རྒྱལ་ཁམས་པ་སྐྱོ་བྲག་དགའ་དབང་གིས།
ཨོཾ་སྭསྟི། རྒྱལ་བ་ཀུན་གྱི་མཁྱེན་པའི་ཡེ་ཤེས་དག །འགྲོ་བ་འདུལ་ཕྱིར་རང་བྱུང་དུ་ཤར་བ། །མཆོད་རྟེན་ཆེན་པོ་འཕགས་པ་ཤིང་ཀུན་ལ། །རྟག་ཏུ་སྒོ་གསུམ་གུས་པས་ཕྱག་འཚལ་ལོ། །ཚུར་མཐོང་སྐྱེ་བོའི་མིག་གི་སྤྱོད་ཡུལ་དུ། །ས་རྡོ་ཤིང་ལས་གྲུབ་པའི་རྙིང་རུལ་དག །བོད་ཡུལ་བླ་མས་ཞིག་གསོ་བགྱིས་པའི་ཚུལ། །མ་བཅོས་གསལ་བར་བཀོད་པ་འདི་ན་ཡོད། །
དེ་ཡང་ལེགས་སྦྱར་སྐད་དུ་སྭ་ཡཾ་བྷུ་སྟེ་རང་བྱུང་མཆོད་རྟེན་དང་། སྔོན་གྱི་བལ་སྐད་དུ་སཱིཧྨངྒུ་ལ་ཟེར་བ་ཕྱིས་ཟུར་ཆག་སྟེ་སིངྒུ་དེ་ཝོ་དང་། བོད་པས་འཕགས་པ་ཤིང་ཀུན་ཏུ་འབོད་ཅིང་། དིང་སང་ཕྱི་གླིང་པར་དབྱིན་སྐད་དུ་མོན་ཀེ་ཊེམ་ཕོལ་ཏེ་སྤྲེའུའི་ལྷ་ཁང་དུ་གྲགས་པ་ནི། བལ་པོའི་མཐིལ་ཡམ་བུའི་གྲོང་གི་ནུབ་ངོས་རི་འབུར་ཞིག་གི་སྒང་ལ་ཡོད་ཅིང་། རང་བྱུང་གི་མཆོད་རྟེན་ཆེན་པོའི་བྱུང་བ་ནི།
སྔོན་གྱི་དུས་ན་བལ་པོའི་མཐིལ་འདི་ཆུར་རྒྱང་གྲགས་བདུན། ཞེང་དུ་རྒྱང་གྲགས་བདུན་དང་ལྡན་པའི་མཚོ་ཆེན་པོར་ཡོད་པ་ལས་འཕང་ལོའི་ཚད་ཀྱི་རིན་ཆེན་སྣ་ལྔ་ལས་གྲུབ་པའི་པདྨ་འདབ་མ་སྟོང་དང་ལྡན་པའི་ཟེའུ་འབྲུ་ལ། དེ་བཞིན་གཤེགས་པ་རྣམས་ཀྱི་ཐུགས་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་གྱི་རྟེན། རྣམ་པ་ཤེལ་གྱི་མཆོད་རྟེན་ཁྲུ་གང་པ་ཞིག །སངས་རྒྱས་གཙུག་ཏོར་ཅན་གྱི་དུས་ན་རང་བྱུང་དུ་སྐྱེས་པ་ལ།
སྐྱེ་དགུ་རྣམས་ཚེ་ལོ་སྟོང་ཕྲག་དྲུག་ཅུར་འཚོ་བ། སངས་རྒྱས་ཐམས་ཅད་སྐྱོབས་འཇིག་རྟེན་དུ་བྱོན་པའི་དུས་ཀྱི་ཚེ་ན། རྒྱ་ནག་རི་བོ་རྩེ་ལྔ་ནས་འཕགས་པ་འཇམ་དཔལ་གྱི་སྤྲུལ་པ་རྡོ་རྗེ་སློབ་དཔོན་འཇམ་པའི་ལྷ་ཞེས་བྱ་བ་མངོན་ཤེས་ལྔ་དང་ལྡན་པ་ནཻ་པཱ་ལའི་ཡུལ་དུ་ཆོས་ཀྱི་དབྱིངས་ཀྱི་མཆོད་རྟེན་བལྟ་བའི་ཕྱིར་གཤེགས་པའི་ཚེ་ན་འདི་སྙམ་དུ་དགོངས་ཏེ། རྟེན་ངོ་མཚར་བ་འདི་ཉིད་ད་ལྟ་རྫུ་འཕྲུལ་དང་ལྡན་པ་མ་ཡིན་པའི་སྐྱེ་བོས་བསྒྲོད་པར་མི་ནུས་པས། མཚོ་འདི་ཉིད་རང་གི་ལས་ཀྱི་ནུས་པས་སྐེམ་པར་བྱས་ཏེ་ས་གཞིར་གྱུར་ནས་ཐམས་ཅད་ཀྱིས་ཆོས་ཀྱི་དབྱིངས་ཀྱི་མཆོད་རྟེན་ལ་མཆོད་པ་དང་བཀུར་སྟི་རིམ་གྲོ་བྱ་བ་དུ་མས་དངོས་སུ་མཆོད་ནུས་པར་བྱའོ་སྙམ་དུ་དགོངས་ཏེ། ཤིན་ཏུ་རྣོ་བའི་རལ་གྲིས་རི་དྲལ་ཏེ་ཆུའི་རྒྱུན་ལམ་དུ་བྱས་ནས་ཉིན་མཚན་བཞི་ཙམ་གྱིས་མཚོ་ཆེན་པོ་དེའི་ཆུ་ཐམས་ཅད་ལེགས་པར་བསྐམས་ཤིང་། རྡོ་རྗེ་སློབ་དཔོན་ཆེན་པོ་དེ་ཡི་མཐུས་རང་བྱུང་མཆོད་རྟེན་ཆེན་པོ་གྲུབ་པའི་གཞི་རིན་པོ་ཆེའི་རང་བཞིན་གྱི་པདྨ་དེ་གནས་གྱུར་པ་ལས་ཤིང་ཀུན་གྱི་རི་འདི་བྱུང་ངོ་། །
ཡང་སྐྱེ་དགུ་རྣམས་ཚེ་ལོ་སྟོང་ཕྲག་སུམ་ཅུར་འཚོ་བ་སངས་རྒྱས་གསེར་ཐུབ་འཇིག་རྟེན་དུ་བྱོན་པའི་ཚེ། བི་ཀྲ་མ་ཤི་ལའི་གཙུག་ལག་ཁང་དུ་དགེ་སློང་ཆོས་དཔལ་བཤེས་གཉེན་ཞེས་བྱ་བའི་མཁས་པ་ཆེན་པོ་ཞིག་གིས། མཚན་ཡང་དག་པར་བརྗོད་པའི་དོན་རྣམ་པར་བཤད་ཅིང་གཞན་ལ་སྟོན་པར་བྱེད་ཀྱང་། ཡི་གེ་བཅུ་གཉིས་པོའི་དོན་མ་ཤེས་ཤིང་བཤད་པར་མ་ནུས་པས། དེ་ཡི་དོགས་པ་བཅོད་པའི་ཕྱིར། རྒྱ་ནག་རི་བོ་རྩེ་ལྔར་འཕགས་པ་འཇམ་དཔལ་གྱི་དྲུང་དུ་བསྒྲོད་པར་བརྩམས་པ་ལས། གནས་འདིའི་འཇམ་དཔལ་གྱི་རི་བོར་ཕྱིན་པའི་ཚེ་ན། རྡོ་རྗེ་སློབ་དཔོན་འཇམ་པའི་ལྷ་ཉིད་འཕགས་པ་འཇམ་དཔལ་དངོས་སུ་ངེས་པ་རྙེད་དེ་གསོལ་བ་བཏབ་པས། རང་བྱུང་མཆོད་རྟེན་ཉིད་ཆོས་ཀྱི་དབྱིངས་གསུང་གི་དབང་ཕྱུག་གི་དཀྱིལ་འཁོར་དུ་བཞེངས་ཏེ་དབང་བསྐུར། མཚན་ཡང་དག་པར་བརྗོད་པའི་རྒྱུད་བཤད། ཡི་གེ་བཅུ་གཉིས་ཀྱི་མན་ངག་ཀྱང་བྱིན་པས་ན། དེ་ཕྱིན་མཆོད་རྟེན་གྱི་མཚན་ཡང་ཆོས་དབྱིངས་གསུང་གི་དབང་ཕྱུག་ཏུ་གྲགས་སོ། །
