ཨེ་མ་ཧོ།
ན་མོ་གུ་རུ་ཏྰ་ར་ན་ཐ་ཡེ།།
ཀ་ཏྲི་མི་དྲོའི་ཉེ་ཆར་བྷོ་ར་དང་།།
ཁ་བ་གངས་རི་ཉུལ་བའི་གཏོར་སྐྱོན་གྱིས།།
ག་ས་གང་དུ་བལ་ཡུལ་སྣོད་བཅུད་རལ།།
ང་ཡིས་སྙིང་ནས་མྱ་ངན་སྨོན་ལམ་འདེབས།།
ཅ་ཅོའི་ངུ་དིར་འགྲིས་པའི་ཐལ་གསེབ་ནས།།
ཆ་ཆོལ་གསོན་པའི་རྨས་མ་མཐོང་བའི་ཚེ།།
ཇ་རྩམ་བྲོ་བ་ཡལ་བའི་ངང་ཚུལ་འདིས།།
ཉ་གང་ཟླ་བར་སྒྲ་གཅན་ཟིན་སྣང་འཆར།།
ཏ་ཐྰ་ག་ཏའི་བསྟན་སྲུང་དམ་པ་དང་།།
ཐ་དག་བྱམས་བརྩེ་མངའ་བའི་སེམས་ཅན་ཀུན།།
ད་ལྟའི་བལ་ཡུལ་ས་ཡོམ་གནོད་པ་ལ།།
ན་མ་སི་ཏེས་མྱ་ངན་སྙིང་ནས་གསོལ།།
པ་ར་མི་ཏའི་བྱང་ཆུབ་སེམས་དཔའ་དང་།།
ཕ་མ་བུ་ཚའི་གདུང་བར་མཆི་མ་བཀུ།།
བ་གམ་གོད་ཆག་ཤོར་བའི་གྱོང་རྒུད་རྣམས།།
མ་ལུས་གསོ་ནུས་སྔར་ལས་དར་རྒྱས་ཤོག།
ཙརྱ་དག་པའི་བལ་ཡུལ་གྲོགས་རྣམས་དང་།།
ཚ་གྲང་ཀློང་གི་ས་ཡོམ་གནོད་པ་ཀུན།།
ཛ་དྲག་གདུག་པའི་བར་ཆད་རབ་བསལ་ནས།།
ལེར་ཉམས་ཆག་འཇིགས་ལས་ཐར་བར་སྨོན།།
ཞྭ་ཁྲ་དཀར་དམར་སེར་ནག་རིས་མ་མཆིས།།
ཟ་མ་ལོངས་སྤྱོད་མཐོ་དམན་འདྲ་མ་མཉམ།།
འ་ཅག་དབུལ་ཕྱུག་འཚོ་བ་བདེ་བའི་གནས།།
ཡ་རབ་བལ་ཡུལ་བདེ་སྐྱིད་འབྱུང་བར་སྨོན།།
ར་ལུག་གླང་གིས་འཚོ་བའི་བལ་འབྲོག་དང་།།
ལ་ལུང་ཞིང་སའི་བསྐང་བའི་ཞིང་བདག་རིགས།།
ཤ་རུས་གཅིག་ལས་མཆེད་པའི་བོད་པ་སོགས།།
ས་ཡོམ་གནོད་སྐྱོན་བྱུང་བར་མྱ་ངན་ཞུ།།
ཧ་ཅང་སྙིགས་མའི་སྤྱོད་པ་དར་དྲག་པས།།
ཨ་ཙི་གསར་ཤི་འཐེབ་པའི་འགྲོ་བ་ཀུན།།
ཀུན་བཟང་རྒྱལ་སྲིད་ཆེན་པོ་ཐོབ་པ་དང་།།
འགྲོ་ཁམས་ཞི་བདེས་འཚོ་བའི་བཀྲ་ཤིས་སྨོན།།
ཞེས་པ་འདི་ཡང་རབ་རྒྱན་ཤིང་ལུག་ནག་པ་ཟླ་བའི་སྟོང་པ་གཉིས་པ་འམ་ཕྱི་ལོ་ཉིས་སྟོང་བཅོ་ལྔའི་ཟླ་བཞི་བའི་ཚེས་ཉེར་ལྔར་བལ་ཡུལ་དུ་ས་ཡོམ་གནོད་སྐྱོན་འཐེབ་བཞིན་པ་འཕྲིན་ཕྲན་ཚོགས་ཐོག་ནས་གསེར་རྟ་མཁན་པོ་བྱམས་པས་གསུང་ངག་གི་རྐྱེན་དང་བརྙན་པར་སོགས་གསར་འགྱུར་དག་གིས་རྒྱུ་བྱས་ཏེ་གང་ཤར་དུ་རིག་འཛིན་ཨེ་མ་ཧོས་དབྱིན་ཡུལ་ཕྱག་རྒྱ་མའི་ཆོས་ཚོགས་ཁང་ནས་སྨོན་པར་དགེའོ།། །།
སྐྱ་མིན་སེར་མིན་སྣ་ཚོགས་གཟུགས། །
སྤྱོད་པ་འཆལ་འཆོལ་འཛད་མེད་སྟོན། །
ཀ་ཕྲེང་སྒྲིག་ལ་མཁས་ཉམས་འབར། །
མཁན་ཆེན་བླ་མ་ཨེ་མ་ཧོ། །
ཀ་ཐ་མན་ཌུ་རྒྱལ་ས་དང་། །
ཁ་བ་རི་པ་བཞུགས་གནས་སར། །
