བལ་ཡུལ་མདོ་སྨད་ས་གནས་རྒྱུན་ལས་ཁང་ནས།
ཕྱི་ཟླ་ ༧ ཚེས་ ༣༠ ཉིན་ང་ཚོ་ས་རྒྱུན་གྱི་ངོས་ནས་གླིང་ཚ་ཚེ་བརྟན་རྡོ་རྗེ་ལ་མར་ཆུར་རྩམ་གསུམ་དང་། ཕོར་བ་གཟུགས་པོ་ཁྲུ་བྱེད་ཀྱི་ཟེའུ་སྣོད་སོགས་བསྐྱལ་བའི་སྐབས། ཁོང་གི་སྐུ་གཟུགས་ཀྱི་གནས་སྟངས་དང་། བཙོན་ཁང་ནང་ནས་དཀའ་ཁག་ག་རེ་ཡོད་མེད་བཅས་དྲིས་སྐབས། ཁོང་གིས་ང་རང་བདེ་ཐང་ཡིན། དམིགས་གསལ་དཀའ་ངལ་དེ་འདྲ་མེད་སྒོར་གསུངས་པ་དང་ཆབས་ཅིག་ནན་ཏན་བྱས་ཏེ་གསུངས་དོན། ངའི་ཞི་བའི་འབོད་ཚིག་ལྔ་དེ་ལ་ནམ་ཡང་འགྱུར་བ་མེད་པ་མ་ཟད། ང་མ་ཤི་པར་དུ་ངའི་ལས་འགུལ་དེ་ནམ་ཡང་མཚམས་འཇོག་རྒྱུ་མིན་ཟེར་ནས་ཐག་ཆོད་པོས་ཡང་ཡང་གསུངས་བྱུང་། དེ་ནས་དོན་གནད་གཅིག་ནི་ཉེ་ཆར་ངའི་བཟའ་ཟླ་ནས་ཨི་ཟི་རལ་དང་ཨ་རིའི་གཞུང་ཚབ་བརྒྱུད་ནས་ང་ཀློད་གྲོལ་ཡོང་བའི་ཆེད་ཞུ་གཏུགས་བྱས་འདུག དེའི་ལན་དུ་བལ་ཡུལ་གཞུང་གིས་ད་ནས་བོད་དོན་ཆེད་ཆབ་སྲིད་ཀྱི་ལས་འགུལ་སྤེལ་རྒྱུ་མིན་ལབ་ནས་ཁས་ལེན་བྱས་ན་ཀློད་གྲོལ་གཏོང་གི་ཡིན་ལབ་འདུག་ཀྱང་། བལ་ཡུལ་གྱི་ས་ཆ་འདི་ནས་ངས་ལས་འགུལ་སྤེལ་མ་ཐུབ་ཀྱང་ས་ཆ་གཞན་ནས་ད་དུང་ངས་ལས་འགུལ་སྤེལ་ཆོག་པ་མ་ཟད་སྤེལ་རྒྱུ་འང་ངེས་གཏན་རེད། ཡིན་ནའང་ང་གཅིག་བུ་ལ་ས་ཆ་འདི་ནས་ལས་འགུལ་སྤེལ་མ་བཅུག་ཀྱང་བོད་མི་སྤྱི་ཡོངས་ལ་དེ་འདྲའི་བཀག་འགོག་ཡོད་ན་ངའི་ངོས་ནས་ནམ་ཡང་ཁས་ལེན་ཐུབ་པ་མི་འདུག དེ་ནས་ང་ག་རེ་བྱས་ནས་བཙོན་ལ་བཅུག་པ་དང་། ངས་བློས་བཏང་འདི་འདྲ་བྱེད་དགོས་དོན་གང་ཡིན་པ་དེ་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་འགན་ཡོད་མཁན་ཚོས་མང་ཚོགས་ལ་གསལ་བཤད་གནང་རྒྱུ་དེ་གལ་ཆེན་པོ་རེད། ང་ལ་རྒྱབ་སྐྱོར་བྱེད་པ་དེ་ཡང་ང་རང་གི་ཕ་ཡུལ་གཅིག་པ་དང་། ང་མདོ་སྨད་པ་ཞིག་ཡིན་པའི་ཆ་ནས་ཨ་མདོ་བ་ཚོས་རྒྱབ་སྐྱོར་གནང་དགོས་