སྐྱོ་བྲག་དགའ་དབང་།
ཡུལ་བདག་ཆེན་པོ་གནོད་སྦྱིན་གང་བ་བཟང་པོས་བཟུང་བའི་ཡུལ། གངས་རི་རྩེ་རྒྱལ་གནམ་འདེགས་ཀྱི་ཀ་བ་འདྲ་བ། རྩམ་གྱི་ལྷ་སྒོ་མདུང་རྩེ་ཞེས་བྱ་བ། བོད་ཡུལ་དབུ་རུ་བྱང་ཕྱོགས་ཀྱི་ས་ཡི་ཆ། རི་སྙིང་འབའ་རོམ་གྱི་གནས་ཡིན་པས་ན་བྱང་འབའ་རོམ་དུའང་གྲགས་པ། སྒྲ་སྒྱུར་གྱི་རྒྱལ་པོ་མར་པ་ལོ་ཙཱ་བ་ཆེན་པོས་ཆོས་འཁོར་བསྐོར་བའི་གནས་ཏེ། མར་པའི་རྣམ་ཐར་དུ། བྱང་དུ་ཕེབས་ནས་མར་པ་མགོ་ཡགས་ཀྱི་ཡུལ་རྩམ་གྱི་ལྷ་སྒོ་མདུང་རྩེ་བྱ་བར་གདན་ཕབ་ནས་ཆོས་མང་དུ་གསུང་། ཞེས་པ་ཡོད།
ཏི་ཤྲི་རས་པའི་གསུང་ལས།
གནས་ལུང་བསྟན་རྩམས་ཆེན་ལྷ་སྒོ་ན། །
འཁོར་ལུང་བསྟན་ལས་འཕྲོ་སད་པ་ལ། །
ཆོས་ལུང་བསྟན་ཕྱག་རྒྱ་ཆེན་པོ་བསྟན། །
རྗེ་འབའ་རོམ་ཆེན་པོ་ལ་གསོལ་བ་འདེབས། །
ཞེས་པ་ལྟར། ཆོས་རྗེ་ཟླ་འོད་གཞོན་ནུས་ཀྱང་ཉེ་གནས་འབའ་རོམ་པ་ཆེན་པོ་ལ་གནས་དང་ཆོས་དང་འཁོར་རྣམས་ལུང་བསྟན། སྒྲུབ་པ་སྙིང་པོར་མཛད་པས་མཆོག་གི་གོ་འཕང་མངོན་དུ་གྱུར། དགེ་འདུན་འདུས་པའི་སྡེ་ངུར་སྨྲིག་འཛིན་པའི་ཁ་དོག་གིས་གངས་རིའི་མདོག་ཀྱང་དམར་པོར་བསྒྱུར་བའི་མཛད་ཕྲིན་བྱུང་། སྙིང་པོའི་དོན་ཉམས་སུ་ལེན་པའི་ཆོས་བརྒྱུད་ངོ་མཚར་ཅན་འཕེལ་བ་ལའང་འབའ་རོམ་བཀའ་བརྒྱུད་དུ་གྲགས།
གདན་ས་འདི་ཉིད་ལོ་རྒྱུས་ཀྱི་བཞུར་རྒྱུན་ནང་འཕེལ་འགྲིབ་ཅི་རིགས་བྱུང་བ་ལས། དིང་གི་དུས་ན་གྲུབ་པའི་སྐྱེས་བུ་སྐྱོ་བྲག་གསལ་བྱེད་རིན་པོ་ཆེས་སླར་གསོ་གནང་བས་དགེ་འདུན་གྱི་སྡེ་འཕེལ་བཞིན་བཞུགས་པ་ལགས་སོ། །
དྭགས་པོའི་ཞལ་སློབ་གྲུབ་ཆེན་འབའ་རོམ་པའི།།
བསྟན་པའི་ཞུར་རྒྱུན་གླིང་འདིར་མ་ནུབ་ཚེ།།
གཞན་དབང་སྤྲིན་ནག་མུན་པའི་ར་བ་ལས།།
མྱུར་དུ་གྲོལ་ཏེ་རང་ཚུགས་བཟུང་ན་ལེགས།།