ཚེ་བརྟན་བཀྲ་ཤིས།
ཞོགས་ཟས་མ་བྱེད་ཙམ་གྱི་གོང་དེར་ “ཏིར་ ཏིར་ ཏིར་” ཞེས་ཁ་པར་ཞིག་འབྱོར། ལྟ་ཙམ་བྱས་པས་མིང་ལ་ཨ་བེ་ཤེག་ཅེས་གསལ་བས་མདང་དགོང་གླས་པའི་གླ་འཁོར་ཁ་ལོ་པ་ཡིན་པ་ཤེས་ཏེ་ཁ་པར་བླངས། “ཏིང་ཅོ་ལེ་སུམ་མདོར་སྒུག་སྡོད་”ཅེས་བརྗོད་ཁུལ་ཡང་གོ་བརྡ་མ་འཕྲོད་པས། གཅུང་མོས་བལ་སྐད་ཐོག་ནས་ “ཡོང་གི་ཡོད། དེར་སྒུག་སྡོད་”ཅེས་བརྗོད་མཚམས་ཁ་པར་བཞག ཞོགས་ཇར་བག་ལེབ་དང་སྒོ་ང་གྲ་སྒྲིག་བྱས་འདུག་ཀྱང་སྤགས་བཟས། དེ་ནས་ཚ་བོ་དང་ཚ་མོར་མུ་མཐུད་སློབ་སྦྱོང་བྱེད་གལ་ཆེ་བ་དང་ཨ་མའི་ཁར་ཉན་དགོས་པའི་བསླབ་བྱ་ཏོག་ཙམ་བརྒྱབ་རྗེས་ནང་ནས་ཐོན།
གཅུང་མོའི་ཁྱིམ་མཚེས་ལ་ “བཞུགས་ཨཱ་” ཞེས་ལབ་དགོས་བསམ་ཡང་སྒོ་བརྡུང་མ་ཕོད་པར་ཁ་ཐུག་ཕྱིན། དེ་ནས་སྒོ་ཕྱི་མ་དེར་སླེབས་དུས། “ཝེ་ ཝེ་ ཝེ་” ཞེས་སྒེའུ་ཁུང་ནས་བོས་པ་གོ་བས་ཡར་ལྟ་དུས་ཁྱིམ་མཚེས་ཨ་ཅག་དང་ཨ་ཅག་གི་ཟླ་བོ་སྐལ་ལྡན་གཉིས་ནས་ “ཏོག་ཙམ་སྒུག་དང་” ཞེས་བརྗོད་པས། སྒོ་འགྲམ་དེར་ཏོག་ཙམ་སྒུག་པས་སྐལ་ལྡན་ལག་ཏུ་ཁ་བཏགས་ཤིག་དང་ལམ་ལ་གསོལ་ཇ་མཆོད་ཅེས་ཤོག་ཆགས་ཤིག་འཁུར་ནས་སླེབས། ཨུ་ཚུགས་བྱས་པས་མ་ལེན་ཀ་མེད་བྱུང་། སྐལ་ལྡན་ནི་རྩོམ་ཡིག་སྔ་མ་ “བོད་ཀྱི་སྐད་ཡིག་གི་གལ་གནད་གླེང་བ་” ཞེས་པའི་ནང་ངོ་ཤེས་ཤིག་ནས་ཤར་བའི་མི་རིགས་འགའ་ཞིག་ལ་བོད་ཀྱི་གཞས་དང་ཞབས་བྲོ་སློབ་ཀྱི་ཡོད་པར་གསལ་བའི་ངོ་ཤེས་དེ་རེད།
དེ་ནས་བལ་ཡུལ་མཆོད་རྟེན་ཉེ་འགྲམ་ཏིང་ཅོ་ལེ་སུམ་མདོར་ཕྱིན་པས་གླ་འཁོར་ཁ་ལོ་པ་དེར་སྒུག་ཡོད་པ་དང་། གླ་རིན་བལ་སྒོར་བདུན་བརྒྱ་གཅུང་མོས་ཨུ་ཚུགས་ཀྱིས་སྤྲད། ཞོགས་པའི་ཆུ་ཚོད་ ༧ པ་ཡོལ་ཙམ་ལ་འཕགས་ཤིང་རླངས་འཁོར་བབས་ཚུགས་སུ་ཐོན། མཆོད་རྟེན་ནས་འཕགས་ཤིང་བར་ཆུ་ཚོད་ཕྱེད་ལྷག་ཙམ་འགོར་རྗེས་རླངས་འཁོར་བབས་ཚུགས་སུ་འབྱོར། བབས་ཚུགས་དེ་ནི་མིང་ཙམ་ལས་དོན་དུ་ལམ་ཟུར་གཡས་གཡོན་དུ་རླངས་འཁོར་བཀག་འཇོག་བྱས་པ་ཙམ་ལས་དམིགས་བསལ་ས་ཆ་གང་ཡང་མེད། ལམ་ཟུར་དེར་ཐལ་འཚུབ་དང་གད་སྙིགས་མང་ཡང་མདུན་གྱི་བལ་པོ་ཁང་བདག་དང་ཚོང་ཁང་བདག་པོ་ཚོས་དེ་དག་ནི་ཡུན་རིང་འགྲོགས་པའི་ངོ་ཤེས་ཙམ་དུ་བརྩི་བ་ལས། ཛོར་སྣང་གང་ཡང་མི་བྱེད།
