འཇམ་དབྱངས་དཀར་པོ།
ས་སྐྱ་ལེགས་བཤད་ཀྱི་འཕྲིན་ལས་དར་བ་ནས་རང་རེའི་ཀུན་གྱི་ཁ་ལ། བལ་པོའི་སེའུ་མ་ཟོས་ཀྱང་།། ཁ་དོག་ཉིད་ལས་བྲོ་བ་ཤེས།། ཞེས་པའི་ཚིག་ཅིག་ཟེར་ལོབས་སུ་སོང་ཡོད། ཡིན་ན་ཡང་དོན་ངོ་མར་འུ་ཅག་གིས་བལ་པོའི་སེའུ་དེ་གང་ལ་ཟེར་བ་དང་ཅི་འདྲ་ཞིག་ཡིན་པ་ཤེས་མེད།
ལོ་མང་པོ་ཞིག་གི་གོང་ལ་བདག་འབྲུག་ཡུལ་དུ་བསྐྱོད། ཉིན་གཅིག་སྲང་ལམ་ནས་ཤིང་ཏོག་བཙོང་བའི་བུ་མོ་ཞིག་གི་ལག་ནས་བལ་སེའུ་རྒྱ་མ་གང་ཉོས་པ་བུ་མོ་དེ་མཛེས་པས་མིན་པར་ང་ཤིང་ཏོག་འདིར་དགའ་བས་ཡིན།
བུ་མོ་དེས་”བལ་སེའུ་ཞིམ་ཏོག་ཡོད་”ཟེར་བ། བལ་སེའུ་ཞིམ་པོ་ཡོད་ཟེར་བའི་དོན་ཡིན་པ་ཤེས་སོང་། སྐབས་དེར་ང་ལ་ར་འཕྲོད་པ་ནི་རྒྱ་གར་གྱིས་གྷོ་བ་(Guava) ཟེར་བའི་ཤིང་ཐོག་དྲི་མ་ཅན་དེ་ལ་བལ་པོའི་སེའུ་ཟེར་གྱི་ཡོད་པ་དེ་རེད། ངས་བསྐྱར་ནན་གྱིས་བུ་མོ་དེར་”འདིའི་མིང་ལ་ཅི་ཟེར་བ་རེད་”ཅེས་དྲིས་པར། མོས་ལན་དུ་”གྷོ་བ་”ཟེར། ངས་”མ་རེད་འབྲུག་སྐད་ལ་ཅི་ཟེར་བ་རེད་”ལབ་པར། མོས་ཀུ་རེ་རྩེ་ཡི་འདུག་སྙམ་གྱི་ཡོད་པའི་རྣམ་འགྱུར་ཞིག་ཁྲ་གོར་གོར་གྱི་མིག་ཟུང་དྭངས་མོ་གཉིས་ལས་ཧ་ཅང་མངོན་གསལ་དུ་ཤར་སོང་བར། ངས་”ཀུ་རེ་རྩེ་ཡི་མེད། འབྲུག་སྐད་ལ་འདིའི་མིང་ལ་ཅི་ཟེར་བ་ཤེས་ན་འདོད་པ་ཡིན་”ལབ་པར།མོས་”ཨ་ཇོ། འདིའི་མིང་ལ་བལ་པོའི་སེའུ་ཟེར། བལ་པོའི་སེའུ་མ་ཟོས་ཀྱང་།། ཁ་དོག་ཉིད་ལས་བྲོ་བ་ཤེས།། ཞེས་པའི་”བལ་པོའི་སེའུ་དེ་རེད་”ཟེར།
དཔལ་ལྡན་འབྲུག་གི་རྒྱལ་ཁབ་ན་དུས་དེང་སང་ཡང་འདི་ལ་བལ་པོའི་སེའུའམ། བལ་སེའུ་ཞེས་གྲ་མ་ཉམས་གྲུ་མ་ཆག་པར། ཉིན་རེའི་འཚོ་བའི་ནང་ན་བཀོལ་སྤྱོད་བྱེད་བཞིན་འདུག་ལ། ཤིང་ཏོག་བཙོང་བའི་བུ་མོ་ཆུང་ཆུང་དེའི་བཀའ་དྲིན་གྱིས་དུས་དེ་ནས་བཟུང་བལ་པོའི་སེའུ་ངོ་ཤེས་པར་གྱུར།
ཤིང་ཏོག་འདི་རྒྱ་གར་དང་མེཀ་ཁོ་(Mexico) གཙོས་འཛམ་གླིང་གི་ཡུལ་གྲུ་མང་པོར་སྐྱེས་ཡོད་པ་དང་། ཤིང་ཕྲུག་བཙུགས་ཏེ་ལོ་གཉིས་པ་ནས་འབྲས་བུ་ཐོགས་ཀྱི་ཡོད་པ་དང་། ཤིང་སྡོང་སྤྱིའི་ཆ་སྙོམས་ཀྱི་ཚེ་ཚད་ལོ་ ༤༠ ཡིན་འདུག
