ཆབ་ཚང་འཇམ་དཔལ།
བལ་ཡུལ་ནི། འཛམ་གླིང་གི་ཤར་ཕྱོགས་སུ་ཨེ་ཤི་ཡའི་རྒྱལ་ཁབ་ཞེ་བརྒྱད་(1)ཡོད་པའི་གྲས་ནས་གཅིག་དང་། སྤྱིའི་ཆ་ནས་ལྷོ་ཨེ་ཤི་ཡའི་སྡེར་གཏོགས་པ་ཞིག་རེད་འདུག དེ་ཡང་ཞིབ་པར་བཤད་ན། རྒྱལ་ཁབ་འདི་རྒྱ་གར་གྱི་ཤར་ལྷོ་ནུབ་རྒྱུད་དང་འབྲེལ་ཞིང་། བོད་ཀྱི་བྱང་ཕྱོགས་དང་། ཧི་མ་ལ་ཡའི་རི་རྒྱུད་ཀྱི་ལྷོ་འདབས་ཀྱི་སྐམ་སའི་དབུས་ཁུལ་དུ་གནས་པའི་རྒྱལ་ཁབ་ཆུང་ཆུང་ཞིག་རེད།
སྤྱིར་འཛམ་གླིང་འདིར་རྒྱལ་ཁབ་སྐྱོང་ལུགས་མི་འདྲ་བ་ཧ་ཅང་མང་པོ་ཡོད་ངེས་ཀྱང་། སྤྱི་ཡོངས་ཀྱི་ཆ་ནས་རྒྱལ་རྒྱུད་ལམ་ལུགས་དང་། དེ་ལས་ཅུང་གུ་ཡངས་པའི་དམར་པོའི་ལམ་ལུགས་དང་། དམངས་གཙོའི་ལམ་ལུགས་བཅས་གསུམ་ལྟ་བུར་མཐོང་། དེ་ཡང་ལམ་ལུགས་དེ་གསུམ་ག་བྲན་གཡོག་ལམ་ལུགས་དང་། མ་རྩའི་རིང་ལུགས་དང་། སྤྱི་ཚོགས་རིང་ལུགས་གསུམ་(2)གང་རུང་གི་སྡེར་གཏོགས་པ་ཞིག་རེད་སྙམ།
བལ་ཡུལ་རྒྱལ་ཁབ་ལྟ་བུར་མཚོན་ན། རྒྱལ་རྒྱུད་ལམ་ལུགས་ཀྱིས་རྒྱལ་སྐྱོང་བྱས་ཤིང་། རྒྱལ་སྐྱོང་གི་དུས་ཡུན་དེ་ཙམ་རིང་པོར་གནས་ཐུབ་མེད། ཕྱི་ལོ་ 1768 ལོར་པིརཱཐཱ་བ ནཱརཱཡཱན་ ནས་ ཕྱི་ལོ་2008 ལོར་ཕེབས་པའི་རྒྱལ་པོ་ གྷཡཱནའེནརྡིརཱ་ བྷར བྷིཀིརཱམ་ ཤཱཧ་ དྷེབི་ བར་རྒྱལ་པོ་བཅུ་བཞིས(3)་ལོ་ངོ་ 250 ལྷག་གི་རིང་སྲིད་དབང་བསྐྱངས། དེ་རྗེས་རྒྱལ་པོ་ནང་མི་དང་བཅས་པར་དམར་གསོད་དོན་རྐྱེན་བྱུང་སྟབས་རྒྱལ་རྒྱུད་ལམ་ལུགས་ཐག་པ་ཆད་པ་ལྟར་གྱུར། རྐྱེན་ངན་གྲོགས་ཤར་ལྟ་བུས་རིམ་པས་རྒྱལ་ཁབ་འདི་དམངས་གཙོའི་ལམ་སྲོལ་ནང་མདུན་སྐྱོད་ཆེན་པོ་བྱེད་ཐུབ་པ་བྱུང་།