ནམ་མཁར་སྤྲིན་པ་བྱེའུ་མགོ་ཙམ་ཡང་མེད་མོད་དུ་ཞག་དང་ཐལ་འཚུབ་འདྲེས་མས་བརྗིད་ཉམས་ལྡན་པའི་རྒྱབ་རི་དབུས་མཐོ་ཞིང་མཐའ་དམའ་བ་ཞིག་འདུག་པ་དེ་ཡང་སྤྲིན་གསེབ་ཀྱི་ཟླ་བ་ལྟར་རབ་རིབ་ཏུ་སྣང་། བལ་ཡུལ་ནས་རྒྱ་གར་དུ་འགྲོ་མཁན་གྱི་རླངས་འཁོར་བཞི་ཙམ་ཡོད་པ་དང་དེ་ནི་རྒྱ་གར་ནས་བལ་ཡུལ་དུ་ཡོང་མཁན་ལས་མང་བ་ཡོད་པ་ཤེས་ཐུབ། བབས་ཚུགས་དེར་འགྲུལ་པ་སྐྱེལ་མཁན་དང་འགྲུལ་པ་གང་འཚམས་ཡོད་པ་དང་མང་ཆེ་བ་ནི་སློབ་ཕྲུག་རེད། འགྲུལ་པ་སྐྱེལ་མཁན་འགའ་ཞིག་གིས་འགྲུལ་པར་ཁ་བཏགས་གཡོགས་པ་དང་། ལ་ལས་བྲལ་མི་ཕོད་པ་ལྟ་བུས་ལག་པ་གཡུགས་པ་དང་ཕན་ཚུན་མིག་གིས་ཅེ་རེར་ལྟ་ཚུལ་ལ་གཞིགས་ན། ལོ་ཤས་རིང་ཧ་ལམ་ཐུག་རྒྱུའི་གོ་སྐབས་མེད་པ་ལྟ་བུར་མངོན། འགྲུལ་པ་སྐྱེལ་མཁན་ལྟས་ཚོད་ལ་བུ་མོའི་པཱ་ལགས་འདྲ་བ་ཞིག་འདུག་པ་ཁོང་གིས། མདུན་གྱི་རྐུབ་སྟེགས་སྟེང་ཡོད་པའི་བུ་མོ་གཉིས་ལ་ “ལྡི་ལིར་སླེབས་དུས་སོ་སོའི་ཅ་ལག་མི་གཞན་གྱིས་འཁྱེར་མིན་ལྟོས་མ་གཏོགས། ལམ་སང་འཁྱེར་འགྲོ་ཡི་རེད་”ཅེས་བསླབ་བྱ་བསྐྱོན་སོང་བས་ངའི་བསམ་པར་པཱ་ལགས་དེར་ཁག་མེད་སྙམ་ཅིང་། དོན་རྐྱེན་དེ་རིགས་ནི་ལྡི་ལིར་རྒྱུན་ལྡན་གྱི་གནས་ཚུལ་ཞིག་ཡིན་པས་རེད།
རྒྱ་གར་གྱི་རྒྱལ་ས་ལྡི་ལིར་བདེ་འཇགས་མེད་པའི་གནས་ཚུལ་དེར་བསམས་ན་བལ་ཡུལ་ནི་ཞི་བདེ་ལྷིང་འཇགས་ཀྱི་ཁོར་ཡུག་ཅིག་ཅི་ལ་མིན་ཨང་སྙམ་ཞིང་། བལ་པོའི་མི་རིགས་རྣམས་སྙམ་ཆུང་ཡ་རབས་ཀྱི་གཤིས་སྤྱོད་དང་ལྡན་པས་ཡུལ་སྐོར་པ་སུ་ཞིག་གནས་འདིར་སླེབས་ཀྱང་རང་དབང་ཐོབ་པའི་ཚོར་སྣང་ཞིག་ངང་གིས་སླེབས་ཀྱི་ཡོད་པ་དང་། སོ་སོར་ཡང་ད་རེས་ཀྱི་འགྲུལ་བཞུད་འདིས་སེམས་ལ་བག་ཆགས་བཟང་པོ་བཞག་པས་ཡུལ་འདི་དང་ཁ་བྲལ་རྒྱུར་སེམས་ནང་འདོད་པ་དེ་ཙམ་མ་བྱུང་། སྤྱིར་བལ་པོའི་མི་རིགས་འདི་སྙམ་ཆུང་ཡ་རབས་ཀྱི་སྤྱོད་བཟང་ལྡན་པ་ཞིག་ཡིན་རུང་། དགག་རྩར་ཐུག་དུས་མི་རིགས་འདི་གྱོང་པོ་ཡོད་པར་བརྗོད་ནུས་ཏེ། བོད་ཀྱི་ལོ་རྒྱུས་ནང་བལ་བོད་གཉིས་དམག་འཁྲུག་ཐེངས་དགུ་ཙམ་བརྒྱབ་མྱོང་ཡང་བོད་དམག་ལ་རྒྱལ་ཁ་ཐོབ་པའི་ལོ་རྒྱུས་བཤད་རྒྱུ་མེད་པ་ལས་ཤེས་ཐུབ།
