དགེ་འདུན་བསྟན་འཛིན་གྱིས་བྲིས།
2015/4/25 གཟའ་སྤེན་པ།
དེ་རིང་གི་ས་ཡོམ་འདི་ནི་ངོ་མ་ཆེས་འཇིགས་སུ་རུང་བ་ཞིག་རེད། འུར་སྒྲ་དྲག་པོ་ཞིག་དང་མཉམ་དུ་ས་གཞི་ཡོམ་ཡོམ་དུ་འགུལ་བྱུང་ལ། དེ་མ་ཐག་ས་རྡུལ་མཐུག་པོས་ས་གཞི་ཡོངས་སུ་ཁྱབ་སོང་། འདི་ནི་ངའི་མི་ཚེ་ནང་ལ་ས་ཡོམ་བརྒྱབ་པ་ཐེངས་བཅུ་གྲངས་ཤིག་མཐོང་བ་ལས་ཆེས་ཞེད་སྣང་ཚ་ཤོས་དེ་རེད།
ང་དང་ངའི་བུ་གཉིས་ཁྲོམ་ལ་ཕྱིན་ནས་ཕྱིར་ལོག་འོངས། རང་གནས་སུ་མ་སླེབས་ཙམ་ན་ས་འགུལ་དྲག་པོ་དེ་མགོ་བཙུགས་སོང་། ཐོག་མར་འུར་སྒྲ་དྲག་པོ་ཞིག་གྲགས་ཤིང་དེ་དུས་ས་ཡོམ་ཡིན་པ་མ་ཤེས་པས་ཡར་ལྟ་ཞིག་མར་ལྟ་ཞིག་བྱས། སེམས་ནི་སྔངས་ཤིང་སྐྲག་པར་གྱུར། དེ་མ་ཐག་ས་གཞི་གཡོ་ཞིང་འགུལ་བས་ད་གཟོད་ས་ཡོམ་ཡིན་པ་ཤེས། ས་གཞི་གཡོ་ཞིང་འཁྱོམ་པས་གོམ་པ་གང་ཙམ་ཡང་སྤོ་བར་མ་ནུས། སྐབས་དེར་དངོས་གནས་གོམ་པ་སྤོ་བའི་ནུས་པ་མི་འདུག ངས་ལག་པ་གཡོན་པས་བུ་ཕྲུག་སྐྱོར་ཞིང་ལག་པ་གཡས་པ་ལམ་ཟུར་གྱི་རྩིག་པར་བཀན། རྩིག་པ་ལྷབ་ལྷུབ་ཏུ་འགུལ་བ་ལག་པས་ཚོར་ཞིང་། སྐབས་དེར་མིག་མདུན་གྱི་རྩིག་ཁའི་ས་ཕག་དེ་དག་ཀྱང་གཡོ་འགུལ་བྱེད་ཀྱིན་པ་དོ་སྣང་བྱུང་། བལྟས་བལྟས་རིག་རིག་ལ་རི་སྐེད་ཀྱི་ས་ཁང་འགའ་རྡུལ་འཚུབ་བེ་སོང་བ་དང་མཉམ་དུ་མར་ཉིལ་སོང་། ལམ་གྱི་གཡོན་ཕྱོགས་ན་གློག་སྡོང་ཡོད་པའང་སྐབས་དེར་གློ་བུར་དུ་དྲན་ཞིང་། ངས་མིག་གཉིས་པོ་གཡས་ལ་བསྐོར་ཞིང་གཡོན་ལ་བསྐོར། གློག་སྡོང་ངམ་རྩིག་པ་གང་རུང་ལོག་ནས་ཡོང་ན་གཡོལ་རྒྱུའི་གྲ་སྒྲིག་བྱས། འོན་ཀྱང་། དེ་ནི་སེམས་ནང་གི་གྲ་སྒྲིག་ཙམ་སྟེ་དོན་ངོ་མར་དེ་འདྲ་ཞིག་བྱུང་ཡོད་ན་གདོན་མི་ཟ་བར་ཆག་སྒོ་ཞིག་བྱུང་ཡོད་ཤག་རེད། སྟབས་ཡག་ནས་དེ་ལྟ་བུའི་ཆག་སྒོ་མ་བྱུང་གོང་ས་གཞི་རེ་ཞིག་འཇམ་ཐིང་ངེར་གྱུར། སྐབས་དེར་ད་དུང་ངའི་འཁྲིས་ཀྱི་ཁྱིམ་མཚེས་རོང་མོ་དེས་བླ་འཁྱམས་པ་ལྟར་”ངའི་བུ། ངའི་བུ། ངའི་་་་ངའི་་་་་”ཞེས་ངུད་མོ་སྒྲོག་གིན་འདུག མོའི་བུ་ནི་ལོ་ཉི་ཤུ་ལོན་པའི་ཕོ་གསར་ཞིག་ཡིན་པས་དངོས་གནས་བྱས་ན་དེ་ལྟ་བུའི་སེམས་འཚབ་བྱེད་དགོས་དོན་མེད་མོད། དྲིན་ཅན་ཨ་མ་རྣམས་ཀྱི་སེམས་ནི་ནམ་ཡིན་ཡང་བུ་ཕྲུག་ལ་ཐོགས་ཡོད་པ་རེད་ཨང་།
སྐབས་དེ་ཙམ་ན་ང་དང་བུ་གཉིས་ཇི་ལྟར་སླེབས་པའང་མ་ཤེས་པར་རང་གནས་ཀྱི་ར་སྐོར་ནང་ལ་འབྱོར་ཞིང་། ཅུང་ཡངས་པའི་ར་སྐོར་དེར་གོམ་པ་ལྔ་དྲུག་ཅིག་སྤོས་པ་ན་ས་གཞི་སླར་ཡང་འདར་སིག་སིག་བྱས། སྐབས་དེའི་སེམས་ཚོར་ནི་ངོ་མ་སྐྱི་གཡའ་བ་ཞིག་རེད། མར་འཁོར་ནས་གྲོང་ཁྱེར་གྱི་ཕྱོགས་སུ་བལྟས་པ་ན། ཡམ་བུ་གྲོང་ཁྱེར་གྱི་ཕྱོགས་ཕྱོགས་ནས་ས་རྡུལ་དཀར་སྐྱ་དགུང་ལ་འཕྱུར་བཞིན་པ་མཐོང་ཞིང་། ཡུན་རིང་མ་འགོར་བར་ས་རྡུལ་སྤྲིན་པ་དང་འདྲེས་ནས་བར་སྣང་མག་མོག་ཏུ་གྱུར།
ཉིན་གུང་ཆུ་ཚོད་༡༢:༠༠་ཐོག་ས་ཡོམ་དྲག་པོ་དེ་བྱུང་ཞིང་དེ་ནས་ཆུ་ཚོད་༣་ལྷག་ལ་འཇིགས་སུ་རུང་བའི་གཡོ་འགུལ་ལན་མང་བྱུང་། ད་ལྟ་མཚན་མོའི་ཆུ་ཚོད་༩:༤༥་རེད་མོད། ད་དུང་ཡང་བར་བར་དུ་སྡིར་སྒྲ་དྲག་པོ་རེ་དང་ལྷན་ཅིག་ས་འགུལ་ཆུང་ངུ་རེ་འོང་གིན་ཡོད་པས། མི་རྣམས་ཁང་པའི་ཕྱི་རོལ་ན་གུར་བརྒྱབ་ནས་བསྡད་ཡོད།
ཐེངས་འདིའི་ས་ཡོམ་གྱི་ཚད་རིམ་7.7་རེད་ཟེར་བ་དང་། 8.1་རེད་ཟེར་བ་སོགས་བཤད་ཚུལ་མི་མཐུན་མོད། གང་ལྟར་ལོ་བརྒྱད་ཅུ་ལྷག་གི་ནང་བྱུང་བའི་ས་ཡོམ་ཆེ་ཤོས་དེ་རེད་སྐད། ས་རྒྱུས་པ་རྣམས་ཀྱིས་བཤད་ཚུལ་ལྟར་ན། ཧི་མ་ལ་ཡཱའི་རི་རྒྱུད་བྱུང་བའི་བརྒྱུད་རིམ་ནང་། བལ་ཡུལ་ནི་བོད་མཐོ་སྒང་གི་འོག་ཏུ་ཤོར་བས་ཉུང་མཐར་ཡང་ལོ་༧༠་རེ་ལ་ས་ཡོམ་དྲག་པོ་རེ་འོང་སྐད།
2015/4/26 གཟའ་ཉི་མ།