པའི་ངེས་པ་མེད། ངའི་བློས་བཏང་གི་ལས་འགུལ་འདི་བོད་མི་ས་ཡ་དྲུག་གི་ཆེད་དུ་ཡིན་པ་ལས་འདི་ཆོལ་ཁ་ཞིག་དང་ལུང་ཚན་ཞིག་གི་ཆེད་དུ་མིན་པ་ཚང་མས་མཁྱེན་དགོས་པ་དེ་གལ་ཆེན་པོ་རེད། དང་པོ་རྡ་ས་ནས་ང་ལམ་ལ་ཆས་ནས་བལ་ཡུལ་ལ་བསླེབས་སེ་བར་དུ་གཞུང་སྒེར་གྱི་མི་མང་པོས་ང་ལ་སྐྱེལ་མ་བྱེད་མཁན་དང་བསུ་མ་བྱེད་མཁན་གང་མང་མང་ཞིག་བྱུང་བ་དེ་ཡང་ངའི་བློས་བཏང་གི་ལས་འགུལ་ལ་རྒྱབ་སྐྱོར་བྱས་པ་རེད་བསམ་བསྡད་ཡོད། དེ་ནས་ངའི་བསམ་དོན་མ་འགྲུབ་བར་དུ་ངའི་ངོས་ནས་ནམ་ཡང་ལས་འགུལ་མཚམས་འཇོག་བྱེད་རྒྱུ་མིན། ཁྱེད་ཚོས་དེ་ཡིད་ལ་བཟུང་ནས་ང་ལ་རྒྱབ་སྐྱོར་གནང་མཁན་ཚོར་གསལ་པོ་ཤོད། དེ་མ་གཏོགས་ད་རེས་ང་ལ་བཤད་རྒྱུ་ཅང་མེད་ཟེར་གྱིན་ཕྱིར་བཙོན་ཁང་ཏུ་ལོག་སོང་། སྐབས་དེར་ང་ཚོ་རྒྱུན་ལས་ཀྱི་ཚོགས་གཙོ་དང་ཚོགས་གཞོན། དྲུང་ཆེ་བཅས་མི་གསུམ་ཡོད། ང་ཚོ་ཁོང་དང་ཐུག་ཕྲད་བྱེད་སྟངས་དེ་ནི་བཙོན་པ་མང་པོ་སྒེའུ་ཁུང་ལྕགས་དྲ་ཡོད་ས་ཞིག་ནས་བང་སྒྲིག་ནས་ཕན་ཚུན་གླེང་མོལ་བྱེད་དགོས་ཀྱི་འདུག གླེང་མོལ་བྱེད་སྐབས་ཀྱང་གཡས་གཡོན་ཚང་མ་ནས་བཙོན་པ་དང་། བཙོན་པར་ཐུག་ཕྲད་བྱེད་མཁན་ཚང་མས་སྐད་ཅོར་ལྷན་གཅིག་ཏུ་རྒྱབ་པས་སྐད་གོ་རྒྱུ་ཧ་ཅང་དཀའ་ནའང་ང་ཚོས་ཁོང་གིས་གསུངས་པའི་སྐད་ཆ་དེ་ཚོ་གནད་འགག་ཏུ་རྩིས་ནས་གང་ཐུབ་ཐུབ་ཀྱིས་ཉན་ནས་རྒྱ་ཆེའི་མང་ཚོགས་ཀྱིས་མཁྱེན་རྟོགས་སླད་ཡིག་ཐོག་ཏུ་ཕབས་ནས་དྲ་ཐོག་ཏུ་བཀོད་པ་ཡིན།
ཚེ་བརྟན་རྡོ་རྗེའི་ཞི་བའི་འབོད་ཚིགས་ལྔ་ནི།
༡) རྒྱ་ནག་གཞུང་ནས་ཆ་རྐྱེན་གང་ཡང་མེད་པའི་སྒོ་ནས་༧རྒྱལ་བ་རིན་པོ་ཆེ་རང་ཡུལ་དུ་ཕེབས་འཇུག་དགོས།
༢) རྒྱ་ནག་གཞུང་ནས་ཆ་རྐྱེན་གང་ཡང་མེད་པའི་སྒོ་ནས་ཆུང་སྤྲུལ་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་གཙོས་བའི་བོད་ཀྱི་ཆབ་སྲིད་བཙོན་པ་ཡོངས་རྫོགས་བཙོན་ལས་གློད་དགོས།