དེ་ནས་དུས་གཞན་ཞིག་ན་རྒྱ་གར་གཽ་ཌིའི་ཡུལ་དུ་རྡོ་རྗེ་སེམས་དཔའི་སྤྲུལ་པའི་སྐུ་རྒྱལ་པོ་པྲ་ཙནྡྲ་དེ་ཝ་སྟེ་རབ་ཚིམ་ལྷ་ཞེས་བྱ་བ་བྱུང་བ་དེ་འཁོར་བའི་བདེ་བ་འགྱུར་བའི་རང་བཞིན་ཅན་ལ་ཡིད་འབྱུང་བས་འོང་སྟེ། མཆོད་རྟེན་འདིའི་དྲུང་དུ་རབ་ཏུ་བྱུང་ནས་རྡོ་རྗེ་སེམས་དཔའི་བརྟུལ་ཞུགས་བཟུང་ཞིང་། མཚན་ཡང་རྡོ་རྗེ་སློབ་དཔོན་ཤནྟི་ཤྲཱི་སྟེ་ཞི་བའི་དཔལ་ཞེས་བྱ་བ་དེས་ཆོས་དབྱིངས་གསུང་གི་དབང་ཕྱུག་རང་བྱུང་མཆོད་རྟེན་དེ་ཉིད་རབ་ཏུ་བསྲུང་བའི་ཕྱིར་སྟེང་ནས་རྡུལ་གྱིས་གཡོགས་ཤིང་ཕྱི་རོལ་དུ་མཆོད་རྟེན་གྱི་གཟུགས་སུ་བྱས་ཏེ། རང་བྱུང་གི་མཆོད་རྟེན་ཉིད་དེ་ཡི་སྙིང་པོར་བཞུགས་སུ་གསོལ་བ་ཡིན་ནོ། །
མཆོད་རྟེན་ཆེན་པོ་འདི་ཉིད་ཀྱི་ལྷོ་ནུབ་ཕྱོགས་ན། རྡོ་རིང་ལེབ་མོ། མདོག་སྔོ་སྐྱ། སྲབ་མཐུག་མཐོ་གང་དང་སོར་བཞི། མཐོ་ཚད་འདོམས་གང་དང་སོར་ལྔ། ཞེང་ཚད་འདོམས་ཕྱེད་དང་མཐོ་གང་། གུར་མགོའི་རྣམ་པ་ལ་མཐའ་ཤིང་ལོ་པ་ཏྲའི་རི་མོས་བརྒྱན་ཅིང་། ཀླད་དུ་རྣམ་བཅུ་དབང་ལྡན་དང་ཉི་ཟླའི་དཔེ་རིས་བརྐོས་པའི་གཤམ་ན། ནཻ་པཱ་ལི་དང་། བོད་ཡིག་དབུ་ཅན་ཏེ་ཡིག་རིགས་གཉིས་ཀྱི་ཐོག་ནས་བོད་ཀྱི་བླ་མ་དག་གིས་འཕགས་པ་ཤིང་ཀུན་ལ་ཞིག་གསོ་ཇི་ལྟར་བགྱིས་པའི་ལོ་རྒྱུས་བཀོད་པ་ལས་ནཻ་པཱ་ལི་ལ་ཡིག་ཕྲེང་ཞེ་གསུམ་དང་། བོད་ཡིག་ལ་ཡིག་ཕྲེང་ལྔ་བཅུ་ཐམ་པ་འདུག །བོད་ཡིག་གི་དག་སྦྱོར་འགའ་རེ་རྒྱུན་སྲོལ་དང་མི་འདྲ་བ་ཡོད་ནའང་བཅས་བཅོས་མ་བྱས་པར་དཔེ་བཤུ་བྱས་པ་ནི། འདི་ལྟར།
༡ ༄༅། །ཨོཾ་སྭཱསྟི། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐཾད་ལ་ཕྱག་འཚལ་ལོ། །དཔལ་ལྡན་བླ་མ་དམ་པ་རྡོ་རྗེ་ཚེ་དབང་ནོར་བུའི་ཞབས་ཀྱི་པདྨོ་དྲི་མ་མེད་པ་ལ་དུས་དང་
༢ རྣམ་པ་ཐཾད་དུ་ཕྱག་འཚལ་ཞིང་སྐྱབསུ་མཆིའོ། །དེ་ཡང་ལྷ་དང་བཅས་པའི་འཇིག་རྟེན་ཐཾད་ཀྱི་ཕན་པ་དང་བདེ་བའི་རྩ་ལག་དམ་པར་གྱུར་པ་བ་ཡུལ་རང་བྱུང་གི་མཆོད་རྟེན་ཆེན་པོ་
༣ འཕགས་པ་ཤིང་ཀུན་ཞེས་བྱ་བ། ཚངས་པ་དང་དབང་པོ་སྲེད་མེད་ཀྱི་བུ་ལ་སོགས་པ་འཇིག་རྟེན་སྐྱོང་བའི་ལྷ་ཆེན་པོ་རྣམས་ཀྱིས་གཙུག་གི་ནོར་བུས་རི་མོར་བགྱིས་པའི་འོད་ཟེར་གྱི་པ་ཏྲས་ཀུན་ནས་མཛེས་
༤ པར་བྱས་པ། བསོད་ནམས་ཀྱི་ཕུང་པོ་མངོན་པར་འདུ་བྱ་བ་ལ་ངོམ་པ་མེད་པར་དད་པའི་ནོར་གྱིས་ཡང་དག་པར་ཕྱུག་པའི་སྐྱེས་དགུ་ཐཾད་ཀྱི་ལེགས་བྱས་ཟད་མི་ཤེས་པའི་རིན་པོ་ཆེའི་འབྱུང་གནས།
༥ གང་ལ་རེག་པའི་རླུང་གཞོན་གྱིས་ཕོག་པའི་སེམས་ཅན་དུད་འགྲོའི་སྐྱེ་གནས་སུ་གྱུར་པ་རྣམས་ཀྱང་འཁོར་བའི་རྒྱ་མཚོ་ནས་བྱང་ཆུབ་རྣམ་པ་གསུཾ་གྱི་སྐམ་པར་གདོན་མི་ཟ་བར་འདྲེན་པའི་
༦ ལྕཊ་ཀྱུ། གང་ཞིག་མཐོང་ཐོས་དྲན་རེག་ཏུ་གྱུར་པའི་ལུས་ཅན་ཐམས་ཅད་རྣཾ་གྲོལ་ཐར་པའི་དཔལ་ལ་ཉེ་བར་འགོད་པ་ཀུན་ནས་དོན་ཡོད་པའི་ཞགས་པ། འཇིག་རྟེན་འདི་ཉིད་དུའང་ཚེ་དང་རིཊ་རྒྱུད་དང་ནོར་ལ་