འཇིགས་སུ་རུང་བའི་ས་ཡོམ་དྲག་པོ་དེས་ཞེད་སྣང་དཔག་མེད་བསླངས་སོང་། མདང་ཧ་ལམ་མཚན་གང་བོར་གཉིད་ཁུག་ཐུབ་མེད། དགེ་སློབ་ལས་བྱེད་ཐམས་ཅད་དགོན་པའི་ཐབ་ཚང་མདུན་གྱི་རྡོ་གཅལ་སྟེང་དུ་ཉལ། ཕྲུ་གུ་ཆུང་བ་རྣམས་ང་ལ་དུང་བས་ངའི་འཁྲིས་སུ་ཉལ་བར་བརྩོན། དེར་བརྟེན། ངའི་བུའི་ཕར་ཕྱོགས་ན་ཕྲུ་གུ་དྲུག་བདུན་ཞིག་བང་བསྒྲིགས་ནས་ཉལ་ཡོད།
ཆུ་ཚོད་༡༠་ཡས་མས་སུ་འུར་སྒྲ་དང་ཆབས་ཅིག་ས་འགུལ་དྲག་པོ་ཐེངས་གཉིས་བྱུང་། འོན་ཀྱང་ཁ་སང་གི་དེ་དང་མི་འདྲ་བ་ནི་ཡུན་ཧ་ཅང་ཐུང་བ་སྟེ་སྐར་ཆ་གཅིག་ཙམ་ཡིན་པ་དེ་རེད། ཁ་སང་ཉིན་གུང་གི་དེ་ནི་སྐར་ཆ་༢༦་རེད་ཟེར། སྐར་ཆ་ཉེར་དྲུག་པོ་དེ་ནི་ཅི་འདྲའི་འཇིགས་སུ་རུང་ལ། ཅི་འདྲའི་གནད་འགག་ཆེ་ཨང་། དེའི་རིང་ལ་མི་སྟོང་འགའི་ཚེ་སྲོག་ཡལ་བ་དང་འབུམ་ཕྲག་འགའ་ལ་སྡོད་གནས་མེད་པར་བཟོས།
ཕྲུ་གུ་ཆེ་བ་ཞིག་མྱུར་དུ་ལངས་ནས་བྲོས། གཞན་ཕལ་ཆེར་ད་དུང་གཉིད་སད་མེད། མི་རྒན་རྣམས་ནི་འདྲོགས་མགོ་སློང་མཁན་རང་རེད། འུར་སྒྲ་རེ་གྲགས་འོང་དུས་”སླེབས་སོང་་་་”ཟེར་ནས་འབྲོས་པར་རྩོམ། ཐེངས་གཅིག་ཚང་མ་བྲོས་ནས་གོམ་པ་འགའི་སར་སླེབས་པ་ན། གཞི་ནས་སྐྱོན་ཅི་ཡང་མེད་པ་ཤེས་པས་ང་ཚོ་ཚང་མ་གད་མོ་བགད་ནས་རྒྱུ་མ་ཉོག
ཆུ་ཚོད་༡:༣༠་ཙམ་ལ་རླུང་འཕྲིན་ལས་བསྒྲགས་དོན་ལ། ཤི་བའི་ཁ་གྲངས་སྟོང་ཕྲག་འགའ་ལ་སླེབས་ཡོད་ཟེར། འོན་ཀྱང་། ང་ལ་ད་ལྟའང་དྲ་ལམ་མེད་པར་མ་ཟད། སྐུད་ལམ་ཡང་མེད་པས་གནས་ཚུལ་གོ་ཐོས་ཅི་ཡང་མེད། ངའི་སྤུན་མཆེད་ཚོ་གཙོས་མི་མང་པོས་ངའི་ཐད་ལ་སེམས་ཚགས་བྱེད་བཞིན་པ་སྨོས་མི་དགོས་མོད། སྐུད་ལམ་མེད་ཚེ་ཁ་པར་ཙམ་ཡང་གཏོང་མི་ཐུབ་པས་བྱ་ཐབས་བྲལ།
སྔ་དྲོའི་ཆུ་ཚོད་༩:༥༠ ནམ་ལངས་པའི་རྗེས་ལའང་ཐེངས་གསུམ་ཙམ་སླེབས། གནས་ཚུལ་ཡོང་ཁུངས་ཕལ་ཆེ་བས་ཆུ་ཚོད་ཉེར་བཞིའི་རིང་ལ་འོང་བའི་བརྡ་བཏང་འདུག་པས། ཕལ་ཆེར་ཉིན་གུང་ཙམ་ནས་ཚང་མ་བདེ་བར་གནས་ཐུབ་པ་ཞིག་འོང་བའི་རེ་བ་ཡོད།
ཆུ་ཚོད་༡༡:༡༥ ང་ལ་ད་དུང་སྐུད་ལམ་མེད། གློག་ཁ་སང་ས་ཡོམ་བརྒྱབ་ནས་བཟུང་ད་བར་དུ་སླེབས་མེད། ངའི་བསགས་གློག་དེའང་རྫོགས་ལ་ཉེ། ཕྲུ་གུ་ཚོའི་ཁ་པར་བདུན་བརྒྱད་ཅིག་ངའི་རྩར་གློག་གསོག་ཏུ་འཁྱེར་ཡོད་པ་དང་། དེ་དག་ཁ་ཤས་གསོག་བཞིན་ཡོད་ཅིང་འགའ་ཤས་བང་བསྒྲིགས་ནས་ཡོད། ཅི་ཚོད་ཅིག་ལ་འདང་མིན་ད་དུང་མི་ཤེས། ང་ལ་ཉེ་བར་མཁོ་བ་ནི་དྲ་ལམ་རེད། ས་ཡོམ་དེས་དྲ་ཐག་དང་གློག་ཐག་ཐམས་ཅད་མི་སྟོང་འགའི་ཚེ་སྲོག་དང་ལྷན་ཅིག་བཅད་པ་ཡིན་ནམ། ཨ་ཙི། ངའི་སེམས་ནི་བློང་བློང་བོར་གྱུར་ནས་གློད་ལ་འབབ་མི་ཐུབ་སྟེ། ང་ལ་ཤ་ཚ་ཞིང་སྙིང་ཉེ་བའི་མི་རྣམས་ཀྱིས་ངའི་ཕྱོགས་ལ་རྣ་བ་གཏད་ནས་ཉན་ཡོད་ཅིང་། མིག་བགྲད་ནས་བལྟས་ཡོད། ངས་ཁོ་ཚོར་བརྡ་ཙམ་ཡང་སྤྲོད་མི་ནུས་པ་ཅི་འདྲའི་སྐྱོ་ཨང་།
༤:༥༠ ཕྱི་དྲོ། ད་དུང་གློག་མེད་ལ་དྲ་ལམ་མེད་པར་མ་ཟད། སྐུད་ལམ་ཙམ་ཡང་མེད། མི་རྣམས་ཀྱིས་ཆུ་ཚོད་ཉེར་བཞིའི་རིང་ལ་མུ་མཐུད་ནས་རྒྱག་གི་རེད་ཟེར་བ་ལས། དེ་ལས་རིང་བ་ཡོང་བའི་དོགས་པ་དེ་ཙམ་མེད་མོད། དེ་རིང་ཉིན་གུང་ཆུ་ཚོད་༡༢:༥༨་ཐོག་སླར་ཡང་ཁ་སང་གི་དེ་དང་འདྲ་སེ་བ་ཞིག་བརྒྱབ་པས་མི་རྣམས་འཇིགས་ཡར་རེ་བཏང་། དེའི་རྗེས་སུའང་ལན་འགའ་བརྒྱབ། དེས་ན་ད་དུང་ཉེན་ཁའི་གནས་ལས་ཐར་མེད་པ་མངོན་གསལ་རེད། མི་ཚོས་འགྱིག་གུར་ཇེ་བརྟན་དུ་གཏོང་གིན་འདུག་པ་དེ་ལ་རྒྱུ་མཚན་ངེས་ཅན་འདུག
༧:༥༠ དགོང་མོ། དོ་ནུབ་ནི་གུར་ནང་ཉལ་བའི་ཞག་གཉིས་པ་ཡིན། ཆུ་ཚོད་༨:༣༠་ཙམ་ལ་ས་འགུལ་འོང་ངེས་པའི་ཉེན་བརྡ་བཏང་སོང་ཟེར། དེ་ལྟར་ན་ད་དུང་འཇིགས་པ་ཆེ་ཙམ་གདའ་སྙམ།