༣) རྒྱ་ནག་གཞུང་ནས་ཆ་རྐྱེན་གང་ཡང་མེད་པའི་སྒོ་ནས་བོད་མི་ཚོ་རང་གི་སྐད་དང་ཡི་གེ་སྤྱོང་བའི་བདག་དབང་སྤྲོད་དགོས།
༤) བོད་མི་རྣམས་རང་ཡུལ་ནས་རང་གི་ཆོས་གོས་གོམས་གཤིས་སོགས་ཀྱི་དབང་ཆ་ཚང་མ་སྤྲོད་དགོས།
༥) ད་ལྟའི་ཆེས་ཛ་དྲག་གི་སྡུག་སྦྱོང་མནར་གཅོད་གཏོང་མཁན་གྱི་དམག་མི་ཡོངས་རྫོགས་བོད་ས་ནས་ཕྱིར་འཐེན་བྱེད་དགོས།
ཁྱེད་བལ་བོའི་བཙོན་ནས་ངེས་པར་དུ་ཐར་དགོས། ད་ཁྱེད་དེ་ནས་མུ་མཐུད་དེ་འདུག་རྩིས་མ་བྱེད།
ཕྱི་ལོག་ཏུ་ཡོངས་ཐབས་བྱེད་དགོས། དེ་ནས་རིམ་བཞིན་ལས་འགུལ་ག་རེ་ཡོད་ན་ནུས་བ་འདོན་ཐུབ། མུ་མཐུད་བཙོན་ནས་གནས་ན་ཡག་པོ་མི་འདུག
ད་ནི་གཞུང་སྒེར་གང་རུང་གིས་ཁོང་དང་ཁོང་གི་ཞི་བའི་འབོད་ཚིག་ལྔ་ལ་སེམས་གཏིང་ནས་བསམ་གཞིག་ཞིག་བྱས་རན། བོད་མི་ས་ཡ་དྲུག་གི་ཆེད་དུ་རང་ཉིད་ཀྱི་ཡོད་ཚད་བློས་གཏོང་བྱེད་པའི་བོད་མིའི་རང་དབང་འཐབ་རྩོད་པ་འདི་འདྲ་ཞིག་རྒྱ་བལ་གཉིས་ཀྱི་ས་མཚམས་སུ་མུན་པའི་བཙན་དོང་དུ་འདི་ལྟར་གོ་མེད་ཚོར་མེད་དུ་འཇོག་ན་ལས་ལའང་རུང་ངམ། དེར་བརྟེན་ད་ནི་ནམ་རྒྱུན་ཁ་ལ་མི་རིགས་དང་མི་རིགས་མ་གཏོགས་མེད་པའི་གཞུང་ཞབས་པ་དང་། རྩོམ་པ་པོ་དང་། ལས་འགུལ་བ་སོགས་རང་རང་གི་ས་ནས་ཁོང་གི་སླད་དུ་ཡ་ལ་ཞུ་གཏུགས་དང་མར་ལ་གསལ་བཤད་ཅིག་ཞུ་ན་མ་གཏོགས་གཏན་ནས་མི་འགྲིག
བོད་པ་ཚོ་་་་་་རྒྱ་ནག་གཞུང་ལ་བརྡ་ལན་་་་འཕྲོད་མ་ཐུབ་ནའང་་་་་བལ་ཡུལ་གཞུང་ལ་སྐད་ཆ་བཤད་ནས་ཚེ་བརྟན་རྡོ་རྗེ་བཙོན་ཁང་ནས་ངེས་པར་དུ་མར་བཏོན་དགོས་་་་་་དེ་མིན་བོད་མི་མང་པོ་སེམས་ཤུགས་ཆགས་རྒྱུ་ཉག་གཅིག་རེད། །
བོད་པའི་ཨ་ན་ཧ་ཛ་རེ་ལ་ན་མོ།།
