ཨ་རིག་འགྱུར་མེད།
དུས་རབས་ཉེར་གཅིག་པ་འདི་བརྡ་འཕྲིན་གྱི་དུས་རབས་ཡིན་ཚུལ་དཔྱོད་ལྡན་རྣམས་ཀྱིས་འགྲེལ་གྱིན་འདུག་ལ། མིག་གིས་བལྟས་བལྟས་རིག་རིག་ཏུ་ང་ཡང་བརྡ་འཕྲིན་དུས་རབས་འདིའི་མི་ངོ་མ་ཞིག་ཆགས་གྲབ་འདུག་ཨང༌།
དགུ་བཅུ་གོ་གྲངས་སམ་ཡང་ན་གོ་དགུ་དང་ཉིས་སྟོང་ལོར་རིག་གནས་ཀྱི་རྗེས་ལུས་དང་སློབ་གསོའི་རྗེས་ལུས། དཔལ་འབྱོར་གྱི་རྗེས་ལུས། ཆོས་དང་སྲིད་གང་གི་ཕྱོགས་ནས་ཀྱང་རྗེས་ལུས་ནས་ཡང་ལུས་སུ་གྱུར་བའི་ངའི་ཕ་ཡུལ་གྱི་འབྲོག་པ་མང་ཚོགས་ཚོས་ཀྱང༌། དང་ཐོག་དེང་རབས་ཀྱི་འཕྲུལ་རྟ་འབོད་པའི་འཕྲུལ་ཆས་རིགས་འདི་བེད་སྤྱོད་གཏོང་ཤེས་སོང་ལ། འགྲན་བསྡུར་གྱི་རྣམ་པས་དུས་ཡུན་ཐུང་ཐུང་ཞིག་གི་ནང་སྡེ་བ་རེ་རེའི་ཁྱིམ་ཚང་འབྱོར་ལྡན་ཚང་མས་རང་གི་བུ་སྟག་འདྲ་གཟིག་འདྲ་ཚོ་རྟ་ཐོག་ནས་བླངས་ཏེ། འཕྲུལ་རྟའི་ཐོག་བསྐྱོན་སོང༌། ཡིན་ནའང༌། སྐབས་དེ་དུས་ད་དུང་ཁྱིམ་ཚང་དབུལ་བོ་ཚོས་འཕྲུལ་རྟ་ཉོ་ཐུབ་ཀྱི་མི་འདུག་ལ། ཉོ་ཐུབ་པའི་དབང་དུ་བཏང་ཡང་ཞོན་ཤེས་ཀྱི་མི་འདུག
ཕྱི་ལོ་ ༢༠༠༠ ལོའི་ལོ་མཇུག་ཏུ་ང་རྒྱ་གར་དུ་ཡོང་བ་རེད། ང་མ་ཡོང་བའི་སྔོན་ཏག་ཏག་དེར་ངའི་ཞང་བོ་ཁྱིམ་འཛིན་ཞིག་ཡོད་པ་དེས། ད་ལོ་ཟོག་ལུག་གི་རིན་གོང་གང་འདྲ་ཡིན་ཡང་འཕྲུལ་རྟ་ཞིག་ཉོ་ཐབས་བྱ་རྒྱུ་ཡིན་ཟེར། སྐབས་དེར་དགོན་པའི་ནང་ཁྱིམ་སྤྱོད་ཁ་པར་དར་སོང་ལ། ང་དང་ངའི་ཞང་བོ་གྲྭ་བ་ཞིག་དགོན་པར་ཡོད་པ་ངེད་གཉིས་ཀྱིས་ཀྱང་ཁ་པར་ཞིག་འཐེན་པ་ཡིན། དེ་གཉིས་ནི་རྗེས་ལུས་ཀྱི་སྤྱི་ཚོགས་ཤིག་མདུན་སྐྱོད་ཀྱི་ལམ་དུ་ཕྱོགས་པའི་སྟ་གོན་ཙམ་རེད།
