གོ་འཇོ་བསོད་ནམས་ནོར་བུ།
སྔ་ཚན།
མི་འཁྱམ་རྐང་པ་ཡ་གིའི་རི་ལ་སྤོས་ན།།
རི་རྩེའི་ལམ་བུ་ཕྲ་མོ་ཀྱག་གེ་ཀྱོག་གེ།།
རི་སྐེད་ཕར་ཚུར་གྲོང་སྡེ་ཐར་རེ་ཐོར་རེ།།
རི་འདབས་ལྗང་མདོག་ཞིང་ཁ་ཐམ་མེ་ཐེམ་མེ།།
ཡུན་རིང་ངལ་ཞིང་དུབ་པའི་སེམས་པ་ཉོབ་ཏོ།།
དེ་རིང་རི་བོའི་སྒང་ནས་གཤོག་པ་ཐོགས་ཏེ།།
གླག་རོག་རྒོད་པོའི་སྒྲོ་གཤོག་རྩེ་ལ་འཛིན་བཞིན།།
སྤྲིན་པ་དཀར་དཀར་ནང་ན་ལྷོད་ཅིག་ཕབ་ཨ།།
ཕ་གི་རྒྱང་རིང་རྒྱང་ལ་ཕར་རེ་བལྟས་ན།།
གངས་རི་དཀར་པོའི་དབུ་རྩེ་དམའ་ཞིང་དམའ་ལ།།
ཁ་བའི་མེ་ཏོག་འཐོར་ཞིང་འཐོར་ཚུལ་བསམས་ན།།
ལ་རྒྱབ་ཕ་ཡུལ་ཕྱུག་མོ་དྲན་ཞིང་སྐྱོ་བ།།
མ་གི་བལ་པོའི་ཡུལ་ལ་མར་ཞིག་བལྟས་ན།།
བལ་པོའི་རི་ལྗོངས་ཚང་མ་སྨུག་ཞགས་ལྟེམ་མེ།།
ཕྱོགས་ཀྱི་ཁོ་ར་ཁོར་ཡུག་ཤིང་ནགས་ཟིང་ངེ་།།
ལམ་མདོར་ཤི་བའི་ཤིང་ལོ་ཐལ་སྐྱ་ཕྱུར་རེ།།
བར་ཚན།
རྒྱལ་ས་ཀ་ཐ་མན་གྲུ་མར་ལ་སོང་བས།།
ཀྱག་ཀྱོག་ལམ་ཁ་དོག་མོ་ཧྲལ་ལེ་ཧྲུལ་ལེ།།
རྫབ་རྫོབ་གློག་སྐུད་ཕྲ་མོ་སང་ཆད་གནངས་ཆད།།
ཟ་ཟུར་ལྗན་ལྗིན་གད་སྙིགས་ས་གཡུག་རྡོ་གཡུག།
ཁྲོའུ་མན་རྒྱལ་ཁང་རྙིང་པ་ཁྲག་དྲི་ཕལ་ལེ།།
རྒྱལ་པོའི་རྣམ་ཤེས་ད་དུང་ངུ་སྐད་ཙིར་རེ།།
ཐོག་གི་རྒྱལ་དར་ལྕེ་གཉིས་མིག་ཆུ་ཤུར་རེ།།
དེང་སང་བལ་པོའི་རྒྱལ་ཁབ་ཐལ་བ་ཚུབ་བེ།།
རླངས་འཁོར་ཆེ་ཆུང་ལམ་ལ་སྐར་མདའ་ལྷུང་ལྷུང་།།
ལམ་ཐིག་བརྒལ་ནས་སྦག་སྦག་རྡེ་འུ་འཕེན་འཕེན།།
འོན་ཀྱང་ལམ་གཞུང་མི་མང་ར་ལུག་གཤར་གཤར།།
དམངས་གཙོའི་ཡུལ་ན་མི་མང་འདི་འདྲ་མང་གདའ།།
འགྲོ་ན་རླངས་འཁོར་ཆེ་བའི་ས་སྣུམ་མི་རག།
ཟ་ན་ཁ་ལག་བཟོ་སའི་དབུགས་ཐག་མི་རྙེད།།
སྡོད་ན་ཁང་པའི་ནང་དུ་གཞུང་གློག་མི་སླེབ།།
ཀྱེ་མ་ཀྱེ་མ་བལ་ཡུལ་ཡི་དྭགས་རྒྱལ་ཁབ།།
སྔོན་མའི་ཚོང་ཁང་རྙིང་པ་ཁ་ཤས་འདུག་ཀྱང་།།
རྐང་ལ་ཆུ་བུར་མ་བརྡོལ་བར་དུ་འདུར་ཡང་།།
