ཨེ་མ་ཧོ།
ན་མོ་གུ་རུ་པདྨ་མུ་དྲ་ཡེ།
དགའ་བ་བཅུ་དྲུག་གིས་བདེ་ཆེན་སྟེར་ཞིང་།།
སྟོང་པ་བཅུ་དྲུག་གི་རྟེན་འབྲེལ་མངོན་པའི།།
བདེ་སྟོང་ཕྱག་རྒྱ་ཡི་སོ་གཉིས་མཚན་བཟང་།།
རིགས་བརྒྱའི་དཀྱིལ་འཁོར་ལ་ག་ན་ཙཀྲ།།
སྙིང་བརྩེ་དུང་མ་འདི་ཁྱེད་ལ་ཕྱོགས་ནས།།
ཉེར་གཅིག་སྒྲོལ་མ་ཡི་བྱིན་རླབས་གཅིག་འདུས།།
གནས་ལྔའི་རྩ་འཁོར་ནས་ཞི་ཁྲོའི་ལྷ་ཚོགས།།
སྒྱུ་འཕྲུལ་ཟློས་གར་འདི་ཡ་མཚན་ལྡན་སོང་།།
རྩ་བརྒྱ་འདུས་པ་རུ་ཚ་རླབས་ཕྱུར་ཀྱང་།།
བདེ་ཆེན་ཕྱག་རྒྱ་ཉིད་ཟག་བཅས་མིན་པས།།
ཚོགས་དྲུག་རང་གྲོལ་འདི་ཐེག་རྩེའི་སྙིང་ནོར།།
འཛམ་གླིང་སྤྱི་མཐུན་གྱི་བརྩེ་བའི་ཉིན་མོ།།
བརྩེ་འཕྲིན་ལེགས་སྐྱེས་ཀྱི་མཚར་སྡུག་དག་མ།།
སྣང་སྲིད་རྣམ་དག་གི་ལྷ་དང་ལྷ་མོར།།
དགྱེས་པ་རྡོ་རྗེ་ཡི་གླུ་འདི་བླང་ངོ་།།
མཛའ་མཐུན་སྙིང་སྡུག་གིས་སྤྱན་གྱིས་གཟིགས་ཞིང་།།
ཡིད་འོང་མེ་ཏོག་གིས་མཆོད་པ་བཤམས་ནས།།
སྒྲ་དབྱངས་ལྷ་མོ་ཡིས་སྙན་ངག་ཁྲོལ་ཚེ།།
དུང་བརྩེ་མེ་ལོང་གི་རང་འོད་འཕྲོ་སོང་།།
བཅོས་མིན་བརྩེ་དུང་དེ་ཡིད་བཞིན་ནོར་བུ།།
གང་བསམ་ལྷུན་གྲུབ་ཀྱི་སངས་རྒྱས་ལག་འཆང་།།
མ་གྱུར་འགྲོ་ཀུན་ལ་དམིགས་པ་ཡིན་ན།།
སྙིང་གི་ནོར་བུ་ཉིད་གཞན་ན་མི་འདུག།
ཀྱེ་མ་འཇིག་རྟེན་གྱི་འཁྲུལ་བའི་ཟག་བཅས།།
མདོ་མེད་འཆལ་བོ་ལས་མཛའ་བ་མེད་ཀྱང་།།
གསང་ཆེན་ཕྱག་རྒྱ་མའི་དེ་ཉིད་ཤེས་ན།།
སེམས་ཀྱི་བདེ་སྐྱིད་དེ་གམ་ན་འདུག་གོ།
དུང་སེམས་རབ་དཀར་གྱི་མེ་ལོང་གསལ་བ།།
གནམ་ས་བར་སྣང་གི་རང་རིག་ཡེ་ཤེས།།
འོད་གསལ་སྙིང་པོ་འདི་བདག་པོ་མེད་ན།།
མཐའ་མེད་འཁོར་བ་ལས་ཐར་ཐབས་མི་འདུག།
བརྩེ་དུང་རིན་ཆེན་གྱི་ཡིད་བཞིན་དབང་རྒྱལ།།
ནད་རིགས་ཀུན་སེལ་གྱི་སྨན་པའི་རྒྱལ་པོ།།
རྩ་རླུང་ཀུན་བྱེད་ཀྱི་ཕྱག་རྒྱའི་རིག་འཛིན།།
དུང་བརྩེ་ཆོས་རྒྱལ་ཉིད་མེད་ཐབས་མེད་དོ།།
ཞེས་པ་འདི་ཡང་རབ་རྒྱན་ཤིང་ལུག་གི་མཆུ་ཟླའི་དབང་ཕྱོགས་མཁའ་འགྲོ་འདུ་བའི་དུས་ཆེན་ནམ། དབྱིན་ཡུལ་བརྩེ་བའི་དུས་ཆེན་ནམ། Valentine’s Day ཕྱི་ལོ་༢༠༡༥/༠༢/༡༤ ཀུན་བཟང་ཆོས་གླིང་གི་སྐུ་གསུམ་ཕོ་བྲང་ནས་ཤྲྰིཿཨེ་མ་ཧོས་སྤྲིངས་པར་དགེའོ།། །།
་་་་་་་་་་ མཁའ་འགྲོ་འདུ་བའི་དུས་ཆེན་ནམ། དབྱིན་ཡུལ་བརྩེ་བའི་དུས་ཆེན་ནམ། Valentine’s Day ་་་་་་
བརྩེ་གདུང་རྒྱལ་པོ་དང་རྒྱལ་མོའི་དངོས་གྲུང་གློག་བརྙན།
https://www.youtube.com/watch?v=p6RPs6tUP1c