མ་ཟད་ཆོས་ལུགས་རིས་མེད་དང་། ཕོ་མོ་འདྲ་མཉམ། གྲོས་ཚོགས་འཐུས་མིའི་སུམ་ཆ་གཅིག་བུད་མེད་ཡིན་དགོས་པ། སྲིད་འཛིན་བགྲེས་གཞོན་གཉིས་ལས་གཅིག་བུད་མེད་ཡིན་དགོས་པ་སོགས་དེང་དུས་དང་འཚམས་པའི་རྩ་ཁྲིམས་གཏན་འབེབསཀྱིས་ལག་བསྟར་བྱེད་འགོ་བཙུགས་ཡོད།
རྒྱལ་ཁབ་ཀྱི་ས་དབྱིབས་ལྷམ་མགོ་མཆུ་རིང་ཅན་ཞིག་དང་ཧ་ཅང་འདྲ་ཞིང་། ས་རྒྱ་སྤྱི་ལེ་གྲུ་བཞི་མ་ 147,181 ཙམ་ཡོད། དེ་ནི་འབྲུག་པའི་ས་ཁྱོན་ཐེངས་བཞིར་མཐུད་པ་ལྟ་བུ་ཡིན་ཀྱང་། སྤྱི་ལེ་གྲུ་བཞི་མ་འབུམ་ཉེར་ལྔ་ལྷག་ཡོད་པའི་བོད་ཀྱི་ས་ཁྱོན་དང་བསྡུར་ན་རྐང་རྗེས་ལྟ་བུ་ཡིན།
མི་གྲངས་ས་ཡ་ཉེར་དགུ་དང་དྲུག་འབུམ་ཉིས་ཁྲི་བཞི་སྟོང་བརྒྱ་མེད་སོ་ལྔ་ 29,624,035 དང་། རྒྱལ་དར་ཟོར་བ་སོ་གཉིས་མ་ཞིག་དང་འདྲ་ཞིང་དེའི་སོ་བར་དུ་ལྷམ་དབྱིབས་ལྟ་བུའི་ས་བཀྲའི་ནུབ་ངོས་ཀྱི་རྟིང་པ་བཙུགས་ན་སྲོག་ཆགས་ཤིག་གི་ཁ་ནས་ལྕེ་འདྲུད་བསྡད་པ་ལྟ་བུའི་རྣམ་འགྱུར་ཐོན།
དེ་ཡང་ཡུལ་དེའི་ས་ཁྱོན་ཡོངས་མངའ་སྡེ་བདུན་གྱིས་གྲུབ་པ་དང་། མངའ་སྡེ་རེ་རེའི་མི་གྲངས་མང་ཉུང་དང་། ས་ཁྱོན་མི་འདྲ་བ་མ་ཟད། མངའ་སྡེ་དབྱེ་བགོས་བྱེད་སྐབས་མི་རིགས་མི་འདྲ་བ་དང་། སྐད་ཡིག་མི་འདྲ་བ། ཆོས་ལུགས་མི་འདྲ་བ། གོམས་གཤིས་མི་འདྲ་བར་བསྟུན་ནས་དབྱེ་བགོས་མ་བྱས་སྟབས། མངའ་སྡེ་གཅིག་གི་ནང་ཆོས་ལུགས་མི་འདྲ་བ་དང་། མི་རིགས་མི་འདྲ་བ། རིག་གནས་མི་འདྲ་བ། སྐད་ཡིག་དང་དད་མོས་མི་གཅིག་པ་སྣ་ཚོགས་ཡོད་པ་མ་ཟད། མི་རིགས་སོ་སོའི་ངོ་བོ་མཚོན་ཐུབ་པའི་རྒྱན་གོས་ཀྱང་འདྲ་མིན་ཡོད།
དཔེར་ན། མངའ་སྡེ་དང་པོ་དང་། གསུམ་པ། བཞི་པ། དྲུག་པ་བདུན་པ་སོགས་སུ་སོ་སོའི་མེས་པོའི་རྒྱུད་པ་བོད་རྒྱུད་གཙང་མ་ཡིན་པའི་ཀློ་སྨོན་ཐང་དང་། ནུབ་རི། ཡོལ་མོ། གླང་ཐང་། ཀམ་རོང་། དོལ་བོ། གཉེ་ཤིང་། བཙུན་པ། མུ་གུམ། གླེ་མེ། སྨེར་ཕ། ཁ་བ། ནུར་བ། ཝ་ལུང་། སྒོ་རུང་། པུ་ཝ། འོམ་ལུང་། ཀར་ཏི། དཱ་ར་སོགས་ཁ་འཐོར་དང་མཉམ་གནས་འདྲ་མིན་གྱིས་ཚུད་པ་ལྟ་བུ་རེད།
སྤྱིར་ཡུལ་དེར་སྐད་ཡིག་མི་འདྲ་བ་བརྒྱ་དང་ཉེར་གསུམ་ཡོད་པ་དང་། དེ་དག་ལས་བཀོལ་སྤྱོད་ཀྱི་ཁྱབ་ཁོངས་གང་འཚམ་ཆེན་པོར་བརྩི་བའི་སྐད་ཡིག་མི་འདྲ་བ་བཅུ་ལྷག་ཡོད། དེ་དག་ནི་ ནེཔཱལེ་ དང་། མེཐཱལེ། བྷོཇིཔོརེ། ཐཱརོའུ། ཏམང། ནེབར། བྷཇིཇིཀཱ། མཱགྷར། དོཏཱལེ། ཨརདོ་བཅས་ཡིན།
དེ་ཡང་ ནེཔཱལེ་ ནི། ཡུལ་དེའི་མི་འབོར་གྱི་བརྒྱ་ཆའི་ 44.6 ལྷག་གིས་སྤྱོད་བཞིན་ཡོད་སྟབས། སྐད་ཡིག་དེ་རྒྱལ་ཁབ་དེའི་སྐད་ཡིག་གཙོ་བོ་དང་ཁྱབ་ཆེ་ཤོས་དེ་ཡང་རེད། དེ་མིན་ མེཐཱལེ་ ནི། ཡུལ་དེའི་མི་འབོར་གྱི་བརྒྱ་ཆའི་ 11.7 དང་། བྷོཇིཔོརེ་ ནི། བརྒྱ་ཆའི་ 6 དང་། ཐཱརོའུ་ ནི། བརྒྱ་ཆའི་ 5.8 དང་། ཏམང་ ནི། བརྒྱ་ཆའི་ 5.1 དང་། ནེབར་ ནི། བརྒྱ་ཆའི་ 3.2 ལྷག་གིས་སྤྱོད་བཞིན་ཡོད་པ་དང་། དེ་མིན་ བྷཇིཇིཀཱ་དང་། མཱགྷར། དོཏཱལེ་ གསུམ་མི་འབོར་གྱི་བརྒྱ་ཆའི་གསུམ་གསུམ་དང་། ཨརདོ་ བརྒྱ་ཆའི་ 2.6 ལྷག་གིས་སྤྱོད་བཞིན་པ་རེད།
གོང་གསལ་ལྟར་ ནེཔཱལེ་ དང་། མེཐཱལེ་ གཉིས་ནི་ཡུལ་དེའི་སྐད་ཡིག་ཁྱབ་རྒྱ་ཆེ་ཤོས་དང་པོ་དང་གཉིས་པ་གཉིས་ཡིན། མི་འབོར་ལ་ཕབ་ན། ནེཔཱལེ་ནི། མི་གྲངས་ས་ཡ་བཅུ་གཅིག་དང་བརྒྱད་འབུམ་ཉིས་ཁྲི་དྲུག་སྟོང་དགུ་བརྒྱ་ང་གསུམ་ 11,826,953 དང་། མེཐཱལེ་ནི། མི་གྲངས་ས་ཡ་གསུམ་དང་འབུམ་མེད་དགུ་ཁྲི་ཉིས་སྟོང་ལྔ་བརྒྱ་སུམ་ཅུ་ 3,092,530 ལྷག་གིས་སྤྱོད་བཞིན་ཡོད།