རླངས་འཁོར་བབས་ཚུགས་སུ་འབྱོར་ནས་ཆུ་ཚོད་ ༨།༣༠ ཟིན་པར་ད་དུང་དུས་ཚོད་གང་འཚམས་ཡོད་པས་ཡར་མར་གོམ་པ་ཁ་ཤས་བརྒྱབ་ནས་སྡོད་སྐབས་བུད་མེད་གཅིག་ནས་རླངས་འཁོར་འཛིན་བྱང་ལ་བལ་སྒོར་ ༤༡༠༠ རེད་ཅེས་གཞན་ཞིག་ལ་བརྗོད་པ་གོ་བས། རྗེས་སུ་འཛིན་བྱང་ཉོ་དུས་འདིར་ཉོས་ན་ཁྱད་པར་ཆེན་པོ་ཡོད་པ་ཤེས་རྟོགས་བྱུང་། དེ་ཡང་བལ་ཡུལ་ནས་མ་ཐོན་གོང་གི་ཉིན་གཉིས་སྔོན་མཆོད་རྟེན་དང་ཏིང་ཅོ་ལེའི་སྲང་ལམ་དུ་ཡོད་པའི་འགྲིམ་འགྲུལ་ལས་ཁུངས་ཤིག་ལ་གོང་ཚད་དྲིས་པས་བལ་སྒོར་ ༤༧༠༠ ཡིན་ཚུལ་བརྗོད། ཡང་མཆོད་རྟེན་མཐའ་འཁོར་དུ་ཡོད་པའི་ལས་ཁུངས་ཤིག་ལ་དྲིས་པས་བལ་སྒོར་ ༤༤༠༠ ཡིན་པར་བརྗོད། ལས་ཁུངས་འདི་ནི་པོག་རར་འགྲོ་དུས་གནམ་གྲུའི་འཛིན་བྱང་ཉོ་ས་དེ་ཡང་རེད།
སང་ཉིན་དེར་ལས་ཁུངས་གཞན་ཞིག་ལ་དྲིས་པས་བལ་སྒོར་ ༤༥༠༠ ཡིན་ཚུལ་བརྗོད་པས་གནས་ཚུལ་འདི་ཚོའི་ཐོག་ནས་བལ་ཡུལ་ནས་རྒྱ་གར་བར་སྤྱི་སྤྱོད་རླངས་འཁོར་ཐོག་བལ་སྒོར་ ༤༤༠༠ ཡས་མས་ཡིན་པ་ཤེས་རྟོགས་བྱུང་བས་བལ་སྒོར་ ༤༤༠༠ ཡིན་པའི་ལས་ཁུངས་དེ་ནས་འཛིན་བྱང་ཉོས། དེས་ན་མཆོད་རྟེན་གཡས་གཡོན་གྱི་འཛིན་བྱང་གོང་ཁེ་ཤོས་དེ་དང་འདིར་རླངས་འཁོར་བབས་ཚུགས་ཀྱི་གོང་ཚད་དབར་བལ་སྒོར་སུམ་བརྒྱའི་ཁྱད་པར་ཡོད་པས། གལ་ཏེ་རྗེས་སུ་ཁྱེད་རང་རྒྱ་གར་དུ་རླངས་འཁོར་ཐོག་འགྲོ་རྒྱུའི་ཚེས་ཆ་གཏན་འཁེལ་བྱུང་མཚམས། འཕགས་ཤིང་ཁུལ་དུ་གནས་མཇལ་ཡོང་སྐབས་དང་སྟབས་བསྟུན་འཛིན་བྱང་ཉོ་ཐུབ་ན་གོང་ཚད་ལ་ཁྱད་པར་ཡོད་པ་ཤེས་ཐུབ།
ད་རེས་ཀྱི་རླངས་འཁོར་འདི་སླར་ཡང་ས་མཚམས་ནས་བརྗེ་བོ་རྒྱག་དགོས་པ་དེ་ཡིན་ཅིང་། རླངས་འཁོར་ནང་ངོ་ཤེས་ཡོད་བཟོ་མི་འདུག་ཀྱང་གཞན་ལ་འབྲེལ་བ་བྱེད་རྒྱུར་ནམ་རྒྱུན་ནས་སོ་སོར་དཀའ་ངལ་གང་ཡང་མེད་པས་ངོ་ཤེས་མེད་པ་དེས་མི་བདེ་བ་གང་ཡང་མ་བྱུང། འོན་ཀྱང་བློ་ཡུལ་ལས་འདས་པའི་གནས་ཚུལ་ཞིག་ནི་རྩོམ་ཡིག་སྔ་མ་ “བལ་ཡུལ་ནས་རྒྱ་གར་དུ་ཡོང་བའི་ཟིན་ཐོའི་” ནང་གསལ་བའི་ལྷོ་ཕྱོགས་སྐུ་གཞོགས་ཁོང་དེ་རིང་སླར་ཡང་རྒྱ་གར་དུ་འགྲོ་མཁན་ཡིན་པ་དང་། རླངས་འཁོར་གཅིག་ནང་མཉམ་དུ་ཡོད་པ་སྐབས་དེར་ཡིད་ལ་ཡང་ག་ནས་དྲན།