༧ སོགས་པ་དཔལ་འབྱོར་ཇི་ལྟར་འདོད་པའི་སྨོན་པ་མཐའ་དག་ཡིད་བཞིན་དུ་འགྲུབ་པའི་བུཾ་པ་བཟང་པོ། །ས་གསུཾ་གྱི་སྐྱེ་དགུ་མ་ལུས་པའི་བསོད་ནམས་དམ་པའི་མཆོད་སྡོངས་ཆེན་པོ། །འཛམ་བུའི་གླིང་མཛེས་པར་བྱེད་པའི་
༨ རྒྱན་གཅིག་པུར་གྱུར་པ་འདི་ཉིད། སྙིགས་མ་རྣམས་ལྔའི་སྐྱོན་གྱིས་སྦག་པའི་རྩོད་དུས་ཀྱི་དྲི་མས་ཡོངས་སུ་གོགས་ཤིང་རྙིང་པར་གྱུར་པ་ན། མཁས་པ་དང་གྲུབ་པ་ཐཾད་ཀྱི་གཙུགི་རྒྱན་དུ་གྱུར་པ་རིག་པ་འཛིན་པ་ཡོངས་ཀྱི་འཁོར་ལོ་བསྒྱུར་
༩ བའི་དབང་ཕྱུག་དཔལ་རྡོ་རྗེ་ཚེ་དབང་ནོར་བུ་ཞེས་མཚན་ཉི་ཟླ་ལྟར་ས་སྟེང་ཐཾད་ན་ཡོངས་སུ་གྲགས་པའི་བ་དན་དཀར་པོ་ལྷབ་ལྷུབ་ཏུ་གཡོ་བ་དེ་ཉིད་ཀྱི་ཞལ་སྔ་ནས་སྟོན་ཟླ་འབུཾ་གྱི་སྣང་བ་ལྟར་དཀར་བའི་ལྷག་པའི་དགོངས་པས་རིས་མེད་
༡༠ པའི་བསྟན་འགྲོ་སྤྱི་དང་། བྱེ་བྲག་གངས་ཅན་བོད་ཡུལ་གྱི་སྐྱེ་དགུ་མ་ལུས་པ་དང་། ལྷག་པར་ནཻ་པཱ་ལ་ཡི་ལྗོངས་སུ་འཁོད་པའི་རྒྱལ་བློན་འབངས་དང་བཅས་པའི་སྐྱེ་འགྲོ་མཐའ་དག་ལ་ཕན་པ་དང་བདེ་བ་ཁོ་ནའི་ཆེད་དུ། བལ་ཡུལ་སམྦཏ་ཀྱི་
༡༡ ལོ། ༨༧༡ རྒྱ་གར་འཕགས་པའི་ཡུལ་དུ་པྲ་ཛ་པ་ཏི་ཞེས་བྱ་བ། སྟོད་འགྲེལ་བོད་ཀྱི་སྐད་དུ་སྐྱེས་བདག །མ་ཧཱ་ཙི་ནའི་ཁབ་ཏུ་ཟིན་ཝུའི། དབང་ཐང་དང་བསྟུན་པ་ལྕགས་མོ་ལུགི་ལོ་རྒྱལ་གྱི་ཟླ་བའི་དུས་ཚེས་དགེ་བར་ཉམས་གསོས་
༡༢ མཛད་པའི་དབུ་བརྩམ་པའི་ཚེ་ལྷ་ཆེན་པོ་ཚོགས་ཀྱི་བདག་པོ་དང་། གཞོན་ནུ་ཀརྟི་ཀ་གཉིས་ནས་རང་གཟུགས་དངོསུ་བསྟན་ཏེ་བདེ་བར་གཤེགས་པའི་བསྟན་པ་རིན་པོ་ཆེ་ལ་ཤིན་ཏུ་གུས་པའི་བློས་མཆོད་རྟེན་ཆེན་པོའི་ཉམས་གསོས་
༡༣ སྒྲུབ་པ་འདིའི་གསེར་ལ་སོཊ་ཡོ་བྱད་མཐའ་དག་འབད་མེད་ལྷུན་གྲུབ་ཏུ་འབྱུང་བའི་ཕྲིས་བདག་ཅགི་བགྱིའོ་ཞེས་མཁས་བླངས་པ་དང་། དེ་བཞིན་དུ་ལྷ་ཆེན་པོ་བིཥྞུ་བྲམ་ཟེའི་གཟུགསུ་སྤྲུལ་པ་ཞིག་དངོསུ་བྱུང་ནས། ལྷ་ཡི་
༡༤ མཆོད་སྡོང་དང་མཚུངས་པའི་སྲོག་ཤིང་ཆེན་པོ་འདི་ཉིད་ཡོད་པ་འདྲེན་པར་མཛོད་ཅེས་བསྐུལ་བར་མཛད་པ་སོགས་ལྷ་ཆེན་པོ་རྣམས་ཀྱིས་འཕྲིས་ཡང་དག་པར་སྒྲུབ་པའི་རྟཻལ་ལ་བསྟན་ནས། རྒྱལ་པོ་ཆེན་པོ་ཤྲཱི་ཤྲཱི་ཛ་ཡ་པྲ་ཀ་ཤ་ནས་
༡༥ ཕུལ་དུ་བྱུང་བའི་ཞལ་བཞེས་གནང་བ་དང་། ཤྲཱི་ཤྲཱི་ཤྲཱི་གོརྵ་རྒྱལ་པོ་པྲི་སྠི་ཎ་རཱ་ཡ་ནས་ཀྱང་སྲོག་ཤིང་ཕྲལ་དུ་འདྲེན་པར་དམ་བཅས་ནས་སྒྲུབ་པར་མཛད་མོད་ཀྱང་། བར་སྐབསུ་མང་ཡུལ་ལ་དྭགས་ལྗོངསུ་སྟོད་ཧོར་གྱི་དམགི་འཇིགས་པ་
༡༦ སྐྱོབས་པ་ལ་བྱོན་དགོས་བྱུང་བ་དང་། བོད་དང་བལ་མོན་གྱི་རྒྱལ་ཁག་རྣམས་ཀྱི་ཟླུམ་འཆིངས་གནང་དགོས་དང་། གཟོ་རིགས་པ་རྣམས་ཀྱང་རྒྱུ་སྙོམས་ཤིན་ཏུ་ཆེ་བ་སོགས་ཀྱིས་རིམ་འགྱངསུ་གྱུར་པའི་ཁར། བསྟན་འགྲོའི་བསོད་
༡༧ ནམས་དམན་པའི་དབང་གིས་རྗེ་དེ་ཉིད་གཟུགས་སྐུ་ཆོས་དབྱིངསུ་ཐིམ་པའི་ཚུལ་བསྟན་ནས་ཤིན་ཏུ་བྱ་དཀའ་བའི་གནསུ་གྱུར་མོད་ཀྱང་བམ་མོན་གྱི་རྒྱལ་ཁག་རྣམས་ལ་སྐྱིད་གྲོང་དུ་ཆིབས་བསྒྱུར་གནང་སྐབསུ་འབྱུང་འགྱུར་གསལ་བར་
༡༨ གཟིགས་པའི་རྡོ་རྗེའི་བཀའ་ལུང་རྣམས་ལས། ད་ཆ་བདག་རང་ངོས་སུ་སླེབས་པ་ཞིག་མི་འབྱུང་རུང་། བདག་གི་སློབ་མ་བཛྲཱ་ཙརྱ་ཞིག་དང་། སློབ་མའི་གཙོ་བོ་རྒྱལ་བ་ཡབ་སྲས་ལྔ་པོ་རྣམས་ནས་ཞིག་གསོས་མཐར་ཕྱིན་