ཆོས་ལུགས་ཀྱང་ཧིན་དུ་དང་། ནང་པ། ཡེ་ཤུ། ཁ་ཆེ། བོན་སོགས་ཡོད། ཡུལ་དེའི་མི་འབོར་གྱི་བརྒྱ་ཆའི་ 80.62% ཧིན་དུ་དང་། བརྒྱ་ཆའི་ 10.74% ནང་པ། བརྒྱ་ཆའི་ 4.20% ཁ་ཆེ། བརྒྱ་ཆའི་ 0.45% ཡེ་ཤི། བརྒྱ་ཆའི་ 3.99% བོན་དང་
• Roman Catholicism
▪ Jainism
▪ Bahá’í Faith
▪ Sikhism སོགས་ཆོས་ལུགས་གཞན་དག་གི་རྗེས་འབྲང་བ་དང་། དམིགས་བསལ་ཆོས་ལུགས་དང་འབྲེལ་མེད་ཚོས་ཟིན་ཡོད་ཚུལ་གཞུང་འབྲེལ་གྱིས་བཤད་ཀྱང་། དོན་དམ་པར་ཡུལ་དེའི་མི་འབོར་གྱི་བརྒྱ་ཆའི་ 40.4% ལྷག་ནང་པས་ཟིན་ཡོད་ཚུལ་ཡུལ་དེའི་མི་མང་པོས་ཡང་ཡང་བཤད་བཞིན་པ་གོ་ཐོས་བྱུང་།
གུས་པར་མཚོན་ན། ས་ཆ་འདིར་དམིགས་བསལ་གྱི་ཁྱད་ཆོས་ཤིག་ཡོད་པ་ནི། ལོ་རྒྱུས་ཧ་ཅང་རིང་བའི་ནང་པའི་གནས་ཆེན་མང་པོ་ཡོད་པ་དེ་རེད། དཔེར་ན། སངས་རྒྱས་འཁོར་བ་འཇིག་དང་། སངས་རྒྱས་གསེར་ཐུབ། བདག་ཅག་གི་སྟོན་པ་སོགས་སྐུ་འཁྲུངས་སའི་གནས་དང་། སངས་རྒྱས་ཐམས་ཅད་སྐྱོབ་རི་བོ་རྩེ་ལྔར་ཕེབས་སྐབས་བཞུགས་ཞག་མཛད་པའི་གནས། ཆོས་རྒྱལ་མྱ་ངན་མེད་ཀྱི་སྲས་མོ་ཅཱརིམཱཏིས་བཞེངས་པའི་ཅཱབྷེལ་མཆོད་རྟེན། གླང་རི་ལུང་བསྟན། བྱ་རུང་ཁ་ཤོར། སངས་རྒྱས་གཙུག་ཏོར་ཅན་གྱི་དུས་སུ་རང་བྱོན་དུ་ཕེབས་པའི་འཕགས་པ་ཤིང་ཀུན་སོགས་ནང་པའི་གནས་ཆེ་ཆུང་མི་འདྲ་བ་དྲུག་ཅུ་ལྷག་ཡོད་པ་ལྟ་བུ་རེད།
གནམ་གཤིས་ལ་ལོ་སྔ་ཕྱི་མི་མཚུངས་པའི་ཤུགས་ཆེའི་འགྱུར་ལྡོག་དེ་ཙམ་མེད། ལོ་རེའི་ཆ་སྙོམས་ཀྱི་གནམ་གཤིས་ནི། ཕྱི་ཟླ་དྲུག་པ་ཚ་བ་རྒྱས་ཤོས་ཆ་སྙོམས་དྲོད་ཚད་ 73 ( F 23 ° C ) དང་། ཕྱི་ཟླ་དང་པོ་གྲང་ཤོས་ཆ་སྙོམས་གྲང་ཚད་ 49 ℃ F ( 9 ) ཡི་ཐོག་ནས་འགྱུར་ལྡོག་དེ་ཙམ་མི་ཆེ། སྤྱི་བཏང་གི་ཆ་ནས་ཟླ་རེར་ཉི་འོད་འཚེར་བའི་དུས་གྲངས་མང་ཤོས་ 12 དང་། ཕྱི་ཟླ་བདུན་པར་ཆར་རླུང་གི་འཇིགས་པ་ཏོག་ཙམ་ཆེ་བ་འདྲ་ཞིག་ཡོད།
