ལྷོ་ཕྱོགས་ཉི་ཟླ།
རང་ཡུལ་བོད་ཡུལ་བཞག་ནས་ས་མཐར་སླེབས་ཐལ།།
གང་ལས་འདི་ལས་མེད་པའི་མི་ཞིག་ཡིན་འགྲོ།
ཉིན་གཅིག་ནང་ཆོས་བལྟ་འདོད་ལྷག་ཏུ་ཆེ་ཡང་།།
ཞག་གསུམ་ལོན་ཚེ་གར་གཡུགས་འདིར་གཡུགས་མེད་ཁུ།
དུས་རབས་ཉེར་གཅིག་གྲལ་དུ་ཚུད་དགོས་ཟེར་ནས།།
དབྱིན་ཇི་ཚན་རིག་ལ་སོགས་ལོ་མང་སྦྱོང་ཡང་།།
A.B.C.D མགོ་ནས་བསྐྱར་དུ་སྦྱོང་གི།
འདི་ནི་དུས་རབས་གསར་བའི་ལུགས་སྲོལ་ཨེ་རེད།།
ཨ་ཕ་ཨ་མའི་སེམས་ལ་སྡུག་ཞིག་འཇོག་གི།
སྡོམ་པ་ཚུལ་ཁྲིམས་ལ་སོགས་བསམ་བློ་མི་གཏོང་།།
ནུབ་ཕྱོགས་ཨ་རི་དང་ནི་ཡོ་རོབ་ཕྱོགས་ལ།།
འགྲོ་འདོད་ཉིན་དང་མཚན་དུ་ལན་འགར་བསམ་ཅིང་།།
ཡར་གྱི་བཤད་ན་ཡར་ལ་ཐོ་ཞིག་བཀོད་ཀི།
མར་གྱི་ལབ་ན་མར་ལ་ཐོ་ཞིག་རྒྱག་གི།
ཐོ་མང་རྒྱབ་ནས་མི་ཚེ་རྫོགས་བའི་ཨ་ཇོ།།
དེ་རིང་འདི་ན་ད་རུང་གཉིད་ནས་ལྷག་འདུག།
ཁྱོད་ཀྱི་མི་ཚེ་ཁོང་ཚོའི་རྩེ་སྐྱིད་མ་རེད།།
ཁྱོད་ཀྱི་བློ་སྒོ་ཁོང་ཚོའི་ཚོང་རྫས་མ་རེད།།
ཁྱོད་ཀྱི་ཡོད་ཚད་རང་ལ་དབང་བ་ཨེ་ཤེས།།
རང་སེམས་གནད་དུ་ཕབ་ནས་ཀུ་ཞིག་ཐོབས་དང་།།
དེ་རིང་སང་ཉིན་གོམ་ཁ་སྤོ་ན་དགའ་བ།།
སྔོན་གྱི་འདས་དོན་བསམ་ན་ཡིད་རེ་སྐྱོ་བ།།
གཞན་ཡུལ་འདི་ནས་རང་དབང་བཙན་ན་མ་རྙེད།།
འདི་ནི་ཁྱོད་ཀྱི་རྣམ་ཐར་སྟོང་བ་ལོས་ཡིན།།
ཁ་ཐོན་དགེ་སྦྱོར་འདོན་བཞིན་སེམས་ངན་འཆང་གི།
ཁ་ལས་རླུང་རྟ་མ་དར་ཚེ་གཅིག་རྫོགས་ཐལ།།
ཁ་ཁོག་མེད་པའི་ཁ་ཤོམ་ཅན་པོའི་གྲོགས་པོ།།
ཁ་བ་ཅན་ལ་ཕན་པའི་སྐབས་ཞིག་མ་འཚོལ།།
གྲོགས་པོ་རང་གི་རང་ལ་གཅེས་པར་འདོད་ན།།
རྒས་ཉམས་ཆེ་བ་ངེས་པར་འཚོལ་དགོས་བསམ་གི།
འཆི་ཁ་ཆོས་ཞིག་མ་གཏོགས་མི་ཕན་ཤེས་དགོས།།
འདི་ནི་ཁྱོད་ལ་སྡོམ་ཚིག་ཐ་མ་སྟེ་འོ་།།