༩:༢༣ མཚན་མོ། ཆུ་ཚོད་༦:༣༠་ཙམ་ལ་ཅུང་ཟད་འགུལ་བ་མ་གཏོགས་དེའི་རྗེས་ནས་ད་བར་དུ་གང་ཡང་བྱུང་མ་སོང་། དེས་ན་ཆུ་ཚོད་༨:༣༠་ལ་འོང་གི་རེད་ཟེར་བ་དེ་རྫུན་མ་རང་ཆགས་པ་རེད། དེ་ལས་ལྡོག་སྟེ་ཆུ་ཚོད་༨:༡༥་ཙམ་ལ་ཆར་བ་དྲག་པོ་ཞིག་བབས་སོང་། ཆར་བ་དེས་ཉུང་མཐར་ཡང་གུར་ནང་དུ་ཉལ་བ་རྣམས་ལ་ཉལ་ས་མ་བདེ་བ་ཞིག་བཟོས་སོང་། ང་ཚོའང་གུར་འོག་ལ་ཆུ་འཛུལ་ཞིང་ཟུར་ནས་ཆར་ཐིགས་བརྒྱབ་པས་ཉལ་མ་ཐུབ་པར་ཐབ་ཚང་ནང་ལ་སྤོས། ཐོག་མར་སྤོ་མཁན་ནི་ང་ཡིན། དེ་ནས་ཚང་མ་འཚང་ཁ་ཤིག་ཤིག་བྱས་ནང་ལ་སླེབས་བྱུང་། སྐབས་དེར་ངའི་ཡིད་ལ་དོགས་པ་ཞིག་སྐྱེས་བྱུང་། གལ་ཏེ་དོ་ནུབ་ས་ཡོམ་དྲག་པོ་ཞིག་བརྒྱབ་པའི་དབང་དུ་བཏང་ན། ཁང་པའི་ནང་ནས་ཕྱི་ལ་མ་ཐར་བར་འཚང་ཁ་བརྒྱབ་ནས་ཀྱང་རྨས་སྐྱོན་འབྱུང་སྲིད་པ་རེད་སྙམ། སྟབས་ཡག་ནས་ད་བར་དུ་ཅི་ཡང་མ་བྱུང་བས་ད་ནི་ཕལ་ཆེ་བ་གཉིད་ཀྱི་ཞིང་ཁམས་མྱུལ་བཞིན་འདུག་ལ། ངའང་དེ་ལ་སྤྲོ་བས་རེ་ཞིག་མཚམས་འཇོག་པར་བྱའོ།། ༼༩:༣༤༽
2015/4/27 གཟའ་ཟླ་བ།
ཆུ་ཚོད་༡:༠༠ ཉིན་གུང་། ད་ལྟ་ས་ཡོམ་བརྒྱབ་ནས་ཆུ་ཚོད་༤༩་ཕྱིན་ཡོད་ཀྱང་། མི་རྣམས་ད་དུང་འཇིགས་པ་ལས་ཐར་མེད། ད་དུང་ཡང་འུར་སྒྲ་དང་བཅས་འགུལ་འཁྱོམ་རེ་རྒྱག མི་ཚོས་འགྱིག་གུར་འབུབས་སྐྱོར་རྒྱག་གིན་འདུག ཤི་བ་པུ་རིའི་རི་མགོ་ནས་སྤྲིན་ནག་ལང་ལོང་དུ་འཁྲིགས་འོང་གིན་འདུག གལ་ཏེ། ས་ཡོམ་དྲག་མོ་དེ་འདྲ་རེ་ཡང་བསྐྱར་མ་བརྒྱབ་རུང་། མི་རྣམས་ཀྱིས་སྡུག་པོ་ཞེ་དྲག་མྱང་པ། ད་ལྟའི་ཆར་ཆར་བ་ནི་འགྱེལ་བའི་སྒང་ལ་རྡོག་བརྫིས་རང་རེད།
༦:༠༠ ཕྱི་དྲོ། ཐེངས་འདིའི་གོད་ཆག་བྱུང་ནས་ཆུ་ཚོད་༥༤་ཕྱིན་སོང་། ཆུ་ཚོད་༡༢་ཡོལ་ཙམ་ནས་ད་ལྟའི་བར་དུ་ས་འགུལ་ཆེར་མ་བྱུང་། ད་ནི་ཕལ་ཆེར་འཇིགས་པ་ལས་ཐར་བ་ཡིན་འགྲོ། འོན་ཀྱང་། རོང་པ་ཚོས་ད་དུང་གུར་ཇེ་བརྟན་དུ་གཏོང་གིན་འདུག ང་དོ་ནུབ་རང་མལ་དུ་ཉལ་འདོད་པ་ལས་གུར་འོག་ཏུ་ཉལ་མི་འདོད། ད་ལྟའང་ཐང་ན་ཡོད། བྱིས་པ་རྣམས་འདི་ལ་དགའ་བར་འདུག གཅིག་བྱས་ན་འདི་འདྲའི་དོགས་ཟོན་ནི་དགོས་མེད་རང་ཡིན་སྲིད། གང་ལྟར་སྙུག་མའི་རྐུབ་སྟེགས་རིང་མོའི་སྟེང་དུ་ཉལ་ནས་སེམས་ལ་སྣང་བ་སྣ་ཚོགས་ཤར།
གལ་ཏེ། ས་འགུལ་འདི་མི་ཞིག་གིས་བྱས་ཡོད་ན། ཚང་མ་རུབ་བརྒྱབ་ནས་མི་དེ་ཤ་ཉོག་རུས་ཉོག་ཏུ་བཏང་ཡོད་སྲིད། རང་བྱུང་ཁམས་ཀྱི་འགྱུར་བ་འདི་ལ་ང་ཚོས་འཁང་ར་ཇི་ལྟར་བྱེད། བྱས་ཀྱང་དོན་མེད་རེད།
༧:༣༨ མཚན་མོ། ང་ཚོ་སྔར་བཞིན་འགྱིག་ཤོག་འོག་ཏུ་ཉལ་བཞིན་ཡོད། ཉིན་འདི་དག་རིང་ལ་ཕྲུ་གུ་ཚོར་འཛིན་གྲྭ་མེད་ཅིང་། སྔ་དགོང་གི་བློ་འཛིན་ཡང་མི་དགོས་པས་གཅིག་བྱས་ན་འདི་ནི་ཁོ་ཚོའི་རྨི་ལམ་ཚུན་ཆད་ལ་རྨི་བཞིན་པའི་གོ་སྐབས་ཡག་ཤོས་དེ་ཡིན་ཡང་སྲིད། གང་ལྟར་སྐྱིད་སྣང་དོད་པོ་ཞེ་དྲག་འདུག
ངའི་སེམས་འཚབ་ནི་ད་དུང་དྲ་ལམ་མེད་པས་འབྲེལ་ལམ་མཐུད་མི་ཐུབ་པ་དེ་རེད། སྐད་འཕྲིན་ཁ་འབྱེད་མི་ཐུབ་ལ་ངོ་དེབ་དེ་བས་ཀྱང་ངོ་།།
༨:༠༠ ས་ཡོམ་བརྒྱབ་ནས་ཆུ་ཚོད་༥༦ སོང་། ཚང་མ་ཉལ་ཆས་ནང་དུ་འཛུལ་རུང་གཉིད་མ་བབས་ནས་བསྡད་ཡོད། དོ་དགོང་གྲང་སེ་འདུག ཆར་བ་མི་འབབ་འདྲ་བས་བློ་བདེ་སེ་ཡོད་ཀྱང་། འཁྱགས་ན་ལུས་ཁམས་འཁྲུགས་ནས་ན་ཚ་འོང་སྲིད།
ས་གཞི་ལ་ཁུར་ཐེག་པའི་ནུས་པ་བསམ་གྱིས་མི་ཁྱབ་པ་ཡོད་ཀྱང་། ཐེངས་འདིའི་སྣང་ཚུལ་ལ་བལྟས་ན་ཕལ་ཆེར་ས་གཞི་རིལ་མོས་མི་རྣམས་ལ་འཁོན་ལན་ཆ་ཤས་ཙམ་བསློགས་པ་འདྲ་ལ། ཉེན་བརྡ་ཞིག་ཀྱང་བཏང་བ་འདྲ། ས་གཞི་འདིས་མིའི་རིགས་ཀྱི་རྟེན་དང་དཔུང་གཉེན་ལོ་ས་ཡ་དུ་མར་བྱས་ཀྱང་། མི་རྣམས་ཀྱིས་དེའི་བཀའ་དྲིན་མི་ཚོར་བར་ད་དུང་དེ་ལས་ལྡོག་སྟེ། ཁྲེལ་མེད་ཀྱི་ལས་སྣ་ཚོགས་སྒྲུབ། ཐེག་པའི་བཟོད་པ་ཅི་ཙམ་ཆེ་རུང་འཁོན་སེམས་མེད་པ་ག་ལ་སྲིད།