འབྲོམ་སྟོན་པས། མི་ཆོས་གནད་ཀྱི་ཕྲེང་བར། ཐག་རིང་བལ་པོའི་ཐང་ནི་ཚད་པ་ཆེ།།ཁ་སྐོམ་བཏུང་བའི་ཚོགས་ལ་གཟབ་པར་འཚལ།།ཞེས་ལབ་འཐེན་སྟངས་ལ་བལྟས་ན། བལ་ཡུལ་ཐང་ལ་ཚད་པ་ཆེན་པོ་ཡོད་པ་ལྟ་བུར་ཚོར་ཡང་། དེང་སང་གི་བལ་ཡུལ་གྱི་གནམ་གཤིས་ནི། དག་པའི་ཞིང་ཁམས་ཀྱི་གནམ་གཤིས་ལྟ་བུ་རེད།
མི་སེར་མང་ཆེ་བས་ཞིང་ལས་དང་། ཚོང་ལས། ཞོར་ལས་གཉེར་བཞིན་པ་དང་། ལྷག་པར་དུ་ནང་མི་གཅིག་ དྷོབྷེ་དང་། ཨིན་ཡུལ། ཀོརིཡ། ཁཱནཱཌཱ། རྒྱ་གར། ཧོནཀོང་སོགས་ཕྱིའི་རྒྱལ་ཁབ་ཁག་ཏུ་སོང་ནས་དཀའ་ཚེགས་ཆེ་བའི་ལས་གཡོག་གི་ཡོང་འབབ་ཚུར་ནང་མིར་བཏང་བ་ལ་བརྟེན་ནས་འཚོ་བ་རོལ་མཁན་ཡང་ཧ་ཅང་མང་པོ་ཡོད་འདུག ཧོབ་དེ་བལྟས་ན། མི་སེར་མང་ཆེ་བའི་འཚོ་བ་འགྲིག་ཙམ་མེད་དམ་སྙམ་པ་འཆར་ཡང་ཞིབ་ཏུ་བལྟས་ན་སྐྱོ་བོ་ཧ་ཅང་མང་པོ་འདུག
ཕྱོགས་གཞན་ཞིག་ནས་བཤད་ན། ཡུལ་དེར་ལྐོག་ཟའི་གནད་དོན་ཚབས་ཆེན་ཡིན་སྟབས། གཞུང་གི་དཔོན་རིགས་ཁྲོད་རྒྱུ་ཆེན་ཧ་ཅང་མང་པོ་ཡོད། དེ་མིན་རང་གི་ཚོང་ལས་ཀྱི་འཇོན་ཐང་ཁོ་ནར་བརྟེན་ནས་ཨ་སྒོར་ཁྲག་ཁྲིག་ཆེན་པོ་གཅིག་1,000,000,000,000 ལྷག་བསགས་པའི་ཕྱུག་ཆེན་Binod Chaudhary (4)ལྟ་བུའང་ཡོད།
མི་འབོར་གྱི་བརྒྱ་ཆའི་ 49.6% སྐྱེས་པ་དང་། བརྒྱ་ཆའི་ 50.4% བུད་མེད་ཀྱིས་ཟིན་འདུག གཉེན་སྒྲིག་བྱེད་པའི་བུད་མེད་ཀྱི་བརྒྱ་ཆའི་ 52 རང་ལོ་བཅོ་བརྒྱད་མ་ཟིན་པ་ཤ་སྟག་ཡིན། གཉེན་སྒྲིག་གི་ལམ་སྲོལ་ནང་ཁྱོ་གཅིག་ཤུག་མང་དང་། ཤུག་གཅིག་ཁྱོ་མང་གི་ལམ་སྲོལ་གཉིས་ཀ་ཡོད་པ་མ་ཟད། གོ་ཐོས་ལྟར་ན། གཉེན་སྒྲིག་ཁྲོད་ཕ་མའི་འདོད་ཕྱོགས་མ་གཏོགས། ཕན་ཚུན་གཉིས་མོས་ཀྱིས་གཉེན་ཆང་ཐུང་མཁན་ཉུང་ཉུང་རེད།