ང་རྒྱ་གར་དུ་ཐོག་མར་འབྱོར་དུས་བཙན་བྱོལ་བོད་གཞུང་གི་གཞུང་ཞབས་ལས་བྱེད་ནས་སློབ་གྲྭ་ཁག་གི་དགེ་རྒན། སྤྱི་ཚོགས་ཁྲོད་ཀྱི་མི་མང་མང་ཚོགས་གང་དུའང་ལག་ཏུ་ལག་ཁྱེར་ཁ་པར་ཡོད་མཁན་རེ་ཟུང་ལས་མི་འདུག དེང་སྐབས་ཧིན་སྒོར་ཆིག་སྟོང་ཡས་མས་སྤྲོད་དགོས་པའི་ཁ་པར་ཞིག་ལ་སྐབས་དེ་དུས་སྟོང་ཕྲག་ལྔ་ནས་དྲུག་བར་སྤྲོད་དགོས་ཀྱི་འདུག་ལ། ཁ་པར་དེ་རིགས་ཉར་མཁན་ཚོ་སྤྱི་ཚོགས་ཁྲོད་ཀྱི་འབྱོར་ལྡན་ནམ། ཅུང་སྔོན་ཐོན་ཞིག་ཏུ་གྱུར་ཡོད་དེ། ཁོང་ཚོས་མི་ཚོགས་མང་ས་དང༌། ཟ་ཁང༌། ཚོང་ཁང༌། ཚོགས་ཁང་སོགས་ནས་ཁ་པར་ལས་ཁ་བརྡ་བྱས་ཚེ། མི་ཚོགས་ཀྱིས་མིག་ཧྲིག་ཧྲིག་དང་རྣ་གྲུང་གྲུང་བྱས་ནས་དེའི་ཕྱོགས་སུ་ལྟ་ཞིང་ཉན། དེ་བཞིན་སྐབས་དེ་དུས་འཕྲུལ་རྟ་འདི་ཡང་འབྱོར་ལྡན་ཚོས་མ་གཏོགས་ཞོན་ཐུབ་ཀྱི་མི་འདུག་ལ། མང་བོ་ཞིག་གིས་རྨི་ལམ་ཚུན་ཚད་དུའང་གཏོང་གི་མེད་ཚོད་རེད།
ཡིན་ནའང༌། ང་སྦིར་སུ་ཇཱར་ཡོད་སྐབས་ཏེ། ༢༠༠༣ གྱི་ལོ་མཇུག་དང་ ༢༠༠༤ ལོ་སྟོད་དུ་དགེ་ལས་ཚོས་ལག་ཁྱེར་ཁ་པར་དང་འཕྲུལ་རྟ་ཉོ་རྒྱུར་འགྲན་བསྡུར་བྱས་སོང༌། ཉིན་རེ་བཞིན་དགེ་ལས་ཚོའི་ནང་དུ་ཁ་པར་འཛིན་མཁན་དང་འཕྲུལ་རྟ་ཞོན་མཁན་དངོན་གསལ་གྱིས་ཇེ་མང་དུ་སོང༌། ༢༠༠༤ ལོའི་ལོ་མཇུག་གམ། ཕྱི་ཟླ་ ༡༢ པའི་ཟླ་མཇུག་ཏུ་ང་སློབ་གྲྭ་ནས་བུད་པ་ཡིན་ལ། སྐབས་དེ་དུས་ཕལ་ཆེར་དགེ་ལས་གང་འདྲ་ཞིག་ཡིན་རུང་ལག་ཁྱེར་ཁ་པར་མེད་མཁན་ཞིག་མི་འདུག་ལ། འཕྲུལ་རྟའང་གྲངས་ངེས་ཅན་ཞིག་ཏུ་སླེབས་འདུག ང་སློབ་གྲྭ་ནས་ཕྱི་ལ་ཐོན་ཏེ་ངྷ་སར་འབྱོར་སྐབས་ངྷ་སའི་བོད་མི་ཚོའི་ཁྲོད་དུ་ཐོབ་དང་གོ་ས། ལས་གནས་ཅི་ཡིན་ལ་མ་ལྟོས་པར་འཕྲུལ་རྟ་ཡོད་མཁན་སྔར་ལས་རྡབ་འགའི་མང་དུ་ཕྱིན་འདུག་ལ། ལག་ཁྱེར་ཁ་པར་ཡང་དེའི་ཚོད་ཀྱི་མང་བོ་འདུག