འཛིན་བྱང་ནང་གསལ་བ་བཞིན་ཞོགས་པའི་ཆུ་ཚོད་ ༨།༣༠ ཏག་ཏག་ལ་རླངས་འཁོར་ཐོན་པ་དང་ཉེ་ཆར་ཉོས་པའི་གཙུག་གཡུ་ཞེས་པའི་དེབ་དེའི་ཀློག་འཕྲོ་ “སང་ཉིན་ས་ག་ཟླ་བའི་ཚེས་ཆེན་བཅོ་ལྔ་ལ་ཇོ་བོའི་ཞལ་རས་མཇལ་རྒྱུའི་དུས་སུ་སླེབས་པ་” ཞེས་པ་ནས་འཕྲོ་མཐུད་དེ་ཀློག། སྐབས་དེ་དུས་སྒེའུ་ཁུང་ལས་ཕྱི་རོལ་གྱི་དུ་ཞག་དང་ཐལ་འཚུབ་ཀྱིས་ཁེངས་པའི་རྣམ་པ་དང་། ལམ་ཟུར་གྱི་རྩི་ཤིང་དག་ཆར་ཆུས་ཡུན་རིང་བོར་ཏེ་གསོན་ཤུགས་ཡོངས་སུ་ཟད་པ་ལྟ་བུའི་རྣམ་པ་མི་སྡུག་པ་དག་ནི། གཙུག་གཡུའི་ནང་ཕ་རྒན་ཕུན་ཚོགས་དང་བུ་དཔལ་ལྡན་གཉིས་ཕ་ཡུལ་ནས་ཟླ་བ་དྲུག་གི་རྗེས་གཞི་ནས་ལྷ་སར་ཐོག་མར་འབྱོར་པའི་རྣམ་པ་དང་ཀུན་ནས་མཚུངས་ཏེ། “ཕ་རྒན་གྱི་ཕྱུ་པ་ནི་ལྷན་པས་ཁེངས་ཤིང་རྐང་པའི་པུས་མོ་གཉིས་དོར་མའི་ཕྱི་ལ་ཕྱུང་། ལྷམ་མཐིལ་ཟད་ནས་རྐང་མཐིལ་ས་ལ་རེག བུ་དེ་ནི་རྐང་ལྷམ་གོན་རྒྱུ་ལྟ་ཅི། ཐ་ན་དོར་མའང་མེད་པར་རས་གོས་ཐུང་ཐུང་ཟད་ཧྲུལ་ཞིག་གོན། སྐྲ་ལོ་འཕྱིངས་ནས་རལ་པར་གྱུར། གདོང་ལ་སོལ་བ་བསྐུས་པ་ལྟར་གྱི་དྲེག་པ་ཆགས་”ཡོད་པ་བཅས་ནི་སྐབས་དེའི་ཁོར་ཡུག་གི་རྣམ་པར་འགྲན་པ་དང་གཉིས་སུ་མ་མཆིས།
དེ་ནས་གྲོང་ཁྱེར་རིམ་བཞིན་འདས་པ་དང་དུ་ཞག་དང་ཐལ་འཚུབ་ཀྱང་ཇེ་ཉུང་དུ་སོང་སྟེ་རྒྱང་རིང་གི་རི་བོ་དག་གསལ་པོར་མཐོང་ཐུབ་པ་དང་། ལམ་ཟུར་གྱི་རྩི་ཤིང་དག་ཀྱང་གསོན་ཤུགས་རྒྱས་པའི་ལང་ཚོས་སྔོ་ལྗང་གི་གོས་རྒྱན་རབ་ཏུ་སྤྲས་ཏེ་འགྲུལ་པར་བཅོས་མིན་འཚམས་འདྲི་ཞུ་བའི་ཚུལ་ནི། གཙུག་གཡུའི་ནང་གི་ཨ་ཅག་གསལ་སྒྲོན་ཇི་ལྟར་མཛེས་ཀྱང་ཚོང་དཔོན་དགྲ་ལྷར་དབུ་སྐོར་ཞུས་ཏེ་ལྐོག་ཏུ་སྐུ་ངོ་མདའ་དཔོན་དང་འབྲེལ་བ་བྱེད་པའི་བཅོས་མའི་ངང་ཚུལ་དེར་ཟུར་ཟ་བྱེད་པ་དང་ཅིས་མི་མཚུངས།
གང་འཚམས་རྗེས་ཇ་ཁང་ཞིག་ཏུ་རླངས་འཁོར་བཀག་པ་དང་ཆུ་ཚོད་ལ་ལྟ་དུས་སྔ་དྲོའི་ཆུ་ཚོད་ ༡༠ པ་ཡོལ་ཙམ་ཡིན་པ་ཤེས། ཇ་ཁང་འདིར་རྒྱ་གར་ནས་ཡོང་དུས་ཀྱང་རླངས་འཁོར་བཀག་ཅིང་ཡར་ཞོར་མར་ཞོར་གྱི་ཟ་ཁང་མང་ཆེ་བ་གཅིག་མཚུངས་ཡིན་པས་དེའི་སྐོར་ཞིབ་ཕྲ་འདིར་བསྐྱར་ཟློས་བྱ་རྒྱུ་མིན། ཆབ་གསང་བཏང་རྗེས་འགྲུལ་པ་ལ་ལ་བསྡད་ནས་ཇ་འཐུང་བཞིན་ཡོད་པ་དང་འགའ་ཞིག་ལངས་ནས་སྐད་ཆ་ཤོད་བཞིན་འདུག