ཁྱིམ་མིའི་ནང་གནའ་བོའི་ལམ་སྲོལ་རྙིང་པའི་རིགས་མ་ཉམས་པར་གནས་པའང་མང་པོ་མཐོང་རྒྱུ་ཡོད། དཔེ་མཚོན་གཅིག་བཤད་ན། སྐྱེ་དམན་གྱིས་རང་གི་ཁྱོ་གས་ཟ་མ་བཟས་མ་ཚར་བར་རང་གིས་ཟ་མ་བཟའ་མི་ཆོག་པ་དང་། དེ་ཡང་ཁྱོ་གར་ཟས་ལྷག་ཡོད་ན་དེ་དང་། ཟས་ལྷག་མེད་ན་ཁྱོ་གའི་ཕོར་བ་མ་བཀྲུས་པའི་ནང་ཟ་མ་བླངས་ནས་བཟའ་དགོས་པ་ལས། ཕོར་བ་བཀྲུ་བ་དང་། ཕོར་བ་གསར་པ་ལེན་པའི་ལུགས་སྲོལ་མེད་པ་ལྟ་བུ་ཡིན།
ངས་གནས་ཚུལ་ཞིག་དྲན་སོང་། སྤྱིར་སྐབས་འདིར་འབྲེལ་མེད་ལྟ་བུར་ཚོར་ཡང་བཤད་ན་འདོད་བྱུང་། རྒྱ་གར་ལྷོ་ཕྱོགས་དགའ་ལྡན་དགོན་པ་དང་ཐག་དེ་ཙམ་མི་རིང་བའི་ས་ཞིག་ན། ཟ་ཁང་གཉེར་བའི་རྒྱ་གར་པའི་ཁྱིམ་ཚང་ཆུང་ཆུང་ཞིག་འདུག ཁྱིམ་ཚང་དེར་ཁྱོ་ག་དང་། སྐྱེ་དམན། བུ་མོ་གཅིག་འདུག ཁྱོ་ག་དེས་རང་གི་སྐྱེ་དམན་དང་རང་གི་བུ་མོ་གཉིས་ཀ་ཆུང་མར་ཉར་འདུག་སྟབས། ཨ་མ་དང་བུ་མོ་གཉིས་ཀྱིས་ཁྱོ་ག་དེའི་ཆེད་ཡང་ཡང་རྩད་རྒྱག་གི་འདུག དེ་ནི་ཁོང་ཚོར་མཚོན་ན་གནའ་མིའི་ལམ་སྲོལ་སྤྱིར་བཏང་བ་ཞིག་རེད།
ངས་གནས་ཚུལ་དེ་ཤེས་མ་ཐག སྐྱེ་བ་སྔ་ཕྱི་དང་ལས་འབྲས་སྐྱག་དུང་ནང་གཡག་མཁན་རྒྱང་འཕེན་པ་ཚོའི་ རང་གི་བུ་མོ་དང་ནི་ཆུང་མ་དང་།།མཛེས་མ་ལེགས་པར་སྤྱོད་ཀྱང་ཟ་བར་གྱིས།།ཞེས་པའི་ཚིག་དེ་དྲན་སོང་།
ཡུལ་དེའི་ན་གཞོན་མང་ཆེ་བས་རང་གི་ཁྱིམ་མིའི་འཚོ་ཐབས་ཁོ་ནར་འབད་པ་མ་གཏོགས། རྒྱལ་ཁབ་དང་མི་རིགས་ལ་བསམ་བློ་བཏང་ནས་ལས་དོན་གཉེར་མཁན་ཧ་ཅང་དཀོན་པོ་ཡིན་སྟབས། མཐོ་རིམ་ལས་ཁུངས་མང་ཆེ་བ་རྒན་འཁོགས་ལག་པས་ཁྱོག་ཚད་ཀྱིས་ཁེངས་པའི་རྒན་གསོ་ཁང་ལྟ་བུ་རེད།
ཕྱི་ལོ་ 2018/5/22 ཉིན། ཉིན་ཐོ་ལས་བསྡུ་སྒྲིག་བྱས།