ང་སློབ་གྲྭའི་ཕྱི་ལ་ཐོན་ནས་ཅང་མ་འགོར་བར་ངས་མཛུབ་སྣོན་རྒྱག་ཤེས་མིན་ལ་མ་ལྟོས་པར་གློག་འཕྲིན་ཁ་བྱང་གསར་བ་ཞིག་བཟོས་པ་ཡིན་ལ། དེ་ཡང་རྒྱ་གར་ཞིག་ལ་བཟོས་གླ་སྤྲད་ནས་བཟོས་པ་ཡིན། དེ་ལྟར་ངས་རང་གི་འཛིན་གྲོགས་དང་སློབ་གྲོགས་ཚོ་ས་གནས་གང་དུ་སོང་ཞིང༌། གང་དུ་བསྡད་ཀྱང་རུང༌། གློག་འཕྲིན་བརྒྱུད་ཕན་ཚུན་མི་འབོར་བའི་ཐབས་ཤེས་བྱས་པ་ཡིན། འོན་ཀྱང༌། སྐབས་དེ་དུས་ངས་གློག་ཀླད་སྐོར་གྱི་ཤེས་བྱ་གང་ཡང་མི་ཤེས་ལ། ཐ་ན་ཐེངས་མང་བོར་གློག་འཕྲིན་སྒོ་ཕྱེ་མ་ཐུབ་པར་དཀའ་ངལ་བྱུང་སོང༌། དེ་དུས་ངའི་གཡས་གཡོན་གྱི་སྤྱི་ཚོགས་ཀྱང་དེ་ལྟར་རེད། ཤེས་མཁན་དངོས་གནས་ཉུང་ཉུང་རེད།
གང་ལྟར་དེ་དུས་གང་ཤེས་པ་དེ་ཡང་དབྱིན་ཡིག་གི་ལམ་ནས་བེད་སྤྱོད་པ་ལས་བོད་ཡིག་གི་ལམ་ནས་བེད་སྤྱོད་རྒྱུའི་རྨི་ལམ་ཙམ་ཡང་འཁོར་མྱོང་མེད་ལ། ལོ་དུས་མ་ངེས་མོད་མཆོད་མེ་དྲ་རྒྱ་ཟེར་བ་ཞིག་ཡོད་ཅིང༌། དེའི་ནང་དུ་པོད་ཁུག་དང་ཆེད་རྩོམ་སྤེལ་ཆོག་གི་རེད་ཟེར་བཞིན་པའི་སྐབས་སུའང༌། བོད་ཕྱི་ནང་གཉིས་ན་གློག་ཀླད་ལས་བོད་ཡིག་གི་དྲ་རྒྱ་ཡོད་ཅིང༌། དེ་རུ་ཟིན་བྲིས་སྤེལ་བ་དང་བསམ་ཚུལ་བརྗོད་པ། རྩོམ་ཡིག་སྤེལ་ཆོག་པའི་རང་དབང་གི་གར་སྟེགས་ཤིག་ཡོད་པའང༌། ང་ལྟ་བུའི་རྨོངས་ཤིང་མགོ་འཐོམ་ཚོས་ཤེས་ཀྱི་མེད། ཡིན་ནའང༌། མིག་གིས་བལྟས་བལྟས་རིག་རིག་ཏུ་ང་ཚོའི་མིག་མདུན་དུ་བོད་ནང་ལོགས་ཀྱི་བོད་ཀྱི་སྐད་ཡིག་དང་བོད་ཀྱི་གླེང་སྟེགས། མཆོད་མེ། ཕྱི་ཕྱོགས་ཀྱི་ཁ་བརྡ་དང་བོད་ཀྱི་དུས་བབ་ལྟ་བུའི་དྲ་རྒྱ་མང་བོ་ཞིག་འཚང་ཁ་ཤིག་ཤིག་གིས་སླེབས་བྱུང་ལ། ད་ནི་འཛམ་གླིང་གི་ས་ཁྱོན་ཆེན་པོ་འདིའི་ཤར་ནས་ནུབ་དང༌། ནུབ་ནས་བྱང༌། གང་དུ་ཡོད་ཀྱང་དུས་ཚོད་སྐར་ཆ་རེ་རེའི་ནང་དུ་ཁ་པར་ལས་ཕན་ཚུན་ལ་སྐད་ཆ་བཤད་པ་དང༌། དྲ་རྒྱ་ལས་རྩོམ་ཡིག་སྤེལ་བ་བསམ་ཚུལ་བསྡུ་ལེན། བགྲོ་གླེང་བཅས་བྱེད་ཐུབ་པར་གྱུར་སོང༌། དེ་བཞིན་དེང་སྐབས་ཡོས་ནི་ཁོ་སྒྲི་བོད་ཡིག་བརྒྱུད་ཡ་ཧུའི་ནང་ཕན་ཚུན་ལ་བོད་ཡིག་གི་ལམ་ནས་བརྡ་འཕྲིན་གཏོང་མཁན་དང་འཕྲིན་ཡིག་གཏོང་མཁན་ཧ་ཅང་མང༌།
འདི་ཡོད་ཚད་ལོ་མང་བོའི་སྐད་ཆ་མ་རེད། དུས་ཡུན་ཐུང་ཐུང་ཞིག་གི་སྐད་ཆ་རེད། དཔེར་ན། ང་ཐོག་མར་ངྷ་སར་འབྱོར་ནས་ངའི་ཡུལ་གྲོགས་ཨ་རིག་དམ་ཆོས་ཀྱིས་སྦྱིན་བདག་གནང་སྟེ། ང་དང་ངའི་ཡོང་རོགས། ངེད་ཅག་གསུམ་གྱིས་ཕྱིར་ནང་དུ་ཁ་པར་བཏང་ནས་ངེད་གཉིས་རྒྱ་གར་དུ་བདེ་འབྱོར་བྱུང་ཞིང༌། ལམ་བར་ནས་དཀའ་ཁག་མ་བྱུང་ཚུལ། ད་ལྟ་སྐྱིད་པོ་བདེ་མོ་ཡིན་ཚུལ་སོགས་མང་ན་ཆུ་ཚོད་ཕྱེད་ཀ་ཙམ་ལས་སྐད་ཆ་བཤད་མེད་ཀྱང༌། ཁ་པར་བཏང་གླར་ཧིན་སྒོར་ ༡༤༠༠ ཤོར་སོང་ལ། དེ་དུས་བོད་ལ་ཁ་པར་བཏང་ན་སྐར་ཆ་གཅིག་ལ་ཧིན་སྒོར་ ༤༩ རེད། ཡིན་ནའང༌། དེང་སྐབས་དུས་ཀྱི་དབང་གིས་ཁ་པར་གཏོང་མི་ཆོག་པ་ཙམ་ལས། ཉིན་མཚན་གཉིས་ལ་སྐད་ཆ་བཤད་ཀྱང་སྒོར་ ༡༤༠༠ སྤྲོད་དགོས་ཚོད་མི་འདུག དེ་བཞིན་སྐབས་དེ་དུས་ངའི་ཕ་ཡུལ་གྱི་ཞང་དང་དགོན་མཐར་སྡོད་མཁན་ཁྱིམ་ཚང་འགའ་ཡོད་པ་དེ་ཚོ་མ་གཏོགས། འབྲོག་ཕྱོགས་ཤིག་ཏུ་ཁྱིམ་སྤྱོད་ཁ་པར་ཞིག་ལྟ་ཞོག