༡༩ གནང་ཚུལ་ཕེབས་པ་བཞིན་རྗེ་བཙུན་འབྲུག་པ་རིན་པོ་ཆེ་ནས་བླ་མའི་དམ་ཚིག་ལ་དགོངས་པའི་ཐུགས་བསྐྱེད་ཕུལ་དུ་བྱུང་བའི་གཞལ་དུ་མེད་པའི་ཐུགས་རྗེའི་རྒྱབ་གཉེར་བཀའ་དྲིན་ཆེ་བ་དང་མཆོད་དཔོན་བསྟན་འཛིན་རྡོ་རྗེ་
༢༠ སོག་ཞབས་རིམ་པ་མཐུ་བོ་རྣམས་ནས་རྗེ་དེ་ཉིད་ཀྱི་དགོངས་པ་ཡང་དག་པར་བསྐང་བའི་སླད་དུ་ཞུམ་པ་མེད་པའི་སྙིང་སྟོབས་ཀྱི་ཁུར་ཆེན་པོ་ཕྲག་པ་ལ་ཐོག་ནས། ལུས་དང་སྲོག་ལ་ལྟོས་པ་མེད་པས་བརྩོན་
༢༡ འགྲུས་དྲག་པོས་ལུས་ངག་གི་དཀའ་བ་བརྒྱ་ཕྲག་དུ་མ་དང་དུ་བླང་ནས། ༢ རྗེ་དེ་ཉིད་ཀྱི་དགོངས་བཞེད་ཞལ་བཀོད་ཇི་ལྟར་གནང་བ་བཞིན་དུ་ལོ་ངོ་བདུན་སོང་བ་འབྲུ་མང་ཞེས་བྱ་བ་ས་ཕོ་སྟག་གི་ལོ་ཞལ་དང་པོར་ཤར་
༢༢ བའི་ཚེ། ༢ འགྲོ་བའི་མགོན་པོ་འབྲུག་པ་རིན་པོ་ཆེ་ནས་སྐྱིད་གྲོང་ནས་བྱིན་རླབས་དགོངས་པ་གཏད་ཅིང་། ༢ དཔའ་བོ་རིན་པོ་ཆེ་རྡོ་རྗེ་གཙུག་ལགས་དགའ་བའི་དབང་པོའི་ཞལ་ལྔ་ནས་རབ་ཏུ་གནས་པ་བཀྲ་
༢༣ ཤིས་བྱིན་འབེབས་ཀྱི་ཆོ་ག་ཡང་དག་པར་དཀའ་དྲིན་ཀྱང་ཏེ་རབ་གནས་ཀྱི་མཐར་ཐུག་པར་ཡོངསུ་རྫོགས་པར་འགྲུབ་པ་འདི་ཉིད་ལ་སྔར་གྱི་ཟང་དང་གསེར་རྙིང་པ་རྣམས་ཀྱང་སྦྱིན་བདག་བསོད་ནམས་འཕེལ་
༢༤ བའི་སླད་དུ་ལྡབ་སྐྱོར་དུ་བྱས་ཤིང་སྐུ་རྒྱུའི་ཟང་གསར་རྙིང་སྡོམ་པར་དྷ་ནི་སྟོང་ཕྲག་གཅིག་དང་སུཾ་བརྒྱ་བརྒྱད་བཅུ་གྱ་གཉིས་ལ་བཞུ་ཆད་སོགས་བཏོན་ཏེ་བཟོས་གྲུབ་ནས་དྷ་ནི་སྟོང་ཕྲག་གཅིག་དང་ཉིས་བརྒྱ་ལྔ་བཅུ་
༢༥ ང་བརྒྱད་སོང་ཞིང་། བྲེ་ཡི་ཕྱོགས་བཞི་ཧ་ལཾ་པ་ཊ་བཞི་ཆོས་འཁོར་བཅུ་གསུཾ་གདུགས་ཏོག་བཅས་པར་གསེར་ཏོ་ལ་སྟོང་ཕྲག་གཉིས་དང་བཞི་བཅུ་ཞེ་ལྔ་མཱ་ས་དྲུག་བཅས་པར་གཞུ་ཆད་སོགས་བཏོན་པའི་གསེར་
༢༦ གཙོ་མ་ཏོ་ལ་སྟོང་ཕྲག་གཅིག་དང་དགུ་བརྒྱ་གསུམ་བཅུ་སོ་གཅིག་མཱ་ས་དྲུག་བྱུང་བའི་མཁར་གསེར་རྙིང་གཙོ་མ་ཏོ་ལ་གྱ་དགུ་དང་། མཱ་ས་བཅུ་བཅས་བསྣན་པའི་ཁྱོན་བསྡོམ་གཞུ་ཆད་སྟོན་པའི་གསེར་གཙོ་མ་
༢༧ སྟོང་ཕྲག་གཉིས་དང་ཉི་ཤུ་རྩ་གཅིག་མཱ་ས་བཞི་བཅས་སོང་ཞིང་། དེ་ཕྱིན་ཞིག་གསོས་འདི་ཉིད་དབུ་བརྩམ་ནས་རབ་གནས་ལེག་འབུལ་གྱི་མཐར་ཐུག་པ་གྲུབ་པའི་བར་དུ། ཤྲཱི་ཤྲཱི་མ་ཧཱ་ར་ཛ་ལས་བྱེད་མགོ་མི་རྣམས་
༢༨ དང་བཟོ་རིག་པ་སོ་སོར་གནང་ཆ། སྐུ་རིམ་མཆོད་འབུལ་ཀྱི་རྒྱུ་དངོས་ལས་བྱེད་ཀྱི་ཁ་ཙ་གཏོང་དགོས། དེ་མཚུངས་སྲོག་ཤིང་འདྲེན་པའི་སླད་དུ་གོརྵ་རྒྱལ་བློན་ལས་བྱེད་མི་མང་བཅས་པར་ཞུ་བསྟོན་གནང་སྐྱེས། ཁ་
༢༩ ཙ་ལེགས་འབུལ་སོགས་མདོར་ན་མཆོད་བརྟེན་ཆེན་པོའི་ཕྱག་ལས་འདི་ཉིད་ཁོ་ནར་སོང་བའི་ཆས་དངོས་ལ་གོང་གསལ་སྐུ་རྒྱུའི་གསེར་དང་བཅས་པ་ཁྱོན་བསྡོམས་པར་གསེར་ཏོ་ལ་སྟོང་ཕྲག་གསུམ་དང་གསུམ་བརྒྱ་བཞི་བཅུ་ཞེ་
༣༠ བཞི་མ་ས་བཅུ་ཐཾས་པ། དངུལ་ས་ཧི་ངོ་ཐོགས་སྟོང་ཕྲག་བཞི་དང་བདུན་བརྒྱ་བདུན་བཅུ་དོན་ལྔ། རྒྱ་དངུལ་མདར་ཎི་ཕྱེད་གཉིས། རང་བྱུང་ཟང་མདར་ཎི་གཉིས། བལ་ཊཾ་འགྲོ་ཕེར་ངོ་ཐོག་ཁྲི་ཕྲག་གཅིག་དང་སྟོང་ཕྲག་བཞི་བརྒྱ་དང་དྲུག་
༣༡ བྱུང་བ་དེ་ཡི་ཁར། ཁ་དག །གོས་ཆེན་ཁ་འཐོར། དར་རས་རྣམས་ཁྲུག །ཇ་མར། ཚྭ་འབྲུ་ཆ་ཀྲུམ་སོག་ཡུལ་དུས་རིན་ཐང་བལ་ཊཾ་དུ་ཕབས་པ་བཅས་བསྡོམས་པར་ཁྲི་ཕྲག་བཞི་དང་སྟོང་ཕྲག་གསུམ་དྲུག་བརྒྱ་སུམ་བཅུ་
༣༢ སོ་དགུ་རག་བརྩིས་དང་དེར་བརྩིས་སུ་མ་ཐེབ་པའི་རྟ་ཁྲ་སྤུས་ལེགས་ཤས་ཆེའི་རྟ་དྲུག་བཅུ་རེ་བདུན། གོས་ཆེན་ཡུག་ཉེར་གཅིག་གུམ་གུམ་དངུལ་སྟོང་གི་རིན་ཡོད་ངེས་བཅས་སོང་བ་འདི་དག་ཀྱང་རྗེ་བཙུན་རིག་པ་
