིབ་ཕྲའི་གནས་ཚུལ་གང་ཡང་ཤེས་རྟོགས་མ་བྱུང་། གཅིག་བྱས་ན་ཁོ་མོ་འཇིག་རྟེན་འདིར་མེད་ཀྱང་སྲིད་ལ། གཅིག་བྱས་ན་ཁོ་མོ་ང་ཚོ་བཞིན་གསོན་པོར་གནས་ཡོད་ཀྱང་སྲིད།
བརྩེ་ལྡན་གྱི་ཀློག་པ་པོ་ལགས། ཁྱེད་ཀྱིས་བསམ་ན་དཔལ་འཛོམས་ནི་འཇིག་རྟེན་འདིར་གསོན་པོར་གནས་ཡོད་དམ།
བདེ་བ་ཚོ་ལགས་ཀྱིས་སྒྲུང་སྙན་མོ་ཞིག་བྲིས་འདུག གལ་ཏེ་དཔལ་འཛོམས་ཕྱི་རྒྱལ་ལ་སོང་བ་བདེན་པ་ཡིན་ཚེ་མོ་རང་འཚོ་ཞིང་སྐྱིད་པའི་ངང་གནས་ཡོད་པར་སྙམ། ཕྱི་རྒྱལ་ནས་ཁྱོ་གས་སོ་སོའི་ཆུང་མར་མནར་གཅོད་བྱེད་ཐུབ་ཀྱི་མ་རེད་སྙམ། མོ་རང་ལ་མཚོན་ནའང་ཁྱོ་ག་ལ་རག་ལས་མི་དགོས་པར་སོ་སོས་ལས་དཀའ་ལས་ཆོག་པ་རེད། ཁྱོད་རང་གི་གྲོགས་མོ་མྱུར་དུ་མཇལ་བའི་སྨོན་ལམ་ཡོད།།