ག་ས་ག་རུ་ས་འགུལ་གྱིས། །
ང་ཅག་འགྲོ་ལ་གནོད་འཚེ་ཐེབས། །
ཅ་ལག་ཆུང་ཆུང་ཡན་ཆད་ནས། །
ཆ་འཇོག་བརྩི་སའི་མཁར་རྫོང་བར། །
ཇ་རྩམ་འབྲས་རྡལ་ཡོད་དགུ་རྣམས། །
ཉ་མའི་ཡོད་ཚད་ཐལ་བར་བརླག །
ཏ་ཐ་ག་ཏའི་དགོན་པ་དང་། །
ཐ་ན་དགོན་རྙིང་ཡོད་ཚད་ཐོར། །
ད་ལྟའི་མི་རྟག་ལུས་ཅན་ཀུན། །
ན་དང་ཚ་དང་འཆི་བས་བཅོམ། །
པ་ར་མི་ཏའི་ཐུགས་རྗེས་དང་། །
ཕ་མ་བུ་ཚས་སྨོན་ལམ་གྱིས། །
བར་དོར་འཁྱམ་པའི་ལུས་ཅན་སོགས། །
མ་ལུས་མྱུར་དུ་སངས་རྒྱས་ཤོག །
སྐྱ་མིན་སེར་མིན་གྱི་སྨོན་ལམ།
ན་མོ་གུ་རུ་མ་དྷེ་མ་ཀ་ཡེ།།
ཞེན་འཁོན་སྐྱ་བོའི་མཐའ་རུ་མ་འཛིན་ཞིང་།།
ཞེན་མེད་སེར་མོའི་རྗེས་སུ་མ་འདྲིངས་བར།།
གཉིས་ཕན་དབུ་མའི་ལམ་དུ་ཤར་བསྐྱོད་པའི།།
ཞི་བདེ་གླིང་པའི་ཕྲིན་ལས་མཐར་ཕྱིན་སྨོན།
རྟག་ཆད་ཕྱི་རོལ་ཆོས་ལ་མི་སྡང་ཞིང་།།
ཕྱོགས་འཛིན་ནང་པའི་ཆོས་ལ་མ་ཆགས་པར།།
རིས་མེད་མི་ལུགས་གཙང་མ་སྐྱོང་བའི་མགོན།།
མི་དབང་ཆོས་ཀྱི་རྗེ་འབངས་དར་རྒྱས་ཤོག།
མདོ་ལམ་རབ་བྱུང་ཁོ་ན་མི་བསྟོད་ཅིང་།།
གསང་ཆེན་གཉིས་མེད་ཐེག་པར་མི་སྨད་པར།།
ཟུང་འཇུག་ཐབས་ཤེས་ལམ་བཟང་མངོན་གསལ་མཁན།།
ཟབ་རྒྱས་དབུ་མའི་བསྟན་འཛིན་ཞབས་བརྟན་སྨོན།།
ཞེས་པ་རབ་གནས་ཤིང་ལུག་གི་ནག་ཟླའི་རྒྱལ་བ་གསུམ་པར་ངོ་དེབ་ཏུ་ཆོས་ཀྱི་གྲོགས་པོ་ཞིག་གིས་སྐུལ་བའི་རྐྱེན་ལས་གང་དྲན་དུ་ཨེ་མ་ཧོས་སྨོན་པར་དགེའོ།།
མཁན་ཆེན་བླ་མའི་གདོང་དེབ་ལས་པདྨས་བཤུས་སོ།། །།
ཙན་དན་བསིལ་ལྟར་བལ་བོད་ཡུལ། །
ཚ་གྲང་མཉམ་པ་བལ་བོད་ཡུལ། །
ཛ་ལང་ཤོར་བའི་ས་ཡོམ་གྱིས། །
ཝལ་གྱི་གཡོ་འགུལ་ཨ་ཁ་ཁ། །
ཞྭ་སེར་ཞྭ་ནག་བོད་ཆོས་དང་། །
ཟ་ཧོར་ཡུལ་གྱི་མཁའ་འགྲོའི་ཚོགས། །
འལ་འོལ་མྱུར་དུ་གདན་འདྲེན་ནས། །
ཡ་མེད་ས་ཡོམ་འགོག་ཅིག་ཀྱེ། །
ར་ལུག་བཤས་རར་འཁྲིད་པ་ལྟར། །
ལ་ལུང་མི་བོ་ཅག་གི་སྲོག །
ཤ་ཟ་སྲིན་པོས་འཕྲོག་པ་ལྟར། །
ས་ཡོམ་གནོད་ལས་ཐར་འགྱུར་ཅིག །
ཧ་ཧའི་གད་རྒྱང་སྒྲོགས་པ་ལྟར། །
ཧ་ཅང་སྲོག་ཆད་སྐྱེ་བོའི་ཚོགས། །
ཧ་ལས་བདེ་ཆེན་ཞིང་ཁམས་སུ། །
ཧད་ཀྱིས་འདྲེན་ནུས་སུ་ཞིག་ཡོད། །
ཨ་ཕ་དང་འདྲའི་ཕ་སྤུན་དང་། །
ཨ་མ་དང་འདྲའི་མ་སྤུན་ཚོགས། །
ཨ་ནུ་གཞོན་ནུ་ཕོ་མོའི་སོགས། །
ཨ་ཐས་ས་འགུལ་སྲོག་བྲལ་སྐྱོབས། །