༣༣ འཛིན་དབང་དེ་ཉིད་ནས་སྐུ་ཚེའི་རིང་མཆོག་ཤེས་ཡིད་བཞིན་ནོར་བུའི་གཏེར་ཆེན་པོའི། ངེས་འབྱུང་ཞེན་ལོག་གི་བང་མཛོད་ཡོངསུ་ཁེང་པས། གསོལ་ཆས་ཕྲེན་བུ་ཙམ་ལས་ནོར་བརྫས་དངོས་པོའི་འབུལ་ནོར་ཡེ་
༣༤ ནས་མི་བཞེས་པར་བྱ་གཏང་གི་རྣམ་མཐར་གཙང་མར་སྐྱོང་བའི་མཛད་པ་མཆོག་དམན་ཡོངས་ཀྱི་དགོངས་ལམ་དུ་མངའ་བ་ལྟར་ལགས་མོད་ནའང་། མཆོད་རྟེན་གྱི་ཕྱག་ལས་འདི་བཞིན་དབུ་བརྩམས་ནས་འཇུག་ཡོངསུ་
༣༥ གྲུབ་པའི་བར་དུ་སྟོད་སྨད་ས་ཕྱོགས་ཡུལ་རིག་སོ་སོ་ནས། དད་པའི་ནོར་ཀྱི་ཕྱུག་པའི་སྦྱིན་བདག་རྣམས་ནས་ཇི་ལྟར་ཕུལ་བའི་རྫས་དངོས་ཡོ་བྱད་ཆེ་འཕྲ་མཐའ་དག་ཆུས་ཟོས་སུ་མ་སོང་བར། ཇི་ལྟར་བརྒྱ་མཚོ་ཆེ་
༣༦ ནང་ཆུ་ཐིག་ལྷུང་། རྒྱ་མཚོ་མ་སྐམས་བར་དུ་དེ་མི་བསྐམ། །དེ་བཞིན་བྱང་ཆུབ་ཡོངས་བསྔོས་དགེ་བ་ཡང་། །བྱང་ཆུབ་མ་ཐོབ་བར་དུ་དེ་མི་མཛད། །ཞེས་ཕན་ཡོན་ཇི་ལྟར་གསུང་པ་བཞིན། །འདས་པ་དང་མ་བྱོན་པ་དང་། ད་
༣༧ ལྟར་བྱུང་བའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཀྱི་སྐུ་ནམ་མཁའ་ལྟར་འདུས་མ་བྱས་ཤིང་ལྷུན་གྱི་གྲུབ་པའི། དངོས་པོ་མེད་བཞིན་དུ་དངོས་ཀུན་གྱི་བདག་ཉིད་དུ་གྱུར་པ། གཟུགས་མེད་པའི་གཟུགས་
༣༨ བཟང་པོ་ཕྲ་རབ་ཀྱི་བསྡུལ་ལས་འདས་པ་འགྱུར་བ་མེད་པའི་བདག་དམ་པ། གཙང་བ་བདེ་བ། རྟག་པའི་ཕ་རོལ་ཏུ་ཕྱིན་པ་བསམ་གྱི་མི་ཁྱབ་པའི་ཆོས་ཀྱི་དབྱིངས། སེམས་ཅན་ཐམས་ཅད་བརྒྱུད་ལ་ཡེ་འདོད་
༣༩ མ་ནས་ཡོངས་གྲུབ་ཏུ་བཞུགས་མོད་ཀྱང་། སོ་སོ་སྐྱེ་བོ་རྣམས་ལ་ཤིན་ཏུ་ལྐོག་གྱུར་ཀྱི་གནས་བརྟག་པར་དཀའ་བ་ཉིད་དུ་གྱུར་པ་ནས། དེ་དག་ལ་ཕན་པ་དང་བདེ་བའི་གོ་འཕང་དམ་པ་རྩོལ་བའི་སླད་དུ་
༤༠ གཟུགས་ཀྱི་སྐུ་མཆོད་རྟེན་གྱི་རྣམ་པ་འདི་ཉིད་ལ་བསྐུར་བསྟི་དང་རིམ་འགྲོར་བྱ་བའི་མཆེད་ཁོ་ནར་འགྲོ་བར་བྱ་བའི་ལོ་བརྒྱུས་རིམ་ཙམ་བརྗོད་པ་སྟེ། སངས་རྒྱས་པར་གཞན་དུ་འབྲིས་ཉིད་ལས་རྟོགས་པར་
༤༡ བྱ་དགོས་ལ། ཚུལ་འདི་ལྟ་བུ་ཡང་འཇིག་རྟེན་འདིར་སྣང་བསྙན་པར་གྲགས་པ་དང་། གཞན་ལ་འགྲན་འདོད་ཀྱི་རློམས་སེམས་དང་ཆེ་འདོད་སོགས་འཇིག་རྟེན་ཆོས་བརྒྱད་ཀྱི་དྲི་མས་དགོས་པའང་མ་ལགས་
༤༢ ཤིང་། འཇིག་རྟེན་ཕ་རོལ་ཏུ་འཁོར་ལོ་བསྒྱུར་བ་དང་། ཚངས་པ་དང་། དབང་ཕྱུག་ལ་སོགས་པ་མངོན་པར་མཐོ་བའི་གོ་འཕང་འདོད་པའི་ཕྱིར་ཡང་མ་ཡིན་སྟེ། རྗེ་དེ་ཉིད་ཀྱི་བཀའ་ལས་དགེ་བ་བདག་མེད་ཆུ་
༤༣ སྣོད་ཇི་སྙེད་ནང་། ཟླ་བ་དེ་སྙེད་འཆར་བའི་སྤེ་བརྗོད་མཛད་པ་བཞིན་འབྲེལ་ཐོག་ཀྱི་བཙོས་པའི་ནམ་མཁའི་གར་ཁྱབ་ཀྱི་སེམས་ཅད་ཐམས་ཅད་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་ལ་
༤༤ འགོད་པ་ཁོད་པ་ཁོ་ནའི་ཆེད། ཇི་ལྟར་བཞེད་པ་བཞིན་ཟག་པ་མེད་པའི་ཐུག་དགོངས་པ་ཆོས་ཀྱི་དབྱིངས་སུ་རྫོགས་པར་བསྐོང་བའི་སླད་དུ་བགྱིས་པར་ལགས་ན་དུས་གསུམ་ཆག་
༤༥ མཆག་ཐོག་མེད་པར་གཟིགས་པའི་སྒྲིབ་མེད་ཡེ་ཤེས་ཀྱི་སྤྱན་དང་ལྡན་ཅིང་། སླུ་བ་མེད་པའི་སྐྱབས་གནས་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་དང་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་སྲུང་
༤༦ མའི་ཚོགས་རྣམས་ཀྱི་ཁྱབ་བདག་དཔལ་ལྡན་བླ་མ་དམ་པ་དེ་ཉིད་ཀྱི་ཐེག་པ་ཆེན་པོའི་སྨོན་ལམ་ཇི་ལྟར་བཞེད་པ་ཐམས་ཅད་དགེགས་མེད་དུ་འགྲུབ་ཅིང་། བདག་སོཊ་ལུས་ཅན་ཐམས་ཅད་ཟུང་