ད་དུང་ལམ་ནོར་ལྡོག་ཤེས་མ་བྱས་ན་འདི་ལས་ཀྱང་ཐུ་བའི་འཇིགས་པ་འོང་ཉེན་ཡོད་དོ་ཞེས་བརྡ་ཞིག་སྟེར་བར་མངོན། ངོ་མ། མིའི་རིགས་ཀྱིས་བསྒྲུབས་པའི་ནོར་འཁྲུལ་ཧ་ཅང་ཚབས་ཆེ། རང་འདོད་ཆེ་བས་རང་དོན་མ་གཏོགས་གཞན་ཅི་ལའང་མི་བསམ། ས་གཞི་ནི་པགས་པ་བཤུ་བཞིན་ཡོད། མི་རབས་རྗེས་མའི་འཚོ་རྟེན་བརླགས་དང་རློག་བཞིན་ཡོད། ས་གཞི་རིལ་མོ་འདི་ནི་ང་ཚོའི་མི་རབས་འདི་གཅིག་པུའི་ཆེད་དུ་ག་ལ་ཡིན།
མདོར་ན། ས་གཞི་རིལ་མོས་ཁྱོད་ཚོས་ད་དུང་འདི་ལྟར་བྱས་ན་ངས་མུ་མཐུད་ནས་ཁྱོད་ཚོ་འཁུར་མི་འདོད་ཅེས་ང་ཚོ་ལ་བརྗེད་མི་རུང་བའི་བརྡ་ཞིག་བཏང་སོང་སྙམ།
༨:༤༡ མཚན་མོ། འུར་སྒྲ་དང་མཉམ་དུ་ས་གཞི་ཡུད་ཙམ་འགུལ། ད་ནི་རྒྱུན་ལྡན་ལྟ་བུར་གྱུར་འདུག སུ་ཡང་བྲོས་མ་སོང་།
2015/4/28 གཟའ་མིག་དམར།
ཆུ་ཚོད་༢:༡༨ ཐོ་རངས། གཉིད་སྐྱིད་པོ་ཞིག་ཁུག་ནས་ཡོད་དུས་སུ་ཞིག་གི་རྡོག་སྒྲ་གོ་བྱུང་། མགོ་བོ་བཀྱགས་ནས་ལྟ་དུས་ཨ་ནེ་ལགས་ཀྱིས་ཉལ་ས་ཐབ་ཚང་ནང་ལ་སྤོ་བཞིན་འདུག ང་ཡང་ཡར་ལངས་ནས་ཉལ་གདན་དབོར་རོགས་བྱས། སྐབས་དེར་ཉལ་གདན་གཅིག་ལས་ལྷག་མི་འདུག ཆར་བ་ད་དུང་འབབ་ཀྱི་མེད་ཀྱང་། གནམ་ལ་སྤྲིན་པ་འཁྲིགས་ཀྱི་ཡོད་པས་དོགས་ཟོན་བྱས་པ་ཡིན་ནམ། གང་ལྟར་ད་བར་དུ་ཞེད་སྣང་མ་བྱུང་སྟེ་ས་ཡོམ་མ་བརྒྱབ་པས་སོ།།
༢:༤༠ སྡིར་སྒྲ་གྲགས། ས་གཞི་འགུལ། འོན་ཀྱང་ཡུན་ཐུང་བས་སྐྱོན་མེད།
༨:༤༡ སྔ་དྲོ། ཆུ་ཚོད་༣་ཡས་མས་སུ་ཐེངས་གཉིས་ཙམ་བྱུང་ཞིང་། ཆུ་ཚོད་༥་ཙམ་ལའང་ལན་ཅིག་བྱུང་། འོན་ཀྱང་ཡུན་ཐུང་བས་སྐྱོན་ཅི་ཡང་མ་བྱུང་། མདང་ཆར་བའང་མ་བབས་པས་ཀུན་ལ་མ་བདེ་བ་ཆེར་བྱུང་མེད་སྙམ། སྟབས་ཡག་ནས་ཆུ་ཚོད་༨:༣༠་ཡས་མས་སུ་དྲ་སྒོ་ཅུང་ཟད་འབྱེད་ཐུབ་སོང་བས་ཉེ་འབྲེལ་མང་ཆེ་བར་འཕྲིན་ཧ་ཅང་ཐུང་ངུ་རེ་བསྐུར་ཐབས་བྱས། འོན་ཀྱང་དྲ་ལམ་ཧ་ཅང་སྐྱོ་བས་ཆེས་ཐུང་བའི་འཕྲིན་དེ་དག་བསྐུར་བར་ཡང་དཀའ་ངལ་ཆེན་པོ་འཕྲད་བྱུང་།
༧:༥༠ མཚན་མོ། དོ་དགོང་ནི་ཕྱི་རུ་ཉལ་བའི་ནུབ་མོ་བཞི་བ་དེ་རེད་ལ། ས་ཡོམ་བརྒྱབ་ནས་ཆུ་ཚོད་༨༠་ཕྱིན་ཡོད།
ས་འགུལ་ཆུང་ངུ་རེ་ད་དུང་འོངས་དང་འོང་བཞིན་ཡོད། ཆེན་པོ་མ་བྱུང་། BBC་གསར་ཁང་གིས་དེ་རིང་ཕྱི་དྲོ་བསྒྲགས་དོན་ལྟར་ན། ས་ཁུལ་ཁ་ཤས་ལ་བཤལ་ནད་འབྱུང་བཞིན་ཡོད་པ་དང་། ཆུ་དང་ཟ་མ། གུར་བཅས་མེད་པའི་དཀའ་ངལ་ཧ་ཅང་ཆེ། བཙོག་ཆུ་ཤོར་བས་རིམས་ནད་ཀྱི་ཉེན་ཁ་ཡང་ཧ་ཅང་ཆེ་སྐད། སྡོད་ཁང་ཡོད་མེད་གཉིས་ཀ་ཕྱི་ན་ཉལ་བཞིན་ཡོད་པས་གུར་མི་འདང་བའི་དཀའ་ངལ་ཤིན་ཏུ་ཆེ་བ་སྨོས་མེད་རེད།
དཀའ་ངལ་ཆེ་ཤོས་ནི་གུར་མ་ཡིན་པར་ཟ་མ་དང་འཐུང་ཆུ་ཡིན་ངེས། འཐུང་ཆུ་གཙང་མ་མེད་ཚེ་ནད་ཡམས་ཚབས་ཆེན་འབྱུང་ཉེན་ཡང་ཆེ་བ་རེད་ཨང་། རྒྱལ་སའི་ནང་ལའང་རོགས་རམ་འདང་ངེས་ཤིག་མེད་ཚོད་རེད། དེས་ན་གྲོང་གསེབ་རྣམས་ལ་རོགས་རམ་ག་ལ་ཡོད། སིན་རྡུ་པལ་ཅོག་སོགས་ལ་ཉིན་བཞི་བ་འདི་ལའང་གཞུང་འབྲེལ་ཡིན་མིན་གཉིས་ཀའི་རོགས་རམ་འབྱོར་མི་འདུག་ཅེས་བི་བི་སི་ནས་དེ་རིང་བསྒྲགས་པ་ཐོས་བྱུང་། ཨོཾ་མ་ཎི་པད་མེ་ཧཱུཾཿ ཉམ་ཐག་རྣམས་ལ་གལ་ལ་ཐུག་དུས་མགོན་སྐྱབས་མེད་པ་འདི་སྐྱོ་ཨང་།
བི་བི་སི་ནས་བསྒྲགས་དོན་ལྟར་ན། གནའ་ཤུལ་༨༠%་ཙམ་རྩ་མེད་བཏང་ཡོད་ཅིང་། དེ་དག་སླར་གསོ་བྱེད་པར་ལོ་ཉི་ཤུ་ལྷག་དགོས་ཟེར། འདིས་བལ་ཡུལ་ལ་གནོད་འཚེ་ཕོག་ཚབས་ཧ་ཅང་ཆེ་སྟེ། བལ་ཡུལ་གྱི་དཔལ་འབྱོར་ཡོང་ཁུངས་གཙོ་བོ་ཡུལ་སྐོར་ཡིན་ལ། ཡུལ་སྐོར་བ་རྣམས་ནི་ལོ་སྟོང་ཕྲག་གི་ལོ་རྒྱུས་ཡོད་པའི་གནའ་ཤུལ་དེ་དག་བསྙེགས་ནས་ཡོང་་གི་ཡོད། ད་ནི་དེ་དག་ཕལ་མོ་ཆེ་རྩ་གཏོར་བཏང་ཟིན་པས་ཡུལ་སྐོར་བ་ཇེ་ཉུང་དུ་འགྲོ་ངེས་པ་སྨོས་ཅི་དགོས།