ཉི་གློག་ཀྱང་ཡོད་མཁན་མེད་མཁན་གཉིས་ཀ་ཡོད་མོད། དེང་སྐབས་ཁྱིམ་ཚང་རེའི་བཟའ་མི་ཚང་མའི་ལག་ཏུ་ཁ་པར་འདུག་ལ། བརྡ་རྟགས་མེད་པ་མ་གཏོགས་ནོར་ལུག་རྗེས་སུའང་བཟུང་འགྲོ་བཞིན་འདུག
འདི་ལྟར་མིག་གིས་བལྟས་བལྟས་རིག་རིག་ཏུ་སྤྱི་ཚོགས་འཕེལ་རྒྱས་དང་མི་མང་དེང་རབས་དང༌། བརྡ་འཕྲིན་གྱི་སྤྱི་ཚོགས་ཁྲོད་སླེབས་སོང་ལ། དེ་ཡང་དངོས་གནས་དུས་ཡུན་ཐུང་ཐུང་ཞིག་གི་ནང་དུ་སླེབས་སོང༌།
འོན་ཀྱང༌། ང་ད་ལྟ་ང་ཚོས་གཞན་གྱིས་ཡུན་རིང་ལ་བེད་སྤྱད་ཚར་བའི་ཅ་དངོས་མ་གཏོགས་གསར་བ་གསར་རྐྱང་དག་ད་དུང་སྤྱོད་ཐུབ་ཀྱི་མེད། སྤྱོད་བཞིན་པ་དེ་ཚོ་ཡང་བེད་སྤྱོད་ཡག་པོ་གཏོང་ཤེས་མཁན་ག་ཚོད་ཡོད་ཨང༌།
ཟླ་ ༡༡ ཚེས་ ༢ ཉིན་མེ་སོར་དུ་བྲིས།
གོང་གི་འགྱུར་མེད་ཀྱི་རྩོམ་དང་གཞན་ཡང་ནང་གི་འགྱུར་བ་ནི་ཕྱིའི་འགྱུར་བའི་རྨང་གཞི་ཡིན་ཟེར་བ་དེ་གཉིས་བཀླགས་རྗེས་བསམ་ཚུལ་འདི་འདྲ་ཞིག་འཁོར་བྱུང་། འགྱུར་བ་ལ་རིགས་སྣ་ཚོགས་ཡོད་ཅིང་། ང་རང་གི་མཐོང་སྣང་ལ་མིག་སྔར་གྱི་དཀའ་ངལ་ཆེན་པོ་ཞིག་ནི་མི་སྒེར་གྱི་འཚོ་བ་དང་གཞུང་གི་སྲིད་ཇུས་གཉིས་བར་གྱི་འགྱུར་ལྡོག་གི་ཧེ་བག་དེ་རེད་བསམ། དཔེར་ན། སྒེར་གྱི་འཚོ་བར་འགྱུར་ལྡོག་ཆེན་པོ་བྱུང་སྟེ་ད་ཆ་བོད་ཕྱི་ནང་གང་དུའང་བརྙན་འཕྲིན་ཉོ་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་མོད། ཡིན་ནའང་དེང་རབས་ཀྱི་ཐོན་རྫས་གསར་བ་འདི་སྤྱི་ཚོགས་ཐོག་ཏུ་དར་ཁྱབ་འབྱུང་ཚད་དང་། དེ་ལ་དཔགས་པའི་བོད་ཀྱི་བརྙན་འཕྲིན་ལེ་ཚན་བཟོ་སྐྲུན་བྱས་པ་མི་འདང་བ་་གཉིས་ཀྱི་བར་ནས་ཧེ་བག་ཤོར་ཡོད་པ་དང་། རྒྱ་གར་དུ་བརྙན་འཕྲིན་ནི་བོད་ཀྱི་ཁེ་ཕན་གྱི་ཆེད་དུ་བེད་སྤྱོད་གཏོང་བར་དེ་བས་ཀྱང་གྲུབ་འབྲས་མེད་པ་བཅས་གསལ་བོ་རེད།