ངའི་སེམས་ཁོངས་གི་བོད་དོན་འཐབ་རྩོད་པ་གླིང་་ཚ་ཚེ་བརྟན་རྡོ་རྗེ་ལགས་ཀྱི་སྐུ་གཟུགས་གནས་སྟངས་སོགས་གོ་བར་དགའ་བོ་བྱུང་། ཁོང་ངེས་པ་བལ་ཡུལ་བཙོན་ཁང་ནས་གློད་གྲོལ་ཐོབ་ཐབས་གནང་རོགས། ཁོང་གིས་དགོས་འདུན་རྣམས་མྱུར་དུ་འགྲུབ་་གྱུར་ཅིག བོད་བཙན་པོའི་གདུང་རྒྱུད་ངེས་དོན་གྱི་སེམས་དཔའ་ཁོང་རྒྱལ་རྒྱུར་ཅིག བདེན་པ་ཉིད་རྣམ་པར་རྒྱལ་རྒྱུར་ཅིག
བོད་རྒྱལ་ལོ། བོད་རྒྱལ་ལོ། བོད་རྒྱལ་ལོ། བོད་རྒྱལ་ལོ། བོད་རྒྱལ་ལོ།།
རྩོམ་པ་པོ་གླིང་ཚ་ཚེ་བརྟན་ནི་ཁ་བཤད་དོན་ལ་གནས་པའི་བདེན་པའི་འཐབ་རྩོད་པ་དང་ལག་ལེན་མཐའ་འཁྱོལ་བ་གནང་མཁན་ཞིག་ཡིན་པར་ཤེས་ཡོད། བལ་ཡུལ་མདོ་སྨད་ས་རྒྱུན་གྱིས་འདི་ལྟར་ཐུག་ཕྲད་བྱེད་ཐུབ་པ་བྱུང་བ་ཡག་པོ་འདུག ། བདེན་པའི་འཐབ་རྩོད་པ་ཞིག་གོ་མེད་ཚོར་དུ་བཙོན་ཁང་དུ་ལྷགས་ན་བོད་ལ་གྱོང་གུན་རེག་པ་མ་གཏོགས་གང་ཡང་མེད་པས་བོད་མི་སུ་ཡིན་རུང་སྤྱི་སྒེར་གཉིས་ཐད་ནས་ཁོང་མྱུར་དུ་གློད་གྲོལ་ཡོང་བར་འབད་རྩོལ་གནང་རོགས་ཞུ།
གླིང་ཚ་ངེས་པར་དུ་ཐར་བ་ཤོག
མདོ་སྨད་ས་རྒྱུན་གྱིས་གླིང་ཚ་ཁོང་ལ་ལྟ་རྟོག་གནང་བར་ཐུགས་རྗེ་བླ་ལྷག་ཏུ་ཆེ། ཚོགས་པ་གཞན་པ་རྣམས་ཁུ་སིམ་མེར་བཞུགས་མེད་པ་ཡིད་ཆེས་ཡོད། ང་ནོར་མེད་ན་དུས་བབ་ཟིན་བྲིས་སུ་མི་ནག་ཚང་གིས་གླིང་ཚ་གང་དུ་ཡོད་མེད་སྐོར་ལ་དྲི་བ་ཞིག་གནང་སོང་བ་དེའི་ལན་མིན་པའི་རེ་བ་ཡང་ཡོད། མ་གཞི་འདིའི་སྐོར་ལ་ཅི་ཞིག་བཤད་དགོས་མིན་གྱི་སྤོབས་པ་ཞིག་རྩ་བ་ནས་སླེབས་ཐུབ་ཀྱི་མི་འདུག གླིང་ཚ་ཁོང་གིས་བློས་གཏོང་ཆེན་པོ་འདི་འདྲ་གནང་བའི་རྒྱབ་ལྗོངས་རྒྱ་ཆེན་པོ་ཡིན་སྟབས་སྐུ་ཉིད་ཀྱིས་ཅི་བསམ་ལྷུན་འགྲུབ་ཡོང་བར་ཤོག་ཅེས་ཁ་གཡང་ཙམ་བརྗོད་འདོད་པ་ལས་བྱ་ཐབས་བྲལ། གླིང་ཚ་ཁོང་བཙོན་ཁང་དུ་བསྡད་པ་དང་མཉམ་དུ་རྒྱབ་སྐྱོར་གནང་མཁན་གཞུང་སྒེར་གྱི་ཚང་མ་ཁུ་སིམ་མེར་བཙོན་དུ་ཤོར་སོང་བའི་སྣང་བ་ཞིག་བྱུང་། ཕྱིན་ཆད་ནང་དུ་ལྷག་བསྡད་པ་དེ་ཕྱི་ནས་ཁྱབ་བསྒྲགས་བྱེད་རྒྱུ་དང་རྒྱབ་སྐྱོར་བྱེད་དགོས་རྒྱུ་གནད་འགག་རེད་འདོད། ཁ་སྔོན་གླིང་ཚ་ཁོང་གི་ཟིན་བྲིས་ཀྱི་གསར་འགྱུར་གཏོང་ཐེངས་རེད་མིག་སེམས་ཁུང་གི་མིག་ཆུ་དང་ལྷན་དུ་ཡང་དང་བསྐྱར་དུ་ཀློག་པ་ཡིན་ལ་ལམ་འགྲོ་ཡོད་པའི་སྨོན་ལམ་ཡང་བཏབས་པ་ཡིན། ད་བྱས་དུས་དཀོན་མཆོག་གིས་ངའི་སྨོན་ལམ་ལ་ཁྱོན་ནས་བདག་པོ་གནང་མ་སོང་། གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ང་ནམ་ཡང་ཁྱོད་དང་ལྷན་དུ་ཡོད་ཡོད་པ་ཡིན།
མ་གཞི་ང་ཚོ་ལ་འགོ་ཁྲིད་མཁན་མང་པོ་མེད་པའི་རྐྱེན་གྱིས་ང་ཚོ་འཐབ་རྩོད་ནུས་མེད་ཆགས་ཀྱི་ཡོད་པ་མངོན་གསལ་རེད། ད་རེ་གླིང་ཚ་ཚེ་བརྟན་རྡོ་རྗེ་སྒེར་གྱི་རང་སྲོག་བློས་བཏང་གིས་བོད་དོན་འཐབ་རྩོད་གནང་བ་དེ་ལ་རྡ་སར་གཞུང་འབྲེལ་མིན་པའི་ཚོགས་པ་རྣམས་ནུས་པ་ཐོན་པའི་ངེས་པར་རྒྱབ་སྐྱོབ་བྱེད་འོས། དེ་ལྟར་མ་བྱས་ན་མ་འོངས་བོད་དོན་ལ་སེམས་ཤུགས་དང་ལྷག་བསམ་ཅན་རྣམས་ཀྱང་ལས་འགུལ་སྤེལ་རྒྱུ་ཐད་ལ་གནོད་རྐྱེན་ཤོར་ངེས། རྗེས་ནས་བོད་དོན་ལས་འགུལ་སྤེལ་ལ་རང་འགུལ་གྱིས་ནུས་པ་ཉམས་ནས་ལས་འགུལ་བ་རྣམས་ཉིན་གླ་སྤྲད་དགོས་པའི་དུས་ལ་བབ་སྲིད། དེར་བརྟེན་བོད་དོན་ལས་འགུལ་སྤེལ་མཁན་དང་སེམས་ཤུགས་ཅན་ལ་ངེས་པར་དུ་གཞུང་མང་ཚང་མས་དངོས་ཤུགས་བརྒྱུད་གསུམ་ནས་རྒྱབ་སྐྱོར་གནང་རྒྱུར་ངས་ཀྱང་འབོད་སྐུལ་ཞུ་རྒྱུ་ཡིན།
ཨ་ཕའི་བུ་ཁྱོད་བལ་ཡུལ་གྱི་བཙོན་ཁང་ནས་དཀའ་སྡུག་ཚད་མེད་མྱངས་དང་མྱོང་བཞིན་པ་འདི་ལ་སྤུན་
ཆུང་ང་སེམས་སྡུག་ཤིན་ཏུ་ཆེ། བལ་ཡུལ་ན་གནས་བཞུགས་བོད་རིགས་སྤུན་གྲོགས་ཚོ་གཙོ་བོར་གྱུར་པའི་སྤུན་ཟླ་་ཕུ་ནུ་ཚོ། ཁོང་ངེས་པར་དུ་བལ་ཡུལ་བཙོན་ཁང་ནས་བསྐྱབ་ཐུབ་པ་ཞིག་གནང་དགོས། འདི་ནི་ཁོང་གིས་
གསུངས་པ་ལྟར་ཆོལ་ཁ་ཆོས་ལུགས་དང་། ལུང་ཚན་བྱེ་བྲག་ཅིག་གི་ཆེད་དུ་མ་ཡིན་པས་སྤུན་གྲོགས་ཚང་མས་