ང་དང་རྫོང་གསར་བཤད་གྲྭ་ནས་ཡིན་པའི་སྐུ་གཞོགས་ཤིག་ཕན་ཚུན་ངོ་ཤེས་གཏོང་མུས་སྐབས་གྲྭ་པ་སྐུ་གཟུགས་དེ་ཙམ་མི་ཆེ་ཞིང་། ཅུང་རིད་པ་ཞིག་ངའི་སར་ཡོང་ནས་ “ཨ་རོགས། ཁྱེད་མཐོང་མྱོང་འདྲ་འདུག” ཟེར། དེ་ནས་ཡར་བཤད་མར་བཤད་བྱེད་དུས་རྒྱ་གར་ནས་ཡོང་དུས་མཉམ་དུ་བྱུང་བའི་ལྷོ་ཕྱོགས་སྐུ་གཞོགས་ཁོང་ཡིན་པ་གཞི་ནས་ཤེས་པས། ང་ནི་ཏོག་ཙམ་ཧ་ལས་ཤིང་ཧོར་འཐོར་བར་གྱུར།
སྐབས་དེར་ངའི་སེམས་ལ་ “ཨ་ཁྱད་མཚར། དེ་རིང་ཁ་ཆད་བྱས་པ་ལྟར་དུས་ཚོད་གཅིག་དང་རླངས་འཁོར་གཅིག་ནང་མཉམ་དུ་འཁེལ་དོན་གང་ཡིན་ནམ་སྙམ་ཅིང་” ཁོང་ལ་རྩེད་མོ་དང་སྦྲགས། “དེ་རིང་ཅ་ལག་ཁྱད་མཚར་དེ་འདྲ་འཁྱེར་མེད་པཱ་”ཞེས་བརྗོད་པས། “ཁྱད་མཚར་དེ་འདྲ་མེད། ཡིན་ན་ཡང་ཅ་ལག་མང་པོ་ཆགས་སོང་”ཞེས་བརྗོད་བྱུང་བས། ཏོག་ཙམ་རིང་གཉིས་ཀ་གད་མོ་ཤོར་ནས་བསྡད། ཁོང་གི་མིང་ལ་ཀ་ཆུ་འབོད་ཅིང་འབྲས་སྤུངས་བློ་གསལ་གླིང་ནས་རེད། དེ་ནས་ང་གཉིས་རླངས་འཁོར་བཀག་ཚད་ལ་མཉམ་དུ་ཟ་བཏུང་བྱས་ཤིང་། ངོ་ཤེས་སུ་གྱུར་ཏེ་དྷ་སར་ཐོན་དུས་ཀྱང་ཁོང་སྐྱེལ་མར་སླེབས། ཁོང་གིས་དེ་སྔོན་གུས་པས་བྲིས་པའི་རྩོམ་ཡིག་སྐོར་ལ་ཟུར་ཙམ་ཡང་བརྗོད་མ་བྱུང་ལ་ངས་ཀྱང་དེའི་སྐོར་གང་ཡང་བཤད་མེད་པས་ཧ་ལམ་རྩོམ་ཡིག་དེར་ཁོང་གིས་ཐུགས་སྣང་བྱུང་མེད་པ་འདྲ།
ས་མཚམས་སུ་མཚན་མོའི་ཆུ་ཚོད་ ༡༠།༣༠ ཡོལ་ཙམ་ལ་སླེབས། འགྲུལ་པ་མང་ཆེ་བ་སློབ་ཕྲུག་དང་དེ་བྱིངས་གྲྭ་པ་ཡིན་པས། རླངས་འཁོར་ནས་ཅ་ལག་ཕབ་ཟིན་ཀྱང་། དགག་སྒོའི་ཕྱོགས་སུ་ཁ་ཐུག་འགྲོ་མི་ཕོད་པར་གཅིག་གིས་གཅིག་ལ་བལྟས་ནས་བསྡད་ཡོད་པའི་ཚོར་སྣང་བྱུང་། སྐུ་གཞོགས་ཀ་ཆུར་ཅ་ལག་མང་པོ་འདུག་པས་ “གཅིག་ངས་འཁྱེར་རོགས་བྱེད་”ཅེས་ལབ་ཀྱང། སྐྱོན་མེད་ཚུལ་བརྗོད། དེ་ནས་རྫོང་གསར་བཤད་གྲྭའི་སྐུ་གཞོགས་ཁོང་ལ་ཅ་ལག་མང་པོ་འདུག་པས་གཅིག་འཁུར་རོགས་བྱས་ཏེ་དགག་སྒོའི་ཕྱོགས་སུ་ཐོན།