ད་ནི་ཀློག་ཀླད་དང་དྲ་རྒྱ་བཀོལ་སྤྱོད་ཀྱི་ཐོག་ནས་ཀྱང་དེ་འདྲ་རེད། གཞུང་གིས་དེང་རབས་ཀྱི་ཐོན་རྫས་གསར་བ་འདི་དག་གི་བཀོལ་སྤྱོད་དེ་བོད་ཡིག་གི་ཁེ་ཕན་གྱི་ཆེད་དུ་ཁ་སྒྱུར་བྱེད་པའི་འཆར་གཞི་བཏིང་བ་མི་འདང་ཞིང་། ཚོང་པ་ཚོས་ལས་རིགས་འདིར་ཁྲོམ་ར་མེད་པར་འདོད་པ་ཡིན་ནམ་ཡང་ན་ཁེ་སྲང་ཆུང་བར་བརྩིས་པ་ཡིན། གང་ལྟར་ཚོང་ལས་ཀྱི་ངོ་བོའི་ཐོག་ཏུ་འགྲོ་ཐུབ་ཀྱི་མེད། དེ་བས་བོད་ཕྱི་ནང་གཉིས་སུ་བོད་ཡིག་གི་དྲ་རྒྱ་དང་དྲ་དེབ་འདོན་པའི་ཐོག་ཏུ་དཀའ་ལས་བརྒྱག་མཁན་ཚོའི་བྱས་རྗེས་ནི་ཆུང་ཆུང་ཞིག་རྩ་ནས་མིན། ང་རང་གི་བསམ་པར་ཀློག་ཀླད་དང་དྲ་རྒྱ་ནི་དེང་རབས་ཀྱི་ཐོན་རྫས་ཁག་ལས་བོད་ཡིག་གི་བཀོལ་སྤྱོད་དང་ཁྱབ་གདལ་ལ་དུས་ཚོད་ཐུང་ཐུང་ཞིག་གི་ནང་དུ་མཐུན་འགྱུར་གྱི་ནུས་པ་ཆེ་ཙམ་བཏོན་ཐུབ་སོང་བས། ཚང་མས་གོ་སྐབས་འདི་འཐུས་ཤོར་དུ་མི་འགྲོ་བའི་འབད་བརྩོན་བྱེད་རོགས།
བལྟས་བལྟས་རིག་རིག་ལ་ངེད་ཅག་གི་བོད་པ་ཚང་འདི་ཡར་རྒྱས་འགྲོ་བཞིན་འདུག་ཟེར། དངོས་ཡོད་ཞིག་ཡིན་མིན་ལ་དེ་བས་ཀྱང་རྒྱུ་མཚན་ཚད་མ་རེ་གཏན་ནས་མི་འདུག་ཟེར་ནས་བཤད་ན་ཡང་མི་འགྲིག་མོད། གལ་ཏེ་བོད་པ་ཚང་གི་མི་འདི་དག་བལྟས་བལྟས་རིག་རིག་ལ་ཡར་རྒྱས་འགྲོ་ལུགས་འདི་ནི་བོད་པ་ཚང་གི་ཞན་ཆ་ཞིག་བརྗོད་བཞིན་ཡོད་པ་ལྟ་བུ་ཞིག་ལས། ཡར་རྒྱས་སོང་བར་མགྱོགས་པོ་ཡོད་པར