འཕྱར་གྲུ་མཉམ་འདེགས་གནང་རྒྱུ་ཅི་བས་ཀྱང་གལ་ཆེ་བ་རེད་སྙམ། སྤུན་ཆུང་ནས།
གླིང་ཚ་ཁོང་བཙན་ལས་ཐར་བའི་ཐབས་ཤེས་ཤིག་མགྱོགས་མྱུར་གཞུང་སྒེར་གྱི་ཚོགས་པ་ཚང་མས་འབོད་བརྩོན་གནང་རོགས། བོད་ནང་ཡོད་པའི་བཙན་པ་ཚོར་ཤུགས་རྐྱེན་གྱིས་བཙན་གྲོལ་ཐོབ་པའི་ཐབས་ཤེས་གཏོང་མ་ཐུབ་ན་རང་དབང་ལུང་པར་ཡོད་ཅིང་ནག་ཉེས་ཅི་ཡང་མེད་པའི་བཙན་པ་ཞིག་བཙན་གྲོལ་གཏོང་མ་ཐུབ་ན་ང་ཚོར་འཇོན་ཐང་མེད་པ་རང་རེད། བཀའ་ཁྲི་ལགས། མི་མང་གིས་ཆེ་བསྟོད་དང་ཕེབས་གྲལ་བསྒྲིགས་པ་ཀྱང་ཀྱང་ལ་མགོ་མ་ཁོར་བ་ཉེས་མེད་བཙན་པ་འདིའི་ཆེད་རྒྱལ་སྤྱིར་ཁྲིམས་གཏུགས་ཤིག་བྱེད་རྩིས་གནང་རོགས།
དྲ་གྲོགས་མང་པོ་ཞིག་གིས་ཚེ་བརྟན་རྡོ་རྗེའི་སྐོར་ལ་ཐུགས་འཚབ་གནང་གི་འདུག དེ་ཡག་པོ་རེད། ཁོང་ནི་ཁ་ཞེ་གཉིས་མེད་ཀྱི་བོད་དོན་འཐབ་རྩོད་པ་ཞིག་རེད། དེས་ན་དྲ་གྲོགས་ཚོས་གནས་ཚུལ་ཁ་ཤས་མཁྱེན་རྟོགས་སླད་བསྐྱར་དུ་ཞུ་རྒྱུ་ཞིག་ལ། དེ་སྔོན་ཚེ་བརྟན་རྡོ་རྗེ་བལ་ཡུལ་གྱི་ཕྱི་མི་ཞིབ་གཤེར་ཁང་ན་ཡོད་སྐབས། ཁོང་ལ་ལག་འཁྱེར་མེད་པའི་ཉེས་མིང་གི་འོག་ནས་དུས་ཡུན་གང་མཚམས་རིང་བཀག་ཉར་བྱས་པ་རེད། དེ་རྗེས་བལ་ཡུལ་མདོ་སྨད་ས་རྒྱུན་གྱི་ངོས་ནས་ཁོང་ལ་ཕོག་པའི་ཉེས་ཆད་ག་རེ་ཡོད་པ་སྤྲད་ནས་གློད་གྲོལ་ཡོང་ཐབས་བྱས་པ་རེད། སྐབས་དེར་བལ་ཡུལ་གྱི་ཕྱི་མི་ཞིབ་གཤེར་ཁང་གིས་ཉེས་ཆད་བལ་སྒོར་༨༠༠༠ཙམ་ཡིན་སྐོར་བརྗོད་པ་རེད། དེ་མདོ་སྨད་ས་རྒྱུན་གྱི་ངོས་སྤྲད་རྒྱུ་ཐག་བཅད་ནས་ཁོང་ལ་ཞུས་སྐབས། ལན་དུ་ཚེ་བརྟན་རྡོ་རྗེ་ཁོང་གིས་ཁྱེད་ཚོས་ང་ལ་རྒྱབ་སྐྱོར་བྱེད་འདོད་ན་བལ་ཡུལ་ལ་དངུལ་གཏན་ནས་སྤྲོད་མི་དགོས་གསུངས་པ་རེད། ངས་བལ་ཡུལ་གཞུང་གིས་ང་ལ་བབ་པའི་ཉེས་ཆད་དེ་ཁུར་རྩིས་ཡོད། དེ་ཡང་ལུས་ཐོག་ནས་ཁུར་དགོས་ནའང་འདྲ། མདོར་ན་བལ་ཡུལ་གྱི་ཁྲིམས་ལ་དང་ལེན་བྱེད་རྩིས་ཡོད་གསུངས་ནས་ཐག་བཅད་པ་རེད། སྐབས་དེར་དངུལ་གྱི་ཉེས་ཆད་དེ་ཁོང་གིས་དང་ལེན་མ་བྱས་པ་རེད།