༤༧ འཇུག་སྐུ་བཞིའི་བདག་ཉིད་རྡོ་རྗེ་འཆང་གི་གོ་འཕང་ཚེ་འདི་ཉིད་ཐོབ་པར་བྱིན་གྱིས་རླབས་ཏུ་གསོལ།། ཛ་ཡ་ཛ་ཡ་སུ་ཛ་ཡ༈ ༈རྒྱལ་ཀུན་འཕྲིན་ལས་སྒོ་འཕར་རྒྱས། ཡང་པོར་ཕྱེ་པའི་བརྟུལ་
༤༨ ཤུགས་ཅན། །སྙིང་དུས་འདྲེན་པ་ཆེན་པོ་དེས། །བསྟན་དང་འགྲོ་བའི་བདེ་སྐྱིད་གསོས། །ཐུགས་བསྐྱེད་སྐྱ་རེང་གྱི་དྲང་པའི། ལྷ་མིས་མཆོད་གཏོང་ཉིན་བྱེད་དབང་། །སྐྱེས་གུའི་བསོད་ནམས་
༤༩ ཤར་རི་ལས། །མངོན་པར་འཕགས་པ་ལས་ཙམ་པའི། །གཏམ་གྱི་འོད་ཟེར་རྨད་བྱུང་འདིས། །ཡུལ་གྲུ་སོ་སོས་ཐོས་འཛིན་གྱིས། །བུ་གའི་མུན་པ་སེལ་བའི་ཕྱིར། །རྐད་གཉིས་སྦྱར་སྟེ་
༥༠ འདི་འབེད། །ཅེས་མཆོད་རྟེན་ཆེན་པོ་ཉམས་གསོའི་སྐབས་ཀྱི་དཀར་ཆབ་སྔོན་ཡོད་ཆུད་ཟོས་དུ་སོང་བར་རྟེན་སར་བསྐྲུན་བྱས་སྐབས་ཤྲཱི་དྷརྨ་སི་དྡྷའི་ས་གཱ་རས་བྲིས་པ་ཀ་ལྱན་བྷ་བ་ཏུ།།
ཞེས་དང་། རྡོ་རིང་གི་གཡས་ཟུར་མུ་རན་ཕྲ་མོའི་སྣེ་མཐའ་ལ།
བདག་སོཊ་ལུས་ཅན་ཐཾད་ཟུང་འཇུག་སྐུ་བཞིའི་བདག་ཉིད་རྡོ་རྗེ་འཆང་གི་གོ་འཕང་ཚེ་འདི་ཉིད་ཐོབ་པར་བྱིན་གྱི་རླབ་ཏུ་གསོལ།
ཞེས་པ་བསྐྱར་དུ་བརྐོས་གདའ། རྡོ་རིང་གི་ཡི་གེ་རྩོམ་པ་པོ་ནི། ཞྭ་དམར་བཅུ་པ་ཆོས་གྲུབ་རྒྱ་མཚོ་སྟེ། དྷརྨ་སིདྡྷི་ས་གཱ་ར་ནི། ཁོང་གི་མཚན་ལེགས་སྦྱར་སྐད་དུ་སྨོས་པ་ཡིན་ཅིང། ཤྲཱི་ནི་ཆེ་བ་མཚོན་བྱེད་དེ། བལ་པོའི་ལུགས་སྲོལ་ལ་ཤྲཱི་མང་ཉུང་གིས་ཆེ་ཆུང་གི་ཁྱད་པར་འབྱེད་ཀྱི་ཡོད་པ་རེད། ནང་དོན་དུ། རིག་འཛིན་ཚེ་དབང་ནོར་བུས་རང་བྱུང་མཆོད་རྟེན་གྱི་ཞིག་གསོའི་ལས་འཆར་དབུ་འཛུགས་ཀྱིས་ཞལ་བཀོད་གནང་ཞིང་། མཆོད་དཔོན་བསྟན་འཛིན་རྡོ་རྗེ་སོགས་ཞབས་རིམ་རྣམས་ཀྱིས་ལས་འགན་ཁུར་ཏེ། འབྲུག་པ་རིན་པོ་ཆེས་རྒྱབ་གཉེར་གནང་བས་གྲུབ་པ་ལ། དཔའ་བོ་གཙུག་ལག་དགའ་བས་བཀྲ་ཤིས་བྱིན་འབེབས་ཀྱི་རབ་གནས་གནང་བ་ཙམ་ཞིག་གསལ་ནའང་། ཞྭ་དམར་ཆོས་གྲུབ་རྒྱ་མཚོ་ནི། བལ་ཡུལ་དུ་འབྲེལ་འདྲིས་ཆེ་བའི་ཤུགས་རྐྱེན་ཡོད་པ་ཞིག་ཡིན་སྟབས། མགོ་ནས་གཟིགས་སྐྱོང་གཙོ་བོ་གནང་མཁན་ཡང་ཁོང་ཡིན་ངེས་མོད། ཁེངས་སྐྱུང་དང་བླ་མའི་ཆེ་བ་འདོན་ཕྱིར་རང་རྣམ་མ་བཀོད་པ་ཙམ་ཡིན་པ་ཤེས་དགོས་ཤིང་། དཔའ་བོ་གཙུག་ལག་དགའ་བས་ཀྱང་རང་གི་གཟན་ཤམ་ཡན་ཆོད་ཀྱིས་སོ་ཕག་སོགས་དབོར་ནས་ཕེབས་པའི་ངག་རྒྱུན་ཡོད་པ་བཞིན་དད་པ་ཅན་གཞན་པ་མང་པོ་ཞིག་གིས་ཀྱང་ལས་ཀྱི་འབྲེལ་འཇོག་བྱས་ཡོད་པ་ནི་བཤད་མ་དགོས་པ་རེད། བསམ་གཞིག་དགོས་པ་གཞན་ཞིག་ལ། རྡོ་རིང་གཡོན་ཟུར་སྨད་ཀྱི་ཤིང་ལོ་པ་ཏྲ་རྣམས་ཆ་བགོས་ཙམ་ལས་ལེགས་གྲུབ་བྱུང་མི་གདའ་བས་བྲེལ་འཚུབ་ཀྱི་ངང་ནས་མཐའ་འཇོག་དགོས་ཐུག་ཡོད་པ་ནི་ངེས་འདུག །
ཞོར་དུ་རང་བྱུང་མཆོད་རྟེན་ཆེན་པོའི་མདུན་ངོས་གཡས་ཟུར་ན། བོངས་ཚད་འདོམས་ཕྱེད་པ། སྐེད་པ་འདོམས་ཀྱིས་ཆིངས་ཙམ་དང་། ཁ་རྒྱ་ཁྲུ་དོ་ཡོད་པའི་ཅོང་དྲིལ་ཆེན་པོ་ཞིག་རྡོའི་ཀ་གདུང་ལ་དཔྱངས་པ་དེའི་ཐོད་ལ་ཡིག་ཕྲེང་གཅིག་དང་། སྐེད་པར་ཡིག་ཕྲེང་གསུམ་སྟེ། བོད་ཡིག་ཡིག་ཕྲེང་བཞི་ཡོད་པའང་ཡི་གེའི་དག་སྦྱོར་གང་ཡོད་ཇི་བཞིན་དུ་དཔེ་བཤུ་བྱས་པ་ནི། འདི་ལྟར།