བཟོ་ལྟ་ཡག་ལ་རྒྱུ་ཆ་སྤུས་དག་དེ་འདྲའི།།
མཁོ་རྒུའི་ཅ་ལག་རག་ན་སྐེ་འདི་འབུལ་ཆོག།
བལ་མི་སྟ་རེ་མགོ་ཡི་གཟི་མདངས་བརླག་གདའ།།
བལ་བཟའ་སྣ་ལུང་ཅན་གྱི་མཛེས་སྡུག་ཤོར་གདའ།།
བལ་ས་སྣུམ་ཤ་ཅན་གྱི་བཀྲག་མདངས་ཡལ་གདའ།།
བལ་པོའི་རྒྱལ་ཁབ་འདི་ཡི་ཡོད་ཚད་ཉམས་གདའ།།
ཐོག་རྩེག་ལྔ་བཅུ་དྲུག་ཅུ་མཐོང་རྒྱུ་ཕར་ཞོག།
སུམ་ཅུ་བཞི་བཅུའི་ཐོག་ཁང་བཙལ་ནའང་མི་རྙེད།།
དེང་རབས་རྒྱལ་ཁབ་འཛུཌ་སྐྲུན་ཤིན་ཏུ་བུལ་བས།།
ང་རང་རྒྱལ་ཁབ་གཅིག་ལ་འབྱོར་བ་མ་ཚོར།།
ཕྱི་ཚན།
ཕར་ལ་བྷོ་དྷ་མཆོད་རྟེན་སྐོར་བ་སོང་ན།།
སྟེང་གི་ནམ་མཁའི་ཉི་འོད་མག་གེ་མོག་གེ།
གནམ་གྲུ་སྔོན་པོའི་གཤོག་སྒྲ་ལྡར་རེ་ལྡིར་རེ།།
ཁང་ཐོག་ཇོ་དར་ཁྲ་བོ་ལྷབ་བེ་ལྷུབ་བེ།།
ཐད་ཀྱི་རླུང་བུའི་རེག་བྱ་ཤར་རེ་ཤུར་རེ།།
རྡོ་གཅལ་སྐོར་ལམ་ཐལ་བ་ཕྱར་རེ་ཕྱུར་རེ།།
ཕུག་རོན་སྔོན་མོའི་གཤོག་འགྱུར་ལང་ངེ་ལིང་ངེ་།།
འདྲ་མིན་མི་ཚོགས་འདུ་འཛི་ལང་ངེ་ལོང་ངེ་།།
དྲི་ཞིམ་བསང་གི་ངད་ལྡང་ཐལ་ལེ་ཐུལ་ལེ།།
སྣང་གསལ་མར་མེའི་འོད་ཟེར་ལམ་མེ་ལེམ་མེ།།
ཌ་དྲིལ་རོལ་མོའི་སྒྲ་དབྱངས་སལ་ལི་སིལ་ལེ།།
བཟང་སྤྱོད་བདེ་སྨོན་དབྱངས་རྟ་ཟ་རེ་ཟི་རེ།།
ཚོང་དཔོན་ཟ་འདོད་མིག་ཟུང་ཧྲག་གེ་ཧྲིག་གེ།
ཟ་ཁང་ཚོང་ཁང་སྐུ་མགྲོན་ཡམ་མེ་ཡོམ་མེ།།
བྷོ་དྷིའི་ཕྲེང་བ་དམར་སེར་ནར་རེ་ནུར་རེ།།
བལ་ཡུལ་ལི་སྐུའི་གསེར་འོད་ཀྱག་གེ་ཀྱུག་གེ།
ཟ་ཟུར་དགེ་སློང་སེར་པོ་ཀྲང་ངེ་ཀྲོང་ངེ་།།
ལམ་དཀྱིལ་རབ་བྱུང་སྔགས་པ་ཙག་གེ་ཙོག་གེ།
ཕོ་གསར་དར་མའི་མགོ་སྒྲ་ཟང་ངེ་ཟིང་ངེ་།།
སྒེག་ལྡན་བུ་མོའི་འཕོངས་མགོ་འབའ་རེ་འབུར་རེ།།
མདུན་ལ་གྲྭ་པ་ཨ་ནེ་ང་མགྱོགས་ཁོ་འགྱོགས།།
ཟུར་དུ་རྒན་འཁོགས་ཕོ་མོ་ཡལ་ལེ་ཡོལ་ལེ།།
རྒྱབ་ཏུ་སྤྲང་གོག་ཆུང་ཆུང་གཅིག་རྒྱུག་གཉིས་རྒྱུག།
རྩིབ་ན་ཁྱི་རྒན་ཁ་ཤས་གཡས་ཉལ་གཡོན་ཉལ།།
བལ་ཡུལ། 9/ 2/ 2016