དེ་ནས་འདི་ལོའི་སྤྱི་ཟླ་༦ཚེས་༡༥ཉིན་བལ་ཡུལ་གཞུང་ཕྱི་མི་ཞིབ་གཤེར་ཁང་གིས་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་སུ་བལ་སྒོར་ ༥༠༠༠༠ ཉེས་ཆད་བཅད་ཀྱངདེ་ཡང་ཁོས་དེ་ཁས་ལེན་མ་བྱས་པར་བརྟེན། ཉིན་དེར་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ལ་ལོ་ངོ་གཉིས་ཀྱི་ཁྲིམས་ཐད་བཅད་དང་པོ་བལ་ཡུལ་གྱི་ས་ཆ་ལྡི་ལི་བྷ་ཛར Dilli Bazaarཞེས་པའི་བཙོན་ཁང་དུ་ཁྲིད་བཙོན་འཇུག་བྱས་པ་རེད།
སྐབས་དེར་བལ་ཡུལ་ཕྱི་མི་ཞིབ་གཤེར་ཁང་གིས་ཁྲིམས་ཐག་བཅད་པའི་ཡིག་ཆའི་ནང་ཕྱི་མི་ཞིབ་གཤེར་ཁང་གི་བཅའ་ཁྲིམས་དོན་ཚན་ ༣ པའི་ནང་གསེས་ ༡ པོའི་ནང་ཕྱི་མི་སུ་ཡིན་ཀྱང་ཕྱི་སྐྱོད་ལག་ཁྱེར་དང་མཐོང་ཆེན་མེད་པར་བལ་ཡུལ་ ནང་འཛུལ་ཞུགས་དང་བསྡད་མི་ཆོག་ཞེས་གསལ་ཡོད་པ། དེ་དང་འགལ་ཡོད་པའི་ཉེས་འཛུགས་ཀྱིས་ཕྱི་མི་ཞིབ་གཤེར་ཁང་གི་བཅའ་ཁྲིམས་དོན་ཚན་ ༡༠ པའི་ནང་གསེས་ ༤ བ་གཞིར་བཞག་ཐོག་བལ་སྒོར་ ༥༠༠༠༠ ཉེས་ཆད་བཅད་པ་འོན་ཀྱང་ཁོང་གིས་དེ་ངོས་ལེན་མ་བྱས་པར་བརྟེན་བལ་ལོ་ ༢༠༦༩ ཟླ་ ༣ ཚེས་ ༡ ཉིན་རྒྱལ་ཁབ་གྱི་ཉེས་ཁྲིམས་ཨང་ ༣༨ པའི་ནང་གསེས་ ༢ པ་ལྟར་ན་བལ་སྒོར་ ༥༠༠༠༠ ཉེས་ཆད་ལས་ཉིན་རེར་བལ་སྒོར་ ༢༥ རེ་འཐེན་པས་མང་མཐའ་ལོ་ ༥ ཟླ་ ༥ ཉིན་ ༢༥ ཆགས་ཡོད་ལ། བལ་ལོ་ ༢༠༦༩ ཟླ་ ༢ ཚེས་ ༨ ནས་བལ་ལོ་ ༢༠༧༤ ཟླ་ ༧ ཚེས་ ༢༥ བར་བཙོན་ཁང་དུ་འདུག་དགོས་མོད། འོན་ཀྱང་རྒྱལ་ཁབ་ཀྱི་ཉེན་ཁྲིམས་ཨང་ ༣༨ པའི་དོན་ཚན་ ༣ པ་གཞིར་བཟུང་སྒོར་ཆད་མ་སྤྲད་པར་རྟེན་མང་མཐར་ལོ་ ༢ བཙོན་ཁང་དུ་འདུག་དགོས་པའི་ཐད་གཅོད་བྱས་འདུག བལ་ལོ་ ༢༠༦༩ ཟླ་ ༢ ཚེས་ ༨ ནས་ ༢༠༧༡ ཟླ་ ༢ ཚེས་ ༧ བར་སྒྲིག་གཞི་གཞིར་བཟུང་ཐོག་ཟ་འཐུང་ཡོད་པའི་བཙོན་ཁང་དུ་བཅུག་རྒྱུར་ཐག་གཅོད་བྱས་འདུག ད་ལྟའི་ཚེ་བརྟན་རྡོ་རྗེའི་བཙོན་ཁང་ནི་ཤིན་དྷིལ་རྗེལ་shin dher jayl ཟེར་པ་དེ་རེད། དེ་ནི་བལ་ཡུལ་གྱི་བཙོན་ཁང་ཆེ་ཤོས་རེད།
དེ་རིང་ངས་གླེང་འདོད་པ་ཕྱོགས་སུ་སྐྱོད་པའི་བཀའ་ཁྲི་ཚོ་ཁྱོད་ཚོས་དཀའ་སྡུག་ཁྲོད་ནས་ཁ་བ་ལྗོངས་ཀྱི་མི་རིགས་འདི་དང་རྒྱལ་ཁབ་ཆེད་དུ་དཀའ་ལས་རྒྱབ་པ་བདེན་པ་རེད། ཡིན་ན་ཡང་ཁྱོད་རང་ཚོ་ཕྱོགས་བཞི་ཀུན་ཏུ་སྐྱོད་ཀྱང་གླེང་མ་སོང་བ་ནི་གླིང་ཚ་བ་རེད་ཅི་ཞིག་ལ་ཁོ་རང་མ་གླེང་བ་ཡིན་ཁོ་རང་གིས་ཡོད་ཚད་བློས་བཏང་ནས་མི་རིགས་དང་རྒྱལ་ཁབ་ཆེད་དུ་སོང་ཡང་ཁྱོད་རང་ཚོས་ཁོ་སོང་བ་མ་གོ་ཡིན་ནམ་ཁོ་རང་ལས་འགུལ་ལ་རིན་ཐང་མེད་ཀི་བསམ་ནས་ཡིན། གང་ལྟར་ཁྱོད་རང་ཚོ་ཁོང་གི་ཟུར་ཞིག་གླེང་མ་སོང་འདི་ལྟར་འགྲོ་བ་ཡིན་ན་རྗེས་མ་བདེན་པའི་ཆེད་དུ་ལས་འགུལ་སྤེལ་ཉུང་རུ་འགྲོ་བ་དོན་དངོས་རེད།
གླིང་ཚ་ཚེ་བརྟན་རྡོ་རྗེ་ཡི་སེམས་ཤུགས་ནི་ངོ་མ་རླབས་ཆེན་རེད། མདོ་སྨད་ཆོལ་ཁས་ཚེ་བརྟན་རྡོ་རྗེ་ལ་ལྟ་སྐོར་བྱས་པ་ཐུགས་རྗེ་ཆེ། ངོ་མ་བཤད་ན་ཚེ་བརྟན་རྡོ་རྗེ་ཁོ་བོས་ཨམ་མདོ་བའི་ཆེད་དུ་དཀའ་ལས་རྒྱག་གི་མེད་གྲོ་བསམ་བསམ་ཞིག་འདུག བལ་ཡུལ་ནང་གི་བོད་ཀྱི་ཆོལ་ཁ་གཞན་པ་གཉིས་ཀྱིས་ལྟད་མོ་ལྟས་ནས་སྡད་ཡོད་པ་མཐོང་ན་སེམས་སྐྱོ་བ་ཞིག་འདུག གླིང་ཚ་ཁོང་གིས་བོད་མི་རིགས་ཀྱི་ཆེད་དུ་སྡུག་ཐང་ན་ཡོད་ནོ་ཐོད་ལ་བཟུང་ནས་དཀའ་ལས་མྱོང་བཞིན་པ་ཐོས་ན་སེམས་ལ་གྲི་བཙུགས་པ་ལྟ་བུའི་ཚོར་བ་བཟོད་དཀའ། དེ་བཞིན་གླིང་ཚ་བུ་རབས་ཁྱེད་ས་སྡུག་དེ་ནས་མྱུར་དུ་ཐར་ཐབས་ཡོང་བར་བྱས་ན་ལེགས།
གླིང་ཚ་ཚེ་བརྟན་རྡོ་རྗེ་ཡི་སེམས་ཤུགས་ནི་ངོ་མ་རླབས་ཆེན་རེད།ང་ནམ་ཡང་ཁྱོད་དང་ལྷན་དུ་ཡོད་ཡོད་པ་ཡིན