2015/4/29 གཟའ་ལྷག་པ།
མདང་གཉིད་ལེགས་པར་མ་ཁུག་པས་བར་སྣང་ན་རང་ཚོད་ཀྱི་འོད་སྣང་རེ་འགྱེད་པའི་སྐར་ཚོགས་ལ་ལྟ་བཞིན། སེམས་ནས་རང་ནུས་ཀྱིས་མྱུར་སྐྱོབ་བྱ་བར་ཞུགས་དང་འཇུག་བཞིན་པའི་སྐྱེ་བོ་སྒེར་དང་། ཚོགས་པ་རྣམས་ཀྱི་སེམས་ཤུགས་དང་བློ་སྤོབས་ལ་ཡི་རང་ཤོར།
ཞོགས་ཇ་བཏུངས་རྗེས་འཕགས་པ་ཤིང་ཀུན་དང་སུན་རྡ་ར་སོགས་ལ་ཕྱིན། འཕགས་ཤིང་གི་གཉེ་ཤང་དགོན་པའམ་ཚོགས་ཁང་ཆེན་མོ་དེ་མདུན་ངོས་ནས་བལྟས་ན་ཉམས་ཆག་ཆེན་པོ་རང་བྱུང་མེད་པ་ལྟར་མངོན་རུང་། གཡས་ཟུར་ལ་སོང་ནས་བལྟས་པ་ན་སྒོ་ང་གཉོགས་པ་ལྟར་འཐོར་ཞིག་ཏུ་སོང་འདུག ངོ་མ་ཡིད་སྐྱོ་བ་ཞིག་བྱུང་། མི་ལ་ཤི་སྐྱོན་བྱུང་མེད་ཟེར། རོགས་རམ་དང་རྩད་གཅོད་བྱེད་མཁན་ཡང་སླེབས་མ་བྱུང་ཟེར། རྒན་རྒོན་མང་པོ་གུར་འོག་ན་བསྡད་འདུག་ལ། གཞོན་པ་འགས་ཁ་ཟས་སྐྱེལ་བ་དང་ཆུ་ལེན་པ་སོགས་བྱེད་ཅིང་འདུག ༢༠༡༣་ལོར་དེར་སྐུའི་འཁྲུངས་སྐར་མཛད་སྒོ་འཚོགས་པ་ད་དུང་ཡང་དྲན་ཞིང་མཆིས།
བུ་ཆུང་ལ་ཁ་པར་ཐེངས་འགར་བཏང་ཡང་མ་སོང་བས། ཆེད་གཉེར་ཁོའི་ནང་ལ་སོང་། སྒོ་ལ་སྒོ་ལྕགས་བརྒྱབ་འདུག མི་ཞིག་ལ་དྲིས་པས་ཕར་ཕྱོགས་ཀྱི་ལམ་འགྲམ་ན་ཡོད་པ་རེད་ཟེར། འཕགས་པ་ཤིང་ཀུན་ནས་ཀ་ལང་ཀའི་ཕྱོགས་སུ་འགྲོ་བའི་ལམ་འགྲམ་དུ། འགྱིག་གུར་ཐེབས་ཆག་རེའི་འོག་ན་ཉལ་བའི་མི་རྣམས་ནི་ངོ་མ་ཤ་ཚ་དགོས་པ་ཞིག་འདུག དེར་བོད་མི་ཡོད་ལ་གཉེ་ཤང་པ་དང་བལ་པོ་སོགས་མི་རིགས་སྣ་ཚོགས་ཡོད། ཁོ་ཚོ་ཚང་མ་རང་ཁྱིམ་གཏོར་བརླག་ཏུ་སོང་ཟིན་པ་ཤ་སྟག་ཡིན་མི་སྲིད་མོད། དེང་སྐབས་མཚམས་རེར་དྲག་ཆར་འབབ་ཅིང་། ཡང་སྐབས་རེར་རླུང་བུ་གཡུག་གིན་ཡོད། སྐབས་འདི་འདྲ་ཞིག་ལ་འགྱིག་གུར་ཐེབས་ཆག་ཅིག་གི་འོག་ཏུ་ནམ་རིང་མོ་འཕུད་རྒྱུ་ནི་ལས་སླ་བོ་ཞིག་མ་རེད།
ཁང་པ་ཧ་ཅང་མང་པོ་གཡས་འགྱེལ་གཡོན་འགྱེལ་རེད། ཡང་ཧ་ཅང་མང་པོ་ཐལ་བའི་རྡུལ་དུ་བརླགས་འདུག དེའི་ནང་ན་ཐོག་བརྩེགས་ལྔ་དྲུག་ཅན་ཡང་མང་པོ་འདུག ཁང་པའི་ཞིག་རོ་དེ་དག་ལ་བལྟས་ཤིང་བལྟས་པས་སེམས་ལ་ཚོར་བ་ཧ་ཅང་མི་སྤྲོ་བ་སྐྱེས། ཁང་པ་འདི་དག་གི་བདག་པོ་རྣམས་ནི་ཕྱུག་པོ་རྐྱང་རྐྱང་ཡིན་མི་སྲིད། སླར་གསོ་ནམ་ཞིག་ལ་བྱེད་ཐུབ་ཨང་།
2015/5/2 གཟའ་སྤེན་པ།
ས་ཡོམ་བརྒྱབ་ནས་བདུན་ཕྲག་གཅིག་ཏག་ཏག་སོང་། ད་བར་དུ་ཉི་མ་རྟག་པར་གསར་འགྱུར་ལྟ་ཉན་ལ་བྲེལ་བཞིན་རང་གནས་ཀྱི་ཉེ་འཁོར་དུ་བསྡད། དགོན་སྡེའི་རོགས་སྐྱོར་ཕོན་ཆེན་དེ་དག་གསར་འགྱུར་བརྒྱུད་ལམ་ཁག་ཏུ་མཐོང་རྒྱུ་མེད་པ་ཅི་ཡིན་སྙམ།
རང་ནུས་ཀྱིས་ཅི་ཞིག་སྒྲུབ་དགོས་སྙམ་པ་ཡང་ཡང་བྱུང་ཡང་། ས་འགུལ་ཉིན་བསྟར་ཡོང་གི་ཡོད་པས་ཕྲུ་གུ་འདི་དག་ལ་བློ་མི་བདེ། མ་གཞི་ཀླུ་གན་རྐྱལ་གྱི་ཕྱོགས་འདིར་ས་ཡོམ་གྱི་འགུལ་ཤུགས་ཞེ་དྲག་ཆེན་པོ་མ་བྱུང་བས། ས་ཁང་འགའ་ཉིལ་བ་ཙམ་ལས་མི་ལ་ཤི་སྐྱོན་ཆེར་མ་བྱུང་མོད། ཉེན་ཁ་མེད་པ་མ་རེད།
རྒྱལ་སའི་ནང་དུ་ཆེས་ཚབས་ཆེ་ཤོས་ནི་རླངས་འཁོར་འབབ་ཚུགས་གསར་བ་དང་ཀ་ལང་ཀི བྷཀྟ་པུར་དང་པ་ཊན། བྷ་སན་ཏཱ་པུར་ཌུར་བྷར་སི་ཁུ་འེར་(Basantapur Durbar square)་སོགས་རེད།
དེ་རིང་ང་ཚོས་འཐུང་ཆུ་ལི་ཊར་2000་ཐེངས་གཉིས་ལ་བསྐྱལ། གཙོ་བོ་འཕགས་ཤིང་གཡས་གཡོན་ལ་དམིགས་ནས་སོང་། སྐོར་ལམ་དུ་རྒྱ་གར་གྱི་ANI་བརྙན་འཕྲིན་གྱི་གསར་འགོད་པའི་བཅར་འདྲི་དང་ལེན་བྱས། ཁོ་ལ་དགོས་པ་ནི་ལན་གཅིག་རང་གཅིག་སྟེ། ས་ཡོམ་གྱིས་ཀ་ཐ་མན་གྲུའི་ཆུ་སྦུག་བཅག་པ་རེད་དམ་མ་རེད་ཅེས་པ་དེ་རེད། དེ་ངས་གསལ་བོ་མི་ཤེས་པས་དེང་སྐབས་ཆུའི་དཀའ་ངལ་ཆེ་རབས་དང་ང་ཚོས་སྒྲུབ་ཀྱིན་པ་འདི་དགོན་པའི་ཆུ་སྦྱིན་ཡིན་ཚུལ་བཅས་ནན་གྱིས་བརྗོད་ཡོད།