ངའི་མདུན་དེར་འགྲུལ་རོགས་ཁ་ཤས་འགྲོ་བཞིན་འདུག་པས་རྗེས་སུ་སྐད་ཆ་བྱུང་བར་ཁོ་ཚོ་རྒྱུད་སྟོད་དང་ལྷོ་ཕྱོགས་ཀྱི་སྐུ་གཞོགས་ཡིན་པ་ཤེས། ང་ཚོས་གཞུང་ལམ་དུ་ཁ་ཐུག་ཕྱིན་པས་བལ་པོའི་སྒོ་སྲུང་པས་ལག་ཏུ་རྒྱུག་པ་འཁྱེར་ཡོད་པ་དེ་ང་ཚོའི་ཕྱོགས་སུ་བསྟན་ནས་ལམ་ཟུར་ནས་ཡོང་དགོས་པའི་བརྡ་བཏང་། ལམ་ཟུར་དེར་གཡས་གཡོན་གཉིས་ལ་ལྕགས་དྲ་བཏང་ཞིང་དཀྱིལ་དུ་མི་གཅིག་ཐར་ཙམ་གྱི་འགྲོ་ལམ་ཞིག་ཡོད་པ་དེའི་ནང་བང་བསྒྲིགས་ནས་ཡོང་དགོས་ཚུལ་བརྗོད། སྐབས་དེའི་སྣང་ཚུལ་ནི་འོས་ཤོག་འཕེན་སྐབས་དང་མཚུངས།
ཐེངས་འདིར་དེ་སྔོན་ཡར་ཡོང་དུས་ལས་ཀྱང་ཁག་པ་ཤེས་ཚོར་བྱུང་བས་འདི་ལྟ་བུའི་ཁག་པོ་ཡོད་ན་རླངས་འཁོར་ཁ་ཐུག་འགྲོ་མཁན་ནང་ཡོང་ཡང་ཁྱད་ཅི་ཡོད་སྙམ། རིམ་བཞིན་དགག་སྒོ་སྲུང་མཁན་སར་བང་བསྒྲིགས་ནས་ཕྱིན་པས་ལག་ཁྱེར་སྟོན་དགོས་པ་དང་། ང་ཚོ་མང་ཆེ་བར་ལག་ཁྱེར་ཨ་དར་ཀར་Aadhaar card མ་གཏོགས་མེད་ཅིང། དེ་ནི་སྒོ་སྲུང་བར་མཚོན་ན་དགོས་འདོད་ཀུན་འབྱུང་གི་ནོར་བུར་མཐོང་བཞིན་ཡོད། མདུན་ན་ཡོད་པའི་སྒོ་སྲུང་བས་ལག་ཁྱེར་དེར་ལྟ་ཙམ་བྱས་ཏེ་རྒྱབ་ལ་ཡོད་པའི་སྒོ་སྲུང་བའི་སར་འགྲོ་དགོས་པའི་བརྡ་གཏོང་གི་འདུག་པ་དང་། རྒྱབ་ཀྱི་སྒོ་སྲུང་པས་ག་རེ་བྱེད་མིན་མདུན་ནས་མཐོང་མི་ཐུབ་པས་དེ་ནི་ཁོ་ཚོས་ཆེད་དུ་དངུལ་ཁ་བསླུ་རྒྱག་བདེ་བའི་ཆེད་དུ་བཟོས་པ་ཞིག་ལོས་ཡིན།
དེ་ནས་ངའི་མཚམས་དེར་སླེབས་དུས་ལག་ཁྱེར་ལ་ལྟ་ཙམ་བྱས་ཏེ་ལག་ཁྱེར་དེ་རྒྱབ་ཀྱི་སྒོ་སྲུང་བར་སྤྲད་ཅིང་དེར་འགྲོ་དགོས་པའི་བརྡ་བསྟན། ཐེ་ཚོམ་དང་བཅས་ཕྱིན་པས། ཡང་སྐད་ཆ་མགོ་མ་ཚོས་པ་ཞིག་ལབ་སོང་ཡང་དངུལ་འཁྱེར་ཤོག་ལབ་ཀྱི་ཡོད་པ་ཤེས། ལྟོ་ཕད་ནས་བལ་སྒོར་ལྔ་བཅུ་བཏོན་ནས་སྤྲད་པས་ “ཧེ་” ཞེས་མགོ་བོ་ཡ་མཚན་པའི་ཚུལ་གྱིས་ཕར་བཅུས་ནས་ལག་ཁྱེར་དེ་སྤྲོད་ཀྱི་མིན་པའི་བརྡ་བསྟན། སྒོ་སྲུང་བའི་རྣམ་འགྱུར་དེར་བལྟས་ན་ཧ་ལམ་ངས་བལ་སྒོར་གཅིག་སྤྲད་པ་དང་ཁྱད་པར་མེད་པ་ལྟ་བུར་སྣང་། ཅུང་ཙམ་ནས་ “མགྱོགས་ཙམ་མགྱོགས་ཙམ་”ཞེས་བརྗོད། དེ་ནས་སླར་ཡང་བལ་སྒོར་བརྒྱ་བཏོན་ནས་སྤྲད་པས་ཡང་བསྐྱར་མ་མགུ་བའི་རྣམ་འགྱུར་བསྟན། སྒོར་ཉིས་བརྒྱ་དགོས་པར་བཤད། ང་ལ་དངུལ་མེད་པར་བརྗོད་པས་ཁོ་པས་བསམ་བློ་ཅུང་བཏང་སྟེ་མདུན་གྱི་སྒོ་སྲུང་པར་བལ་སྒོར་བརྒྱ་དང་ལྔ་བཅུས་འགྲིགས་མིན་དྲིས་ཤིང་། མོས་མཐུན་བྱས་པ་འདྲ་བས་གཞི་ནས་ལག་ཁྱེར་ཚུར་སྤྲད། སྤྱིར་བཏང་སྒོ་སྲུང་པ་གཉིས་གཟུགས་སྟོབས་ཆེ་ཞིང་ཤ་གདངས་རྒྱས་པས་མཐོང་སྣང་དུ་རྫིག་པོ་ཡོད་ཀྱང་། ཐབས་སྐྱོ་བའི་བྱ་སྤྱོད་དེས་ཕྱི་རྫིག་ནང་སྟོང་ཡིན་པའི་ར་སྤྲོད་བྱས།
དགག་སྒོ་དེ་གྲོལ་ནས་མུ་མཐུད་ཕྱིན་པས་རྒྱ་གར་དགག་སྒོར་སྒོ་སྲུང་བ་གཅིག་ཡོད་པ་དང་། དེས་འགྲུལ་པ་ཚོར་དྲི་རྩད་དང་ལག་ཁྱེར་ལ་ཞིབ་བཤེར་བྱེད་པ་མཐོང་། ངའི་མདུན་ལ་འགྲོ་མཁན་རྒྱུད་སྟོད་སྐུ་གཞོགས་དེས་ལྷོ་ཕྱོགས་གྲྭ་ཆུང་ཁ་ཤས་མཉམ་འཁྲིད་བྱས་ཡོད་པ་དང་། དེ་དག་ལྷོོ་ཕྱོགས་སུ་འཁྲིད་པར་ཕ་མའི་ངོས་སྦྱོར་དགོས་ཚུལ་བརྗོད་དེ་ཅུང་ཙམ་བཀག་པ་ལས་རྙོག་དྲ་གཞན་གང་ཡང་མ་བཤད་པར་ཁ་ཐུག་བཏང་བས་བལ་པོའི་སྒོ་སྲུང་བ་དེ་ཚོར་རྣམ་རྟོག་ཟ་སྐྱོར་བརྒྱབ།
རྗེས་སུ་ཤེས་རྟོགས་བྱུང་བར་རྒྱུད་སྟོད་སྐུ་གཞོགས་ཁོང་དང་ཁོང་གི་རོགས་པ་ཐུན་མོང་ནས་བལ་སྒོར་ལྔ་བརྒྱ་སྤྲད་པ་དང། རྫོང་གསར་སྐུ་གཞོགས་ཚོས་བལ་སྒོར་ཆིག་སྟོང་། ཀ་ཆུས་བལ་སྒོར་ལྔ་བརྒྱ་སྤྲད་འདུག དེ་བཞིན་སློབ་ཕྲུག་གཞན་ཚོས་ཀྱང་མང་ཉུང་ལ་མ་ལྟོས་པར་དངུལ་ཅུང་ཟད་རེ་སྤྲད་ཡོད་པ་གཏན་འཁེལ་ཡིན། ད་ཐེངས་ནི་ཡར་འགྲོ་དུས་ལས་ཀྱང་དམ་བསྒྲགས་ཆེ་བ་ཡོད་པ་མ་ཟད། གཡོལ་ས་དང་བྲོས་ནས་ཐར་ས་གང་ཡང་མེད་པས་དངུལ་ཅུང་ཟད་རེ་མ་སྤྲོད་ཀ་མེད་རེད། འོན་ཀྱང་ཐབས་ལམ་ཞིག་ཡོད་པ་ནི་ལག་ཏུ་སྔོན་ཚུད་ནས་དངུལ་སིལ་མ་ཁ་ཤས་ཡོད་ན་དངུལ་མང་པོ་མ་ཤོར་བའི་ཁྱད་པར་ཏན་ཏན་ཡོད། དེ་མིན་ལག་ཏུ་སིལ་མ་མེད་ཚེ་ལྔ་བརྒྱ་ལོར་དང་སྟོང་ལོར་མ་སྤྲོད་རང་སྤྲོད་ཆགས་ངེས་པ་ཡིན།
དགག་སྒོ་གྲོལ་ནས་གོམ་པ་ཁ་ཤས་བརྒྱབ་སྟེ་ཡོང་བས་ང་ཚོ་འགྲོ་སའི་རླངས་འཁོར་སྒུག་ནས་ཡོད་པ་དང་། རླངས་འཁོར་དེ་ནི་བལ་ཡུལ་ནས་ཡོང་བའི་རླངས་འཁོར་ལས་ཀྱང་ཆ་རྐྱེན་བཟང་བ་འདུག