་བཤད་ཀྱི་མི་འདུག་སྙམ། གལ་ཏེ་ཡར་རྒྱས་སོང་བར་བཤད་ཀྱི་ཡོད་ན་ནོར་སོང་། གང་ཡིན་ཟེར་ན་ནང་གི་ཤེས་ཡོན་དང་བོད་པ་རང་གི་སྐད་ཡིག་གི་ཡར་རྒྱས་སོང་བ་ཧ་ཡང་མགྱོགས་པོ་ཡོད་ཅེས་བཤད་ཀྱི་ཡོད་པ་ཞིག་གཏན་ནས་མ་རེད། དེ་འདྲ་ཡིན་ན་༧གོང་ས་མཆོག་གིས་བཙན་བྱོལ་བོད་པ་ཚང་གི་ལོ་ངོ་སུམ་བཅུའི་རིང་གི་ཤེས་ཡོན་ལ་གྲུབ་འབྲས་སོན་མེད་པར་ག་ལ་གསུང་། དངོས་ཡོད་ཀྱི་ངེད་ཅག་བོད་པ་ཚང་གི་ཀླད་མེད་དེ་དག་གིས་སྒོར་རྡོག་ཁ་ཤས་ཤིག་གི་རིན་གོང་གི་ཉོ་ཐུབ་པས་ཁ་པར་ཡོད་ན་རང་གི་ཆེ་བར་རློམ་ནས་རང་ཚུགས་མེད་པའི་རྣམ་པ་མི་མང་ཁྲོད་དུ་ཕྱི་ལ་ངོམ་བཞིན་ཡོད་པ་དང་། སྒོར་རྡོག་ཁ་ཤས་ཀྱི་ཉོ་ཐུབ་པས་ཅ་དངོས་དེ་དག་གི་གཡོ་འཕྲུལ་ལ་གོམ་ནས་རང་རང་གི་སྐད་ཡིག་གི་ཨང་གྲངས་ཙམ་ཡང་བོད་སྐད་ཐོག་བཤད་ཐུབ་ཀྱི་མེད་པས་གནད་དོན་དེ་ནི་བོད་ཕྱི་ནང་གཉིས་སུ་བྱུང་གི་ཡོད། བོད་ནང་གི་དེ་དག་གིས་རྒྱའི་སྐད་ནས་ཨང་གྲངས་བེད་སྤྱོད་བྱེད་པ་དང་བཙན་བྱོལ་དུ་ཡོད་མཁན་དག་གི་དབྱིན་ཇིའི་ཨང་གྲངས་སྤྱོད་པར་གོམ་ཡོད་པ་འདི་བོད་པ་ཚང་གི་ཡར་རྒྱས་མིན་ལ། འདི་དག་ནི་བོད་པ་ཚང་གི་མར་རྒྱས་རེད་མ་གཏོགས་བོད་པ་ཚང་གི་ཡར་རྒྱས་མིན་པ་ཤེས་པར་གྱིས་དེ། ངེད་ཅག་གི་རང་ནོར་ངོས་ཟིན་བྱས་དེ་སྐད་ཡིག་བེད་སྤྱོད་བྱེད་ཕྱོགས་ནས་བཟུང་དེ་ཡར་རྒྱས་འགྲོ་མིན་ནས་བཤད་དགོས་པ་ལས། སྒོར་རྡོག་ཁ་ཤས་ཀྱི་ཉོ་ཐུབ་པས་ཅ་དངོས་ལ་བལྟས་དེ་ཡར་རྒྱས་སོང་བར་ཁས་ལེན་བྱེད་ཀྱི་ཡིན་ན་ནི། ངེད་ཅག་རྒྱ་ནག་གི་དྲིལ་བསྒྲགས་དེ་དག་ལ་རྒྱབ་སྤྱོར་བྱེད་མཁན་དུ་གྱུར་སོང་བ་རེད།