ད་ལྟ་རླུང་བུ་དྲག་ཏུ་གཡུག་གིན་འདུག རླུང་བུ་འདིས་ང་ཚོའི་འགྱིག་གུར་གནམ་ལ་སྤུར་ཞིང་ཀ་བ་ས་ལ་བསྒྱེལ། ངས་འཕགས་པ་ཤིང་ཀུན་གཡས་གཡོན་གྱི་འགྱིག་ཤོག་འོག་གི་མི་དེ་རྣམས་དྲན་བྱུང་། ཐོག་འགྱིག་ཤོག་གིས་བཀབ་པ་ཙམ་ལས་གཡས་གཡོན་ན་ལྷགས་སྐྱོབ་ཙམ་ཡང་མེད། འགྱིག་ཤོག་ཚོན་མདོག་མི་འདྲ་བ་སྣ་ཚོགས་ཀྱི་སྣེ་མོར་ཐག་པ་བཏགས་ཏེ་རྡོ་དང་རྩིག་པར་བཏགས་འདུག དོ་ནུབ་ཀྱི་རླུང་ཆེན་འདིས་ཁོ་ཚོའི་འགྱིག་ཤོག་ལ་དམིགས་བསལ་སྟེར་མི་སྲིད།
ངའི་ཚེ་རོགས་དང་མོའི་གྲོགས་འགས་གྲོང་གསེབ་ས་ཁུལ་དུ་རོགས་རམ་བྱ་རྒྱུའི་འཆར་འགོད་བྱེད་ཀྱིན་འདུག་ལ། དེར་ངས་ཀྱང་རང་ནུས་ཀྱིས་ཞབས་འདེགས་ཤིག་ཅིས་ཀྱང་བསྒྲུབ་དགོས་སྙམ་ཡོད།
བལ་ཡུལ་གྱི་གནས་བབ།
༢༠༡༥/༤/༢༩ ནམ་ལང་།
• ཤི་གྲངས་༥༠༠༠་བརྒལ་ཟིན།
• ཕྱི་རྒྱལ་གྱི་རོགས་མི་འབོར་ཆེན་འབྱོར་ཡོད་ཀྱང་། བལ་གཞུང་གིས་གོ་སྒྲིག་བྱེད་མ་ཤེས་པར་ལུས་ཡོད།
• གྲོང་གསེབ་ས་ཁུལ་འགར་ད་དུང་ཡང་རོགས་རམ་འབྱོར་མེད།
• ས་ཁུལ་ཁ་ཤས་ལ་གནམ་འཐིབས་པའི་དབང་གིས་ཐད་འཕུར་གནམ་གྲུ་ལས་བཟའ་བཏུང་གཡུག་མ་ཐུབ།
• འཐུང་ཆུ་ཆད་ཡོད་པས། ཆུ་དང་ཟ་མ། སྡོད་གུར་བཅས་ནི་དགོས་མཁོ་ཆེ་ཤོས་ཡིན།
• ས་ཆ་ལ་ལར་བཤལ་ནད་འབྱུང་བཞིན་ཡོད།
• ད་དུང་ས་གཞིར་གཡོ་འགུལ་འབྱུང་བཞིན་ཡོད།
• མི་ས་ཡ་བརྒྱད་ལ་གནོད་འཚེ་ཐེབས།
• གནའ་ཤུལ་༨༠%ཙམ་མེད་པར་བཏང་།
• འཐུང་ཆུ་མི་འདང་ཞིང་བཙོག་ཆུ་ཤོར་བས་ནད་ཡམས་ཀྱི་ཉེན་ཁ་ཆེན་པོ་ཡོད།
• སྨན་ཁང་དང་སྨན་པ། སྨན་ཞབས་བཅས་ཀྱིས་མི་འདང་བས་རྨས་ཆུང་ངུ་རེ་ཕོག་པའང་འཆི་ཉེན་ཆེ།
• དུར་ཁྲོད་རོ་ཡིས་ཁེངས་པས། རོ་སྲང་ལམ་དུ་སྲེག་པར་སྲིད་གཞུང་གིས་ཆོག་མཆན་སྤྲད་ཡོད།
བལ་ཡུལ་གྱི་གནས་བབ།
• གཟའ་ཕུར་བུའི་ཉིན་ལོ་༡༥་ཅན་གྱི་བུ་གཅིག་དང་ལོ་༢༠་ནང་ཡོད་པའི་བུ་མོ་གཅིག་གསོན་པོར་རྙེད་ཡོད།
• མྱུར་སྐྱོབ་རུ་ཁག་༥༧་གྱིས་མྱུར་སྐྱོབ་བྱ་བཞག་སྒྲུབ་ཀྱི་ཡོད་རུང་། ད་བར་དུ་གསོན་པོར་རྙེད་པ་༡༥་ཙམ་ཡིན།
• ཤི་བའི་ཁ་གྲངས་༦༠༠༠བརྒལ་ཟིན།
• སྲིད་གཞུང་གིས་༡༠༠༠༠་ལྷག་བརྒལ་བའི་ཚོད་དཔག་བྱེད་ཀྱིན་ཡོད།
• སྲིད་གཞུང་གིས་མྱུར་སྐྱོབ་ལས་འགུལ་དུས་ཐོག་ཏུ་སྤེལ་མ་ཐུབ་པ་དང་། ཚགས་ཚུད་མ་བྱུང་བའི་དབང་གིས་མི་དམངས་ཀྱིས་གཞུང་ལ་འཁང་ར་དང་ངོ་རྒོལ་བྱེད་ཀྱིན་ཡོད།
• བལ་བོད་ས་མཚམས་ཀྱི་ས་ཁུལ་འགའ་ཤས་ཀྱི་གནས་བབ་ད་དུང་ཡང་ཤེས་ཐུབ་ཀྱི་མེད།
• ས་ཁུལ་ཁ་ཤས་ཀྱི་སྡོད་ཁང་90%གཏོར་བཤིག་བཏང་ཡོད།
༢༠༡༥/༥/༡ ཉིན། G-10
བལ་ཡུལ་གྱི་གནས་བབ།
2015/5/1
• ཤི་བའི་ཁ་གྲངས་6,254་ལ་སླེབས།
• རྨས་པའི་ཁ་གྲངས་13,847་ལ་སླེབས།
• རྫོང་༡༣་གྱི་ནང་དུ་སྡོད་ཁང་600,000་གཏོར་བཤིག་བཏང་།
བལ་ཡུལ་གནས་བབ།
༢༠༡༥/༥/༣ གཟའ་ཉི་མ།
• ཤི་བའི་གྲངས་འབོར་༧༠༤༠་བརྒལ།
• མྱུར་སྐྱོབ་ཀྱི་དོན་དུ་འབྱོར་བའི་དངོས་པོ་ལ་སྲིད་གཞུང་གིས་དཔྱ་ཁྲལ་ལེན་གྱི་ཡོད།
• རོགས་སྐྱོར་དངོས་པོ་གནམ་ཐང་དུ་ཡུན་རིང་ལུས་ཀྱི་ཡོད།
• ཡུ་རོབ་པ་1,000་ཙམ་ད་དུང་ཡང་གར་སོང་མ་ཤེས་པར་ལུས་ཡོད།
• མི་8,000,000་ལ་གནོད་འཚེ་ཐེབས་ཡོད།
• སྡོད་ཁང་600,000་ལ་གཏོར་བཤིག་ཐེབས་ཡོད།
བལ་ཡུལ་གྱི་གནས་བབ།
2015/5/4 གཟའ་ཟླ་བ།
• ལོ་101་ཅན་གྱི་རྒན་པོ་ཕུན་ཚོགས་རྟ་མང་(Funchu Tamang)་ཟེར་བ་ཞིག་ཁ་སང་གསོན་པོར་རྙེད་ཡོད།
• གནམ་ཐང་གིས་གནམ་གྲུ་ལྗིད་ཚད་ཊོན་196་ཡན་མི་ཐེག་པས་གནམ་གྲུ་ཆུང་བའི་རིགས་མ་གཏོགས་འབབ་མི་ཐུབ།
• རོགས་རམ་ཐམས་ཅད་གཞུང་གི་སྟངས་འཛིན་འོག་ཏུ་འགྲོ་དགོས་པའི་ཁྲིམས་བཟོས་པས་མྱུར་སྐྱོབ་བྱ་བཞག་ལ་འགོག་རྐྱེན་ཆེན་པོ་བཟོས།
• ཤི་བའི་གྲངས་འབོར་7,250།
• མྱུར་སྐྱོབ་རུ་ཁག་རྣམས་ཀྱིས་གྲོང་གསེབ་དམིགས་འབེན་དུ་འཛིན་འགོ་བརྩམས་ཡོད།
་་་་་་་་་་་་ • ཤི་བའི་གྲངས་འབོར་7,250། ་་་་་་་་་་་་་་་་་་
རི་བོ་ཧི་མ་ལ་ཡར། ས་ཡོམ་འབྱུང་རྐྱེན་ནི།
https://www.facebook.com/kapil.maharjan.9/videos/vb.100001180605992/816740741708605/?type=2&theater
བལ་ཡུལ་རྒྱལ་ཁམས་ལ་ས་འགུལ་གྱི་གོད་ཆག་བྱུང་བར་ཡིད་ཕངས་བ་ཞིག་རེད། ལས་སྐྱིད་སྡུག་ཐགས་མཁན་རྐང་སྟབས་འདྲ།།གང་དར་བའི་ཐ་མ་རྒུད་པ་ཡིན།།ཞེས་པ་ལྟར་རེད། འདི་འདྲའི་གོད་ཆག་སྐབས་ལས་འབྲས་བསམ་ན་སེམས་ལ་ཅུང་ཟད་རེ་ཕན། ལས་མ་བྱས་པ་དང་མི་ཕྲད། བྱས་པ་ཆུད་མི་ཟ། དེང་སང་མི་མང་པོ་ཞིག་ཆོག་ཤེས་མེད་པར་འདོད་རྔམས་རྐྱང་རྐྱང་གིས་མི་ཚེ་འདའ། སའི་གོ་ལ་འདི་ཡང་དུད་འགྲོ་ཞིག་དང་འདྲ་བར་པགས་པ་བཤུས་ན་འདར་གསིག་རྒྱག་ངེས་རེད།
བལ་ཡུལ་འདི་ཡུལ་ལུང་སྤྱི་ཚོགས་དགའ་ས་ཞིག་ཡིན། ཡིན་ན་ཡང་། སྔོན་མ་ནང་འཁྲུགས་དང་།་ད་ནང་འཁྲུགས་ཅུང་ཞི་འཇགས་སུ་སོང་དུས་འབྱུང་བའི་གནོད་འཚེ་ཐེབས་པ་ས་ཧ་ཅང་སྐྱོ་སོང་། ད་གནོད་འཚེ་ཐེབས་པའི་སྟེང་དུ་ལྐོག་ཟ་དང་གཞུང་གི་སྟངས་འཛིན་ལ་ཡང་ཕྱི་ནང་གང་ས་ནས་སྐྱོན་མང་པོ་མཐོང་གིན་འདུག་པས་དེ་ཡང་འགྲིགས་མ་སོང་།
ཨ་ཟི་ཡའི་རང་དབང་རླུང་འཕྲིན་ཁང་གི
བལ་ཡུལ་ནང་ས་ཡོམ་གྱི་གོད་ཆག་ཁྲོད་རྐྱེན་འདས་སོང་བའི་མིིའི་གྲངས་འབོར་༧༥༥༧ཟིན་པ་དང་༡༤༥༠༠ལ་རྨས་སྐྱོན་ཕོག་འདུག
དེ་ཡང་ཕྱི་ཟླ་༤པའི་ཚེས་༢༥ཉིན་བལ་ཡུལ་ནང་འགུལ་ཚད་རིམ་པ་༧དང་གྲངས་ཆུང་༨བྱས་པའི་ས་འགུལ་གྱི་གནོད་འཚེ་ཕོག་པའི་གོད་ཆག་འོག་རྐྱེན་འདས་སུ་ཕྱིན་པའི་མིའི་གྲངས་འབོར་ད་བར་ཤེས་རྟོགས་བྱུང་བ་༧༥༥༧་ཡིན་པ་བལ་ཡུལ་གཞུང་གིས་གསལ་བསྒྲགས་བྱས་ཡོད་ཅིང་། ད་དུང་ཡང་ས་ཁུལ་མང་པོ་ཞིག་ཏུ་ཛ་དྲག་མྱུར་སྐྱོབ་དང་ངལ་སེལ་གྱི་རོགས་རམ་འབྱོར་ཐུབ་མེད་པར་བལ་ཡུལ་གཞུང་ལ་སྐྱོན་བརྗོད་ཤུགས་ཆེ་བྱུང་བཞིན་ཡོད་སྟབས། དེ་རིང་གཟའ་མིག་དམར་ཉིན་བལ་ཡུལ་གཞུང་གིས་ཛ་དྲག་མྱུར་སྐྱོབ་དང་ངལ་སེལ་རོགས་རམ་གྱི་ལས་དོན་ཤུགས་ཆེ་ཞིག་སྤེལ་རྒྱུ་ཡིན་པ་བརྗོད་ཡོད་པ་རེད།
བལ་ཡུལ་གཞུང་གིས་བརྗོད་དོན་ལྟར་ན། ཛ་དྲག་མྱུར་སྐྱོབ་ངལ་སེལ་རོགས་རམ་མཁོ་སྤྲོད་ཀྱི་ལས་དོན་འདིའི་ནང་བལ་ཡུལ་གྱི་དམག་མི་དང་ཉེན་རྟོག་པ་ཆིག་འབུམ་གསུམ་ཁྲི་ཆིག་སྟོང་ཙམ་ཞུགས་རྒྱུ་དང་། ཕྱི་རྒྱལ་གྱི་རོགས་ཚོགས་དང་མྱུར་སྐྱོབ་སྡེ་ཁག་གི་མི་གྲངས་བརྒྱ་ཙམ་ལས་དོན་དེའི་ནང་མཉམ་ཞུགས་བྱ་རྒྱུ་ཡིན་འདུག
བལ་ཡུལ་གྱི་ནང་སྲིད་བློན་ཆེན་Laxmi Prasad Dhakalགྱིས་ད་ཆ་ས་ཡོམ་གྱི་གོད་ཆག་བྱུང་བའི་གནས་སྟངས་རིམ་པས་སྟངས་འཛིན་འོག་སླེབས་ཐུབ་པ་དང་། ས་ཡོམ་གྱི་གོད་ཆགས་ཆེ་ཤོས་བྱུང་ཡུལ་གྱི་ས་ཁུལ་ཁག་ཏུ་ངལ་སེལ་རོགས་རམ་འབྱོར་ཐུབ་ཡོད་པ་འགྲེལ་བརྗོད་གནང་ཡོད་པ་རེད།
བལ་ཡུལ་རྒྱལ་ཡོངས་ཛ་དྲག་མྱུར་སྐྱོབ་ལས་དོན་ལྟེ་གནས་ཁང་གིས་ས་ཡོམ་གྱི་གོད་ཆགས་འོག་རྐྱེན་འདས་སུ་ཕྱིན་པའི་གྲངས་འབོར་༧༥༥༧ཙམ་དུ་སླེབས་ཡོད་པ་དང་། མི་གྲངས་༡༤༥༠༠ལྷག་ལ་རྨས་སྐྱོན་ཕོག་ཡོད་པར་མ་ཟད། ད་དུང་ས་ཡོམ་གྱི་གོད་ཆགས་ཆེ་ཤོས་བྱུང་སའི་ས་གནས་མང་པོ་ཞིག་དུ་ཛ་དྲག་མྱུར་སྐྱོབ་ཀྱི་ལས་དོན་རུ་ཁག་སླེབས་ཐུབ་མེད་པ་དེ་དག་གི་ནང་ཡང་མི་ཤི་བའི་དོན་རྐྱེན་ཚབས་ཆེ་བྱུང་ཡོད་སྟབས་ཤི་རྨས་ཀྱི་གྲངས་འབོར་ད་དུང་ཇེ་མཐོར་འགྲོ་རྒྱུ་ཡིན་པའི་ཚོད་དཔག་བྱེད་བཞིན་ཡོད་པ་རེད།
གཟའ་ཟླ་བའི་ཉིན་ཨ་མི་རི་ཀའི་མྱུར་སྐྱོབ་ངལ་སེལ་རུ་ཁག་གིས་ཐད་འཕུར་གནམ་གྲུའི་ཐོག་ནས་མཐའ་མཚམས་ས་གནས་འགའ་ཤས་ཀྱི་ནང་མྱུལ་ཞིབ་ཀྱི་ལས་དོན་སྤེལ་འདུག་ཅིང་། ས་ཁུལ་དེ་དག་གི་ནང་མཁའ་ལམ་གྱི་ཐོག་ནས་ཟས་རིགས་མཁོ་སྤྲོད་དང་རྨས་སྐྱོན་ཕོག་པའི་མི་ཁག་གཅིག་ཐད་འཕུར་གནམ་གྲུའི་ཐོག་ནས་འོར་འདྲེན་བྱེད་འཆར་ཡོད་འདུག