༡ ༄༅། །རྒྱལ་བའི་ཆོས་སྐུའི་རྟེན་མཆོག་རིན་པོ་ཆེར། དབྱངས་སྙན་དྲིལ་བུ་རྨད་འབྱུང་འདི་ཕུལ་དགེས། བདག་དང་བདག་ལ་འབྲེལ་བཅས་སེམས་ཅན་རྣམས། གནས་སྐབས་མི་ཐུན་གུད་པ་ཞི་བ་དང་། ཚེ་རིང་ནད་མེད་ཆོས་ནོར་
༢ ཡོངས་འཕེལ་ཞིང་། སྒོ་གསུམ་དམ་པའི་ཆོས་ལ་བཞོལ་བ་ལ། ནག་ཕྱོགས་རྣམས་ཀྱི་བརྫི་བར་མི་ནུས་ཅིང་། སྙིང་པོ་དོན་མཆོག་གནས་ལུགས་ལེགས་རྟོགས་ནས། སྐུ་བཞི་རྒྱལ་ཐབ་དམ་པ་ཐབ་པ་དང་། དེ་མ་ཐོབ་ཀྱི་
༣ བར་དུ་གར་གནས་ཀྱང་། བྱང་ཆུབ་སེམས་དང་ནམ་ཡང་མི་འབྲལ་ཞིང་། ཞི་བ་ཆོས་ཀྱི་སྒྲ་དབྱངས་རྟག་ཐོས་ཤོག །ཅེས་པའང་ཞྭ་དམར་བཅུ་པ་ཆོས་གྲུབ་རྒྱ་མཚོས་སྨོན་ཚིག་ཏུ་བྲིས་པ་ལྟར་འགྲུབ་པར་ཤོག ། ཛ་ཡནྟུ།
༤ དྲིལ་བུ་འདིས་སྒྱུར་ལི་རྡར་ནི་བརྒྱ་དང་བདུན་བཅུའི་རིན་དང་བཟོ་གླ་ཅེས་སྡོམ་ཊཾ་སྟོང་ཕྲག་གཅིག་དང་གསུམ་བརྒྱ་དྲུག་བཅུ་སོང་།།
དེ་ལྟར་ཡིག་ཕྲེང་ཐོག་མ་གསུམ་པོ་ནི་སྨོན་ལམ་དང་། ཐ་མ་ནི་རྒྱུ་ཆ་དང་འགྲོ་སོང་རེད། རྩོམ་པ་པོ་ནི། ཞྭ་དམར་བཅུ་པ་ཡིན་པར་གསལ་བ་དེ་ཀ་ལགས་ཤིང་། བོད་ཀྱི་བླ་མ་གོང་མ་རྣམ་པས། དཀའ་བའི་ལས་དང་། དཀོན་པའི་རྒྱུ་མང་པོ་ཞིག་བཏང་ནས་བསྒྲུབས་པའི་ལོ་རྒྱུས་གལ་ཆེན་དག་རང་དགར་སྐྱུར་དུ་ཕངས་པས། བལ་ཡུལ་གནས་ནང་དགོན་པའི་འགན་འཛིན་བླ་མ་བསོད་ནམས་ངེད་གཉིས་འཕགས་པ་ཤིང་ཀུན་གྱི་དབུ་རྩེར་ཆེད་དུ་སོངས་ཏེ་དཔེ་བཤུ་བྱས་པ་ན་ཞུ་དག་དང་བཅས་པར་ཉིན་གཉིས་ཐོགས་སོ། །སླར་སྨྲས་པ།
རི་ཐང་བཀོད་པ་མཛེས་པའི་ལྗོངས། །མི་རིགས་སྣ་ཚོགས་འཛོམས་པའི་ཡུལ། །བལ་ཡུལ་ཡམ་བུའི་གྲོང་ཁྱེར་ན། །སྐུ་གསུང་ཐུགས་ཀྱི་རྟེན་མཆོག་མང་། །ཀུན་གྱི་ནང་ནས་ཏོག་ལྟར་དུ། །མངོན་པར་འཕགས་པའི་རྟེན་གཙོ་ནི། །རྒྱལ་བ་རྣམས་ཀྱི་ཡེ་ཤེས་ཐུགས། །རང་བྱུང་ཤར་བའི་མཆོད་རྟེན་ཡིན། །ཉིན་དང་མཚན་གྱི་དུས་རྣམས་སུ། །ལྷ་དང་མི་ཡི་འགྲོ་བ་སོགས། །དད་པ་ཅན་གྱིས་ཕྱག་སྐོར་བ། །རྒྱུན་མི་འཆད་པའི་ངོ་མཚར་ཡོད། །བདག་ཀྱང་སྔོན་གྱི་ལས་འཕྲོ་ཡིས། །མཚན་ཙམ་རྣ་བར་སོན་པ་ན། །དགའ་དད་མོས་པའི་བློ་བཞིན་དུ། །ཡང་ཡང་མཇལ་བའི་སྐལ་བཟང་བྱུང་། །ཇི་ཙམ་མཇལ་བ་དེ་ཙམ་དུ། །དགེ་བའི་སེམས་པ་གོང་འཕེལ་བ། །རང་གི་དག་པའི་སྣང་བ་དང་། །རྟེན་གྱི་བྱིན་རླབས་ཡིན་པར་ངེས། །མ་འོངས་སྐྱེ་བའི་ཕྲེང་བར་ཡང་། །རང་བྱུང་མཆོད་རྟེན་ཆེན་པོ་ལ། །བཀུར་སྟི་རིམ་གྲོ་བྱེད་པ་དང་། །ཉམས་རྟོགས་གོང་འཕེལ་ཡོང་བར་ཤོག །འདིར་འབད་བསོད་ནམས་ཅི་མཆིས་པ། །ཕ་མ་སེམས་ཅན་ཡོངས་ལ་བསྔོ། །ཀུན་གྱིས་རང་བྱུང་ཡེ་ཤེས་ཆེ། །ཐོགས་པ་མེད་པར་རྟོགས་གྱུར་ཅིག །
ཅེས་རྒྱལ་ཁམས་པ་སྐྱོ་བྲག་དགའ་དབང་གིས། མཆོད་རྟེན་ཆེན་པོ་བྱ་རུང་ཁ་ཤོར་གྱི་ཉེ་ལོགས་བལ་ཡུལ་གནས་ནང་དགོན་པའི་གཙུག་ལག་ཁང་གི་ཐོག་ཁང་དུ་སྦྱར་བ་ཛ་ཡནྟུ།
༼ཇི་ལྟར་བརྒྱ་མཚོ་ཆེ་ནང་ཆུ་ཐིག་ལྷུང་། རྒྱ་མཚོ་མ་སྐམས་བར་དུ་དེ་མི་བསྐམ། །དེ་བཞིན་བྱང་ཆུབ་ཡོངས་བསྔོས་དགེ་བ་ཡང་། །བྱང་ཆུབ་མ་ཐོབ་བར་དུ་དེ་མི་མཛད།༽
ལུང་འདི་འདྲེན་སའི་གསུང་དཔེ་གང་ནས་རེད་དམ། བཀའ་དང་བསྟན་བཅོས་གང་ནས་ཡིན་ནམ། ང་ཡིས་དྲི་བར་བཀའ་ལན་ཞིག་གནང་རོགས་ཞུ།
སྐྱོ་བྲག་དགའ་དབང་ལགས་འཕགས་པ་ཤིང་ཀུན་གྱི་སྐོར་ལ་བྲིས་རྩོམས་དབུ་ནས་གཞུག་བར་དུ་བཀླགས་པ་ཡིན་པས་བློ་སྒོ་ཁ་ཤས་ཤིག་ཕྱེས་སོང།
༄༅། སྐྱོ་བྲག་དགའ་དབང་ལགས་ནས་་་དཔེ་ཡག་པོ་བྲིས་གནང་འདུག་པ་་
ཐུགས་རྗེ་བླ་མེད་དུ་ཆེ། ད་རིང་ཕྱེད་ཙམ་བཀླགས་པ་ཡིན།