སྒྱུ་རྩལ་བརྩམས་ཆོས་གང་ཞིག་ཡིན་ཡང༌། དེའི་རོལ་མྱོང་དང་མཛེས་དཔྱོད་ཀྱི་ཐད་ནས་བལྟས་ན་འགྲིག་གམ་སྙམ། མཛེས་དཔྱོད་ཀྱི་རིན་ཐང་དང་རོལ་མྱོང་གི་ལྗགས་ཕྱེ་ཡིས་ཕྱུག་པའི་བརྩམས་ཆོས་དག་ནི་བསྐལ་བ་ནས་བསྐལ་བར་ཐིན་ཐང་གི་གོ་བབ་ལྷན་སྐྱས་སུ་གྲུབ་ཡོད། དྲིལ་ནས་བཤད་ན། རྩོམ་རིག་སྒྱུ་རྩལ་གྱི་ཁྱབ་ཁོངས་སུ་གཏོགས་པའི་བརྩམས་ཆོས་དག་ནི་བརྗོད་བྱའི་དོན་དང་རྗོད་བྱེད་ཚིག་གི་སྒྱུ་རྩལ་ཐད་ཀྱི་རིན་ཐང་ལ་ངེས་པར་གཙིགས་སུ་འཛིན་དགོས། དེས་ན་ལྷོ་ཕྱོགས་ཉི་ཟླ་ལགས་ཀྱི་བརྩམས་ཆོས་ལ་གཞིགས་ཚེ་རང་རེའི་སྲོལ་རྒྱུན་སྙན་ངག་གི་ལམ་དུ་གོམ་ཁ་དང་པོ་སྤོ་འགོ་ཚུགས་པ་ལྟ་བུ་ཞིག་འདུག་ཀྱང༌། བརྩམས་ཆོས་ཧྲིལ་པོའི་ཆ་ནས་བལྟས་ན་སྤྱི་ཚོགས་དངོས་ཀྱི་ཚོར་འདུ་ཧ་ཅང་ཟབ་པ་ལྟ་བུ་ཞིག་འདུག
རེད། ཆོག་ཙམ་འབྲི་འགོ་ཚུགས་འདུག མུ་མཐུད་དེ་ཧུར་བརྩོན་བྱོས།
དྲ་གྲོགསdawaལེགས་ཕེབས་ནས་བསམ་ཚུལ་གསུངས་བ་དགའ་ནས་ཡོད།
རྩོམ་གྱི་སྒྱུ་རྩལ་དང་བརྗོད་བྱའི་དོན་སོགས་ལ་བསམ་གཞིགས་བྱས་ནས་མཆན་བཀོད་བྱས་བ་དགའ་བསུ་ཞུ་ངེས་ཡིན། ཁྱེད་རང་རྟག་པར་བདག་དང་དཔུང་བ་མཉམ་གཤིབ་བྱས་ནས་དྲ་ཐོག་ཏུ་ཕེབས་ཀྱིན་ཡོད་པ་དེ་ཤེས་ཡོད།
ཤར་ཕྱོགས་ཀྱི་འོད་སྣང་ནས་ལགས་རེད་རེད་ཤར་རྒྱུག་ཞིག་བྱས་བ་ལ་མགྲོན་བསུ་ཞུ་བཞིན་ཡོད།
ལྷོ་ཕྱོགས་ཉི་ཟླ་ལགས།
གཏིང་གཟབ་ཤེས་ཡོན་རྒྱ་མཚོའི་ཆུ་མཛོད་ནས།
ཆུ་ཐིགས་ཁ་ཤས་བགོ་འགྲེམས་མཛད་པ་ཡིས།
ཕན་འདོགས་ལྷག་པར་བྱུང་བས་གུས་བཏུད་ཞུ།
མུ་ཐུད་ལམ་སྟོན་བཀའ་སློབ་སྩལ་བྱུང་ན།
མི་རིང་མཛོད་ཆུང་ཆགས་རྒྱུ་ཡིད་ཆེས་དང་།
མཁས་པའི་མིང་ཅན་ཐོབ་བསམ་རེ་བ་ཆེ།
ཁྱེད་ཀྱི་བཀའ་དྲིན་ཡིན་པ་བརྗེ་མི་སྲིད།