གསར་འགོད་པ་སྤྱི་ཁྱབ་རྩོམ་སྒྲིག་པ་སྐལ་ལྡན་བློ་གྲོས།
ད་ལན་བལ་ཡུལ་གྱི་ས་འགུལ་ཆེན་མོའི་གོད་ཆག་ནང་ཤི་མཁན་དང་རྨས་མཁན། རྒྱུ་ནོར་ལ་གོད་ཆག་བྱུང་ས་ཕལ་ཆེ་བ་གདོད་མའི་བོད་རིགས་ཉམ་ཆུང་ཚོ་ཡིན་འདུག དཔེར་ན། Langtang Valley ས་མིང་དེ་བོད་སྐད་ཐོག་ག་འདྲ་འབྲི་དགོས་མ་ཤེས། འདི་ནི་གདོད་མའི་བོད་རིགས་རྐྱང་རྐྱང་སྡོད་སའི་གངས་རིའི་ཡུལ་སྡེ་ཞིག་ཡིན་པར་གསལ། ས་ཆ་འདི་གཅིག་པུར་བོད་རིགས་སུམ་བརྒྱ་ཡས་མས་ཤིག་སྡེབས་ཤི་ཕྱིན་པར་ཤོད་བཞིན་འདུག དེ་དང་མཉམ་དུ་ཡུལ་སྐོར་སྤྲོ་འཆམ་པ་ཕྱི་རྒྱལ་གང་མཚམས་ཅིག་ཀྱང་རྐྱེན་འདས་སུ་ཕྱིན་ཡོད་པར་གླེང་། ད་ལན་གྱི་ས་འགུལ་འདི་ཡིས་རྐྱེན་པས་ཤི་རྨས་དང་གོད་ཆག་བྱུང་ས་གཙོ་ཆེ་བ་དེ་ནི། སྒོར་ཁ་དང་སིན་རྡུ་པལ་ཅོག་རྫོང་ཁག་གཉིས་ཡིན་རབས་ཤོད་བཞིན་འདུག རྫོང་ཁག་འདི་གཉིས་ནི་ཉམ་ཐག་གདོད་མའི་བོད་རིགས་རྟ་མང་དང་སྒུ་རུང་དང་སྦོ་ཊེ་སོགས་གཙོ་བོར་གནས་འཆའ་སའི་རྫོང་སྡེ་ཆེ་ཁག་གཉིས་ཡིན་པ་རེད། གདོད་མའི་བོད་རིགས་འདི་ཚོ་ཕལ་ཆེ་བ་ནི་བོད་ངོ་མ་བརླག་ཙམ་དང་རོང་ངོ་མ་ཟིན་ཙམ་བྱས་ནས་ད་བར་འཚོ་བ་སྐྱེལ་བཞིན་བསྡད་ཡོད། །
སྐུ་ཉིད་ཀྱིས་བལ་ཡུལ་ས་ཡོམ་དང་འབྲེལ་བའིགནས་ཚུལ་ཞིབ་ཕྲ་བྲིས་འདུག་པར་བཀའ་དྲིན་ཆེ། དེ་བས་ཀྱང་རང་ཉིད་ཀྱི་མྱོང་བ་གསོན་པོ་དག་གིས་ཀློག་པ་པོ་རྣམས་ལ་ཡིད་འགུལ་ཐེབ་ངེས་པ་ཞིག་འདུག
དེ་རིང་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་ནང་འདི་འདྲ་ཞིག་སྤེལ་འདུག འདིར་བལ་ཡུ་ལ་དུ་ཡོད་པའི་དགོན་པ་ཁ་ཤས་ཅིག་གི་མིང་མ་གཏོགས་སྨོས་མི་འདུག་པས་བློ་ཕམ་ཚད་མེད་པ་ཡོད། http://www.rfa.org/tibetan/sargyur/tibetan-nepal-earth-quake-05072015121722.html
༼བལ་ཡུལ་ནང་ཡོད་པའི་བོད་མི་སྤྱི་དང༌། ལྷག་པར་དུ་སེ་ཆེན་དགོན་པ་དང༌། ཀོ་པན་དགོན་པ། འབྲི་གུང་རིན་ཆེན་གླིང་དགོན་པ། ཁྲ་མགུ་དགོན་པ། ཐར་ལམ་དགོན་པ། ཀརྨ་བཀའ་བརྒྱུད་དགོན་པ། ཤེལ་དཀར་དགོན་པ་སོགས་བོད་པའི་དགོན་སྡེ་ཁག་དང་།༽ཟེར་ནས་བྲིས་པ་མ་གཏོགས། བོན་པོའི་དགོན་པ་ཁྲི་བརྟན་ནོར་བུ་རྩེ་ནས་ཀྱང་། གནོད་ཐེབས་ཡུལ་མི་ཚོར་ཧ་ལས་པའི་རོགས་སྐྱོར་གནང་བཞིན་འདུག་པས་བོན་དགོན་འདིའི་མིང་ཙམ་ཡང་མི་འབྲི་དགོས་པ་གང་ཡིན་ནམ། དེང་སང་མི་ཚོ་སྡུག་བསྔལ་གྱིས་མནར་ནས་མིག་ཆུ་འཐོར་བཞིན་ཁོང་ཁྲོ་ཆེན་པོའི་ངང་དུ་གནས་ཡོད་པས། གསར་འགོད་པ་ཚོས་ཀྱང་གནས་ཚུལ་དངོས་ཡོད་འདྲ་མཉམ་དུ་སྤེལ་ན་དགའ་ཡོང་ད། གསར་འགོད་པ་ངག་དབང་ཆོས་འཕེལ་ཟེར་བ་དེས་འདི་ལ་ལན་ཞིག་ཡོད་པ་ཞུ། །
ད་ཐེངས་བོན་པོ་ཁག་མི་འདུག ཡིན་ན་ཡང་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་ཚོ་ཤེས་ཡོན་ཞེན་པས་སྟོད་འགག་སྔོན་པོ་ཚོ་མི་སྐྱ་ལས་དགོན་པ་དང་གྲྭ་ཚང་ཡིན་པར་མ་ཤེས་པར་ཡིན་སྲིད། དེང་སངས་བཙན་བྱོལ་ལ་དངུལ་མེད་ན་བླ་མ་ལ་བརྩི་རྒྱུ་མ་རེད། བོན་པོ་ཚང་ལ་ཤེས་ཡོན་ཅན་ལས་རྒྱུ་ཆེན་དང་སྤྲེལ་སླད་རྩེད་མཁན་མིན་པས་ཡིན་སྲིད་ཀོ། གང་ལྟར་བོན་ཁྲི་བརྟན་དགོན་པ་བལ་ཡུལ་ནས་བཤད་སྒྲུབ་ཕྲིན་ལས་ལེགས་ཤོས་རེད། ཁ་ཙང་མྱུར་སྐྱོབ་ཚོགས་པ་ཐེངས་དང་པོ་བོན་པོ་གྲྭ་ཚང་གིས་དབུ་འདྲེན་ནས་འཕགས་མཆོག་རིན་པོ་ཆེ་ཟེར་བ་གཉིད་ལས་དཀྲོགས་སོང་།། གང་ཤེས་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་ནི་རྒྱ་ནག་གི་གསར་འགོད་པ་དང་ཁྱད་པར་མཐོང་མ་སོང་།
པདྨ་ལགས། འོ་ལེགས་སོ། །