པདྨ་དགོས་འབྱོར།
ཅུང་ཟད་བྲེལ་ཟིང་ནམ་ཟླར།།
ཁྱར་ཁྱོར་སྙན་ངག་ལོ་མ།།
ལྷགས་པས་གར་བདས་མེད་འདྲའི།།
གློ་བུར་སྣང་སེམས་སྦྲིད་བྱུང་།།
ཉན་ན་ཡ་རབས་ལུགས་བཟང་།།
གཏམ་གྱི་ཆུ་མོ་རྒྱུགས་འོང་།།
བལྟས་ན་འཇིག་རྟེན་སྲིད་པ།།
འགྲན་བརྩོད་ཡོ་ལང་འཚུབ་ཀྱི།།
ཐང་ལྷོད་རན་པོ་མིན་པའི།།
ས་གཞིའི་འཁོར་བསྐྱོད་གཞིགས་ན།།
རིང་མིན་མི་ཆོས་ལུགས་བཟང་།།
བར་སྣང་འཇའ་འོད་མིན་ནམ།།
མཁར་རྒན་འཚེར་བ་མེད་ཚོས།།
བུ་ཕྲུག་སྣང་མེད་གཏོང་གི།
མཛོད་བུ་རང་དགར་སྤྱད་རྗེས།།
བཀའ་བཀྱོན་གནང་བ་མི་འོས།།
ཇོ་མོ་གླང་མའི་མཁུར་མཚོས།།
རྔུལ་ཆུས་བརླན་འདུག་ཟེར་གྱི།།
མཐའ་ཡི་རྒྱ་མཚོ་ཆེན་པོས།།
སྐྱོ་བའི་དབུགས་རིང་འཐེན་ནམ།།
གནམ་ན་གནམ་གྲུའི་འུར་སྒྲ།།
ས་ན་སྣུམ་འཁོར་འུར་སྒྲ།།
གནམ་ས་འུར་སྒྲས་ཁེངས་དུས།།
འཇིག་རྟེན་འུར་གྱི་འཇིག་རྟེན།།
གླེང་ན་སྡེ་ཡི་གཏེ་བོ།།
མ་གླེང་འཇིག་རྟེན་གླེན་པ།།
འདིས་འགྲིག་དེས་ཆོག་དབེན་པའི།།
འཇིག་རྟེན་སྣལ་མ་ནོངས་པ།།
ཤར་གྱི་སྨིན་ལེགས་ན་ཟླ།།
ནུབ་ཀྱི་ཤོག་བུས་མ་བསླུ།།
ཉི་ཟླའི་དར་མཚོན་འོག་ནས།།
ཕ་མེས་ཟུངས་ཁྲག་བརླག་འོང་།།
པདྨ་དགོས་འབྱོར་པས་དུས་ཀྱི་འགྱུར་བ་ཁག་གཅིག་བློས་བླངས་ཐོག་བྲིས། 11/04/2021