རེས་གཟའ་ཉི་མའི་ཉིན་ཆ་ཚང་ཀློག་ཐུབ་པ་བྱེད་ཀྱི་ཡིན།
བཀྲིས་བདེ་ལེགས་ཞུ།
སྔོན་བྱོན་བྱང་སེམས་ལོ་པཎ་མཁས་སྒྲུབས་ཚོགས།
འགྲོ་བའི་དོན་དུ་དཀའ་སྤྱད་འཁུར་དུ་བླངས།
མཆོད་རྟེན་ཆེན་པོ་བརྒྱ་རྩ་་བརྒྱད་ལ་གྲགས།
ལུས་ཅན་ཀུན་གྱི་ཚོགས་བསགས་སྡིག་སྒྲིབ་སྦྱངས།
སྐལ་བའི་འཕེལ་སྒྲིབ་དུས་ཀྱིས་འགྱུར་བའི་འོག།
ཡོད་པ་འཇིགས་ནས་མེད་པ་གསར་གཏོད་འོག།
འགྲོ་བའི་ཁམས་དང་མོས་པ་ཇི་བཞིན་དུ།
དུས་རབས་ཉེར་གཅིག་ཆོས་སྲིད་གསར་བརྗེའི་འོག།
མི་རྣམས་དངོས་གསར་རྗེས་རྒྱུགས་ཆོས་ཡང་བརྗེད།
འཇིག་རྟེན་གོ་ལ་ཧྲིལ་པོ་དངུལ་གྱིས་བསླུས།
ཧཧཧཧཧ
རྩོམ་པ་པོ་སྐྱོ་བྲག་དགའ་དབང་ལགས་ཁྱེད་ལ་དུས་ཁོམས་བྱུང་ན་ང་ཡིས་དྲི་བར་བཀའ་ལན་ཞིག་གནང་རོགས།
ཞྭ་དམར་པ་ནི་་ཀམ་ཚང་ལ་མེད་་དུ་མི་རུང་བའི་བླ་ཆེན་་ཞིག་རེད། བར་སྐབས་བལ་བོད་འཁྲུགས་པའི་རྐྱེན་གྱིས་ཞྭ་དམར་བཅུ་པ་ལ་མ་ཉེས་ཁག་གཡོག་ཕོག་ཡོད། ཡིན་ནའང་དུས་ཀྱི་མཐར་ཡང་། ཀརྨ་པ་༡༦ པའི་ཐུགས་རྗེའི་བཀའ་དྲིན་ལ་བརྟེན་ནས་ཞྭ་དམར་༡༤ པ་ངོས་འཛིན་ཁྲི་འདོན་གནང་ཐུབ་ཡོད།
ལོ་རྒྱུས་ལ་དངོས་ཡོད་བཤད་དགོས་པ་ལས་
ཧ་ཧ་ད་འདུག
ཉིན་ཤས་སྔོན་ནས་བདག་ནས་ཀ་ཐོག་རིག་འཛིན་ཆེན་པོ་ཚེ་དབང་ནོར་བུའི་སྐོར་གྱི་རྣམ་ཐར་དང་འབྲེལ་བའི་རྩོམ་ཡིག་ཞིག་མཇལ་ནས་ཡར་མར་གང་སར་ཁོང་དང་འབྲེལ་བའི་ཡིག་ཚགས་འཚོལ་ཞིབ་བྱེད་རྗེས་ཁོང་ནི་ང་དང་ཕ་ཡུལ་གཅིག་པ་རེད་འདུག།། གོ་འཇོ་ས་ངན་ནས་རེད།། ཆུང་དུས་ནས་པད་ནོར་རིན་པོའི་ཡང་སྲིད་དུ་ངོས་འཛིན་བྱས་ཀོ་ཐོག་དགོན་དུ་བཞུགས།། ཕྱིས་སུ་དྭགས་ཀོང་བརྒྱུད་ནས་བལ་ཡུལ་མཐིལ་དུ་ཕྱིན་ནས་བྱ་རུང་ཁ་ཤོར་དང་འཕགས་ཤིང་གཉིས་ཞིག་གསོ་དང་འབྲེལ་ནས་( མང་ཡུལ་གུང་ཐང་གི་རྒྱལ་རབསར) ལ་དྭགས་ཀྱི་རྒྱལ་རབས།།) ( བོད་རྗེ་ལྷ་བཙན་པོའི་གདུང་རབས་ཚིག་ཉུང་དོན་གསལ་) ཞེས་པ་མཛད་ནས་བོད་ཀྱི་ལོ་རྒྱུས་ལ་སྔར་མེད་པའི་ལེགས་བཤད་འཇོགས་གནང་མཛད་ཡོད།། ཡིག་ཆ་ཁ་ཤས་ནང་ཁོང་གི་མཛད་རྗེས་མཆོན་ཆེད་དུ་འཕགས་པ་ཤིན་ཀུན་གྱི་དབུ་རྩེ་ཁོང་གི་རྡོ་རིང་ཞིག་ཡོད་པ་བཀོད་པ་མཐོང་རྗེས་བདག་གིས་ GOOGLE ནང་stone piller at swayambhunath རང་བྱུང་མཆོད་རྟེན་སྐོར་གྱི་རྡོ་རིང་འཚོལ་བ་དང་དེའི་དུས་ཀྱི་བལ་པོ་རྒྱལ་པོ་དག་གི་ལོ་རྒྱུས་སོགས་ནས་འཚོལ་ཀྱང་ཡེ་ནས་རྙེད་མ་སོང། དེ་རིང་ཁ་་བརྡ་ནས་དེ་དང་འབྲེལ་བའི་ངོ་བཤུས་འདི་མཇལ་དུས་བདག་ནི་བཤད་མི་ཤེས་པའི་དགའ་བ་དང་བོད་ཀྱི་སྐྱེས་ཆེན་གོང་མ་དག་གི་སྙིང་སྟོབས་ལ་དམིགས་བསལ་གྱི་སྤོབས་པ་དང་ཡིད་ཆེས་བྱུང།། རྒྱལ་ཁམས་པ་སྐྱོ་བྲག་དགའ་དབང་ལ་ཐུགས་རྗེ་ཆེ་དང་རྗེས་སུ་གོ་སྐབས་ཞིག་བྱུང་ན་འཚིག་ཇའི་མགྲོན་དུ་ཕེབས་པ་ཞུ།།
དེ་བཞིན་དུ་སྐྱོ་བྲག་དགའ་དབང་ལགས་བསམ་ཀྱིན་དུ་དཔྱད་རྩོམ་འདི་དང་འབྲེལ་ནས་རྡོ་རིང་དང་དྲིལ་ཅོང་སྟེང་གི་བལ་བོད་ཀྱི་ཡི་གེ་དེ་དག་གི་པར་ཡོད་ན་ཤིན་ཏུ་ལེགས།།
སྐབས་དེ་མཆོད་རྟེན་ཞིག་གསོའི་ཆེད་གསེར་ཁོར་ན་ 39 KG འགྲོ་སོང་བཏང་འདུག་དེ་དེང་སང་གི་ཨ་སྒོར་དུ་བསྒྱུར་ན་ $ 2,300,000 ཨ་སྒོར་ས་ཡ་གཉིས་དང་ཕྱེད་མ་ཟིན་ཙམ་ཕྱིན་འདུག སྔོན་གྱི་སྐྱེས་ཆེན་དང་དག་གི་འགྲོ་དང་བསྟན་པའི་ཆེད་དུ་བློས་བཏང་གི་ཚད་ལ་བསམ་ཡུལ་ལས་འདས་པ་རེད་འདུག