རྒྱ་གར་ས་མཚམས་ནས་གཞུང་ལམ་རྒྱ་ཆེ་ལ་ཁོད་སྙོམས་པའི་སྣུམ་ལམ་སྟེང་ཡོང་དུས་གནམ་གྲུའི་ནང་ཡོང་བ་དང་དབྱེར་མེད་པར་འགུལ་བསྐྱོད་དེ་ཙམ་མི་གཏོང་བ་མ་ཟད། དྲ་ཡོལ་མེད་པའི་སྒེའུ་ཁུང་ཡངས་ཤིང་རྒྱ་ཆེ་བ་དག་བརྒྱུད་མཐའ་དང་མུ་མེད་པའི་ཞིང་ཐང་དེ་དག་འདྲེན་བྱེད་ཡུལ་དུ་འགྱུར་དུས། ངོ་མཚར་མི་སྐྱེ་བའི་འགྲུལ་པ་སུ་ཞིག་ཡོད་ཨང་སྙམ་དུ་སེམས་ལ་སྤྲོ་སྣང་འཕེལ་འོང་བ་དང་། ཡང་ཕྱོགས་གཞན་ནས་གཙུག་གཡུའི་ནང་ཨ་ཕ་ཕུན་ཚོགས་ཚེ་ལས་འདའ་ཁར། བུ་དཔལ་ལྡན་ལ། “སྐུ་ངོ་རྫོང་གི་གཟིམ་ཤག་ལྷ་སར་ཡོད་པར་བརྟེན་ཕྱིན་ཆད་གཟབ་གཟབ་མ་བྱས་ན་མི་དེ་གྲས་ཀྱིས་སྡུག་པོ་སྟེར་གྱི་རེད་”ཅེས་ཁ་ཆེམས་བཞག་པ་དང་། ཨ་ཕ་ཕུན་ཚོགས་དང་ཨ་མ་འདས་པོ་འཛོམས་པ་གཉིས་གཙུག་གཡུའི་དོན་དུ་སྐུ་ངོ་རྫོང་གིས་མ་ཉེས་ཁག་གཡོག་གིས་བཙོན་འཇུག་བྱས་པ་དང་། བསུན་བཙེར་ཡང་ཡང་བཟོས་རྐྱེན་ལས་བྲོས་བྱོལ་དུ་འགྲོ་དགོས་བྱུང་བའི་ཡིད་སྐྱོའི་གནས་ཚུལ་དེ་དག་རིམ་བཞིན་ཀློག་དུས། ཨ་པ་ཕུན་ཚོགས་ཀྱི་ནང་མིར་གདུང་སེམས་སྐྱེ་བ་དང། སྐུ་ངོ་རྫོང་འདྲ་བའི་མི་རྣམས་ལ་ཁོང་ཁྲོས་དགའ་སྐྱོའི་ཚོར་བ་ཟུང་དུ་འདྲེན་བཞིན་པའི་མུར། རླངས་འཁོར་ཁ་ལོ་པའི་རོགས་པས་ “མ་ཇུ་ཀྲི་ལ་” “མ་ཇུ་ཀྲི་ལ་” “ཇཱལ་ཏི་” “ཇཱལ་ཏི་” ཞེས་འབོད་པ་གོ་བས། གཡས་གཡོན་ལ་ལྟ་དུས་མ་ཇུ་ཀྲི་ལའི་ལྕགས་ཟམ་འགྲམ་དེར་སླེབས་པ་གཞི་ནས་ཤེས་ཚོར་བྱུང་ཞིང་། དུས་དེ་ནི་ཕྱི་ཚེས་ ༡༤ ཉིན་རྒྱབ་ཆུ་ཚོད་ ༢ པ་ལ་རེད།
སྤྱིར་ད་རེས་ཀྱི་འགྲུལ་བཞུད་འདིར་གནས་སྐོར་གལ་ཆེ་བ་འགའ་ཞིག་ལ་འགྲོ་རྒྱུའི་གོ་སྐབས་བྱུང་བ་དང། བལ་ཡུལ་ནང་གྲགས་ཆེ་བའི་པོག་རར་འཆམ་འཆམ་དུ་བསྐྱོད་པ། ངོ་ཤེས་འགའ་ཞིག་ཐུག་པ་བཅས་ཧ་ཅང་སྐྱིད་པོ་བྱུང་ལ། གལ་ཆེ་ཤོས་ནི་གཅུང་མོའི་ནང་དུ་སྡོད་སྐབས་གཅུང་མོའི་བུ་མོ་བསྟན་འཛིན་ཉི་སྒྲོན་དང་། བུ་བསྟན་འཛིན་ཤེས་རབ་གཉིས་ལ་བྱམས་བརྩེ་གང་ཐུབ་སྟོན་ཐབས་བྱེད་ཐུབ་པ་དེར་དགའ་ཚོར་ཆེན་པོ་བྱུང་ལ། དེ་ནི་རྒྱུན་དུ་༧གོང་ས་མཆོག་ནས་ཕྲུ་གུ་ཆུང་ཆུང་ཚོར་དམིགས་བསལ་བྱམས་བརྩེས་སྐྱོང་དགོས་པའི་བཀའ་སློབ་ཡང་ཡང་ཕེབས་ཀྱི་ཡོད་པ་དང་། དངོས་ཡོད་ཆ་ནས་ཀྱང་རྒན་དར་གཞོན་གསུམ་ཚར་མར་བྱམས་བརྩེ་ལས་ལྷག་པའི་དགོས་མཁོ་གཞན་གང་ཡང་མེད་ཅིང་། བྱམས་བརྩེས་ཕོངས་བའི་ཁོག་ཡུག་ནི་བདེ་སྐྱིད་དང་བྲལ་བའི་ཁོར་ཡུག་ཅིག་ཡིན་པ་ཡང་ཞར་ལ་ཤེས་ནུས་སོ། །