སྒྱུ་རྩལ་བརྩམས་ཆོས་གང་ཞིག་ཡིན་ཡང༌། དེའི་བརྗོད་དོན་སྟོན་བྱེད་ཀྱི་ཚིག་དེ་སྤྱི་ཚོགས་ཀྱི་སྐད་ཆ་ཡིན་པ་ལས་གཞན་བརྗོད་དུ་མེད། འོན་ཀྱང་རྩོམ་རིག་གཞུང་ལུགས་དང་རྩོམ་པ་པོའི་རྣམ་དཔྱོད་ཀྱི་རྩལ་ལས་སྒྱུ་རྩལ་ཞེས་པའི་ཐ་སྙད་ཀྱི་ཁོངས་སུ་བཙུད་ཅིང༌། དེའི་ཞུན་ཐིགས་རེ་རེ་ནི་ཀློག་པ་པོར་མཚོན་ན་རིན་ཐང་བྲལ་བའི་ཐོན་རྫས་རྨ་མེད་པ་ཞིག་ཏུ་གྱུར།
འདི་ལྟར་གླེང་དུས། ཁྱེད་ཀྱིས་བརྩམས་ཆོས་ཇི་ཙམ་བརྩེགས་ཀྱང་དཻར་ངེས་པར་དུ་རང་མི་རིགས་ཀྱི་ཁྱད་ཆོས་ལྡན་དགོས། དེ་ལྟར་བྱུང་ན། མི་རིགས་ཀྱི་ཀློག་པ་པོ་ཕར་ཟད་མི་རིགས་གཞན་ལའང་ལྗགས་ཕྱེ་གྱ་ནོམ་པ་ཞིག་ཏུ་འགྱུར་ཞིང༌། འཛམ་གླིང་རྩོམ་རིག་ཁྲོད་ཀྱི་འོད་སྣང་འཚེར་བའི་མུ་ཏིག་ཞིག་ཏུ་འགྱུར་བར་ཐེ་ཚོམ་མེད། མི་རྣམས་ཀྱི་ཕྱིའི་ཡུལ་ལ་དམིགས་པའི་རྟོགས་པ་ལས་བྱུང་བའི་མྱོང་བ་ཁྱད་པར་བ་ནི་མཛེས་དཔྱོད་ཀྱི་རིན་ཐང་དངོས་དེ་ཡིན་པས། རྩོམ་པ་པོས་སྤྱི་ཚོགས་ལ་ཁ་ཕྱོགས་ནས་རང་ཉིད་ཀྱི་ལང་ཕྱོགས་དང་ལྟ་སྟངས་གཙོར་འཛིན་གྱིས་སྤྱི་ཚོགས་འཚོ་བར་བསམ་གཞིགས་དང་ལས་སྣོན་ཇི་ཙམ་བགྱི་བ་དེའི་ཚོད་ཀྱིས་སྒྱུ་རྩལ་གྱི་བྲོ་བ་ངང་ངམ་ཤུགས་ཀྱིས་འབྱུང་ཞིང༌། རིན་ཐང་གཞལ་མེད་ཀྱི་བརྩེ་དུང་གི་ལྟ་བ་དང་ལངས་ཕྱོགས་ཀྱི་གཤིས་ཉམས་ཀྱི་འབྱུང་ཁུངས་སམ་ཡུལ་ལམ་རྩེ་ར་ཁོ་ནར་འགྱུར།
དེས་ན་ཁོ་བོས་རྩོམ་ལ་དཔའ་བ་ལྷོ་ཕྱོགས་ཉི་ཟླ་ལགས་སུ་སྲོལ་རྒྱུན་འབྲི་ཐབས་སྤྱད་པའི་སྙན་ཚིག་ཤོ་ལ་ཀ་འདི་འབུལ་བར་སྤྲོ།
ཡིད་གཅུགས་མཛའ་བའི་མེ་ཏོག་གཡོ་ལྡན་མ།།
གཅིག་ཏུ་བསྲེལ་བ་ཕུན་ཚོགས་དབྱིག་གི་མཛོད།།
ཐུབ་བསྟན་སྤོས་ཀྱིས་མྱོས་པའི་གྲོགས་དག་ལ།།
མངའ་བའི་དགའ་སྟོན་ལྷོ་གླིང་བུ་མོའི་རྒྱན།།