ཤིང་ཏོག་འདི་རྒྱལ་ཁབ་གང་སར་ཞོར་ཟས་ཤིང་ཏོག་གི་གྲང་ཚལ་དང་། ཟས་ཀྱི་སྔོན་འགྲོ། ཁུ་བ་བཙིར་ནས་འཐུང་བ་སོགས་བཀོལ་སྤྱོད་ཆེ་བའི་ཤིང་ཏོག་ཅིག་ཡིན་པས། སྤྱི་ལོ་ ༢༠༡༩ ལོར་འཛམ་གླིང་གི་ཚོང་རའི་ནང་བལ་པོའི་སེའུ་ཊོན་ས་ཡ་ ༥༥ (55 million tonnes) བཙོང་ཡོད།
བདག་གིས་ཐོག་མར་ཤིང་ཏོག་འདི་སློབ་གྲྭའི་སྒོ་འགྲམ་ནས་ཉོས་ཏེ་དྲི་མར་སྣུམ་པས་གསེབ་དྲིའམ། གཡའ་དྲི། ཡང་ན་རུལ་དྲི་ཡིན་སྙམ་ལྟ་བུའི་དྲི་མ་མཚར་པོ་ཞིག་གིས་ཤིང་ཏོག་སྔོ་རྡོག་རྡོག་འདི་ཟ་རྒྱུའི་ཡི་ག་འགགས། རྒྱ་གར་བ་རྣམས་ཤིང་ཏོག་འདི་ཟ་དགའ་བ་རིག་ནས། རྒྱ་གར་བའི་ལུས་ལ་གསེབ་དྲིའམ་གཡའ་དྲི་ལྟ་བུའི་དྲི་མ་ངན་པ་ཞིག་ཁ་བ་ཤིང་ཏོག་འདི་དང་འབྲེལ་བ་འདུག་དྲན་མྱོང་། ཡིན་ན་ཡང་བདག་གི་གྲོགས་པོ་ཚོས་ཀྱང་བལ་པོའི་སེའུ་ཧ་ཅང་ཞིམ་མདོག་གིས་ཟ་བ་བརྟེན་ནས། རང་བཞིན་གྱིས་ཟ་སྙིང་འདོད་པ་ཞིག་ཏུ་གྱུར་ཏེ། མཐར་ང་ཡང་བལ་པོའི་སེའུ་ལ་དགའ་ཞིང་ལོབས་པར་གྱུར།
བལ་པོའི་སེའུ་ལ་ཕྱི་མདོག་ལྗང་ཁུ་དང་དམར་ནག་གི་རིགས་ཡོད་ཀྱང་། རྒྱ་གར་ན་ཡོད་པ་དེ་ཕྱི་མདོག་ལྗང་ཁུ་ཅན་དེ་ཡིན། བལ་པོའི་སེའུ་ལྗང་ཁུ་ལ་སྨིན་ན་ཁོག་དམར་པོར་འགྱུར་འགྲོ་བ་དང་། ཁོག་དཀར་པོར་འགྱུར་བའི་རིགས་གཉིས་ཡོད། རོ་སྐ་བ་དང་མངར་ཤས་ཆེ། ནང་ན་འབྲུ་ཆུང་ཆུང་དཀར་པོ་མཁྲེགས་པོ་མང་། ཕྱིའི་མདོག་སེར་ཤས་སུ་གྱུར་པ་སྨིན་པའི་རྟགས་ཡིན།
སྤྱི་ལོ་ ༢༠༢༡ ཟླ་ ༥ ཚེས་ ༩ ཉིན།
བོད་ཀྱི་ཤིང་ཏོག་གི་རིགས་ཕལ་ཆེར་གྱི་མིང་། བོད་ཀྱི་ཚ་བ་ཆེ་བ་དང་རོང་ཁུལ་ནས་བཙལ་བགྱི་ཧ་ཅང་གི་གལ་ཆེ་བ་འདུག་སྙམ་པ་སྔ་མོ་ནས་བྱུང་། རྒྱ་གར་དང་ཉེ་བའི་འབྲུག བདེ་ཆེན་ཕྱོགས་ཀྱི་སྡེ་རོང་། མདོ་སྨད་ཀྱི་ཟུང་ཕན་སོགས་ན་ཤིང་འབྲས་ཀྱི་མིང་མང་བ་ཡོད་ངེས།
རེད། བལ་པོའི་བསེའུ་ལ་ འབྲུག་པས་བལཔ་བསེའུ་ ཞེས་འབྲེལ་སྒྲ་མི་མངོན་ཞིང་ མིང་མཐའ་ཡར་སྦྱར་ནས་ འདོན་གྱི་ཡོད། མཐོ་ཚད་མི་སྙོམས་པའི་ས་གནས་མང་པོ་ཞིག་ལ་ ཤིང་ཏོག་འདི་ཡོང་གི་འདུག་པ་མ་ཟད་ ཆེ་ཆུང་དང་ བྲོ་བ་མི་འདྲ་བ་སྣ་ཚོགས་འདུག། ཡིན་ན་ཡང་། བལ་པོའི་བསེ་འུ་མ་ཟོས་ཀྱང་། །ཁ་དོག་ཉིད་ལས་བྲོ་བ་ཤེས།། ཞེས་པའི་བལ་པོའི་བསེའུ་དེ་བལྟ་དགོས་ན་ སྤྱིར་འབྲུག་ཡུལ་དང་། ཡང་སྒོས་ སྤུ་ན་ཁ་ ཟེར་བ་དེ་ལ་ཕེབས་པར་ཞུ། ཡུལ་འདིའི་བསེའུ་དེ་ཆེ་ཆུང་སྒོ་ང་ཙམ་ལས་མི་འོང་ལ། བསེའུ་དེ་དག་ མ་སྨིན་པའི་སྔོན་ལ་ལྗང་ཁུ་རེད་དེ་ སྨིན་པ་ན་ སེར་པོ་སེར་རྐྱང་ཆགས་ནས་ མཐོང་བ་ཙམ་གྱིས་ བྲོ་བ་དྲན་ནས་ འགྲམ་ཆུ་ལྡང་ནུས་པ་ཞིག་ཡོད།
གཅིག་བྱས་ན་ བསེའུ་དེའི་འབྱུང་ཁུངས་དང་པོ་འདི་ བལ་ཡུལ་ཡིན་པ་འདྲ། བལ་ཡུལ་བ་ཚོས་ཟིན་བྲིས་འདི་གཟིགས་ན་ ཡུལ་འདིའི་ བསེའུ་དེའི་སྐོར་ཏོག་ཙམ་གསུངས་རོགས་གནང་།
སྔོན་མ་ང་རང་ ཝ་ཎ་མཐོ་སློབ་ཁང་དུ་ སློབ་སྦྱོང་བྱེད་དུས་ རྒན་པདྨ་རྒྱལ་མཚན་མཆོག་གིས་ བལ་པོ་བསེའུ་ཞེས་པ་འདི་ བསེ་འབྲུ་(pomegranate) ཟེར་བ་དེ་ རེད་ཅེས་འགྲེལ་བཤད་གནང་བ་མ་ཟད། ས་པཎ་གྱི་ཚིགས་བཅད་དེའི་ འགྲེལ་བཤད་ཀྱང་གནང་སོང་། ང་ནི་ངོ་ཚ་དགོས་པ་ཞིག་བྱུང་།
རྒྱ་གར་བ་སྤྱི་བྱིང་གིས་ཀུ་ཤུ་ལ་སེབ་ཟེར་མོད། འོན་ཀྱང་ཧི་མ་ཅལ་གྱི་གྲོང་གསེབ་མང་པོར་སེའུ་ཟེར་བཞིན་འདུག འོན་ཀྱང་ཤིང་ཏོག་འདི་དག་གི་ཁ་དོག་ལས་བྲོ་བ་ཤེས་ཟེར་ན་ནི་བཤད་དཀའ་བ་ཞིག་རེད།
ཁོ་བོས་རྙེད་པའི་ས་ལེགས་ཀྱི་འགྲེལ་༼ལེགས་པར་བཤད་པ་རིན་པོ་ཆེའི་གཏེར་གྱི་དོན་འགྲེལ་བློ་གསལ་བུང་བའི་བསྟི་གནས་(1985ལོར་ཤེས་རིག་དཔར་ཁང་གིས་པར་ཏུ་བཏབ་པ) ༽ཞེས་པ་རུ། བལ་ “པོས་” སེའུ་མ་ཟོས་ཀྱང་། །ཞེས་བཀོད་འདུག སྤྱིར་དེབ་འདི་ཡིག་ནོར་གྱི་ཕུང་བོས་གྲུབ་པ་ཞིག་རེད་མོད། འོན་ཀྱང་འགྲེལ་པར་ཡང་དེ་ལྟར། བལ་པོ་ཟ་བ་བོ་དང་ཤེས་པ་པོར་བྱས་ཤིང་། སེའུ་དང་བྲོ་བ་བཟའ་་བྱ་དང་ཤེས་བྱ་གཉིས་སུ་བཀྲལ་འདུག་པས། ད་རེས་ཀྱི་འདི་དག་པར་མཐོང་ངོ་། །གང་ལ་ཞེ་ན། སྐབས་དེ་དུས་བོད་ཡུལ་དུ་སེའུ་ (pomegranat)མེད་པས། བོད་པ་རྣམས་དེ་ལ་ཆ་རྒྱུས་མེད་པས་མ་ཟོས་ན་དེའི་བྲོ་བ་ཤེས་བར་མི་འགྱུར་མོད། འོན་ཀྱང་བལ་པོ་རྣམས་དེ་ལ་རྒྱུས་ཆེ་བས་སེའུ་ཟ་མི་དགོས་པར་དེའི་ཁ་ཏོག་ལ་བལྟས་པས་ཀྱང་དེའི་བྲོ་བ་ཤེས་པའི་དོན་དུ་བཀྲལ་འདུག་པ་ལྟར་དོན་ལའང་འབྱོར་ཆེ་བར་སྙམ།།