ཁ་བ་མཚོ།
ཆར་བ་ཆད་སོང་། མིག་ཆུ་ཡང་མཉམ་དུ་ཆད་དམ།
ད་དུང་ཡོད་ཡོད་འདྲ་བའི་འཁྲུལ་སྣང་འདི་དག
སེམས་ཀྱི་ངོས་ལ་ཕབ་པའི་རྨ་ཁའི་རི་མོ་ཞིག་དང་འདྲ་བར།
ཇི་ལྟར་རྙིང་ནའང་ན་ཟུག་མཚམས་འཆད་ཀི་མི་འདུག
ལུག་ཁྱུ་ནམ་མཁའི་སྐར་ཚོགས་བཞིན་བཀྲམ་པའི་རྫ་རི་མཐོན་པོར།
ང་ཁྱོད་ཀྱི་རྗེས་སུ་འབྲངས་ནས་ལུག་འཚོ་བར་འགྲོ་འདོད།
ངས་མིག་ཆུ་དང་མཉམ་དུ་འཚོས་པའི་ལུག་ཁྱུ་དང་རི་ལུང་ཐང་གསུམ།
འཛུམ་དམུལ་དམུལ་གྱི་ཕུ་བོ་ལགས་བརྗེད་ཐབས་མི་འདུག
ལུག་རྒྱ་གཞིས་སྨུག་གཞིས་དང་ཀ་གཞིས་སྔོ་གཞིས་མ་ཁོར་བར་ང་ཡང་ཡང་ངུས་པ་དང་།
ལུ་གུ་དང་ལག་ག་ལག་མོ། ཐུང་ང་ཚེར་མོ། ཤ་བཟན་སོགས་ལུག་དང་འབྲེལ་བའི་ཐ་སྙད་མང་པོ་ཞིག
སེམས་ངོས་སུ་སྐར་མའི་ཟོལ་དུ་ཤར།
ངེད་མིང་སྲིང་གཉིས་ཀས་དབྱར་དགུན་སྟོན་དཔྱིད་བཞི་བོར།
ཞོགས་པའི་ཟིལ་ཆབ་གཤགས། རླུང་དང་བསེར་བུ། ཁངས་དང་ཆར་བ།
རི་གཟར་ཐང་ཆེན་གཏུབ་ནས་ལུག་འཚོས་པ་རེད།
རིམ་གྱིས་ང་ཐག་རིང་ཐག་རིང་རྒྱ་ཡུལ་དུ་ཆས།
དེ་ལས་ཀྱང་ཐག་རིང་བའི་རྒྱ་གར་ལ་ཡོང་ཞིང་།
ཕ་མའི་རེ་བ་དང་རང་གི་འདུན་མར་ཕྱོགས་ནས་འཚོ་བ་ས་མཐར་བསྐྱལ།
དུས་སྐད་ཅིག་མ་ཞིག་ལ་ངས་ནམ་ཡང་བརྗེད་པར་དཀའ་བའི་གཏམ་ངན་ཞིག་ཐོས།
དུས་སྐད་ཅིག་མ་དེ་ངའི་མི་ཚེ་ལ་བསྲིངས།
ལོ་ཟླར་བརྒྱུན་པའི་ང་དང་ཨ་མའི་དྲན་གདུང་གི་ན་ཟུག་རྫོགས་མེད་ནའང་།
ཚ་མོས་ཀ་ངོ་ཡིག་ངོ་ཆོད་ཅིང་ཚ་བུས་ལུག་རྫི་བྱེད་ཐུབ་ཀྱི་འདུག
ཨ་མའི་གདོང་གི་གཉེར་མ་དང་བྱིས་པ་གཉིས་ཀྱི་འཚར་ལོངས།
འགྲན་བསྡུར་གྱིས་ཡོང་བའི་སྐབས་འདིར།
སྐར་ཆེན་ལྟ་བུའི་མིག་འོད་ཅིག་གཟིམ་སོང་།
ངོ་གདོང་གོར་ལ་སྐྲ་ལོ་སིལ་བ།
མིག་ཟུང་ཆེ་ལ་སྒོར་བའི་ཁྱོད་དང་ངེད་གཉིས།
མིང་སྲིང་མིན་པར་གླེང་དུས་ཁྱོད་ཀྱིས་རྡུང་རེས་བྱས་ཤིང་།
ངའང་ངུ་ཞོར་ཁོ་ཚོར་འཐམ་པ་དྲན་གྱི་འདུག
ཉིན་ཞིག་སྲིད་གཞུང་གིས་ཆུ་ཁྲལ་ཁྱེར་ཞོག་ཟེར་དུས།
“ཆུ་འདི་རྫ་ཆུ་བསིལ་མ་རེད།
གངས་རི་དང་རྫ་རིའི་ཁོང་གསེང་ནས་བརྡོལ་བས།
རྒྱ་རྒན་ཚོར་འབྲེལ་བ་ཅི་ཡོད་”ཅེས་བཤད་རེས་བྱས་པ་དྲན།
ཉིན་ཞིག་”རྩྭ་ཁྲལ་དང་ལུག་ཁྲལ་དགོས་ཞེས་ལུག་ཁྱུ་ལ་རྒྱུག་དུས།
ས་ཆུ་རླུང་གསུམ་ང་ཚོའི་ཡིན་ཁྱོད་ཚོ་ཁྲལ་ཞིག་གང་དུ་ཡོད་”ཅེས།
རྒྱ་རྒན་གྱི་ཁ་ཁྲག་སྣ་ཁྲག་བསྐོལ་ནས་མངགས་པ་དྲན།
དམག་མི་ཁྲིད་ནས་ཁྱོད་འཚོལ་བར་ཡོང་དུས།
ཨ་མ་དང་ངེད་ཚོས་”ཁོ་གར་སོང་མ་ཤེས་”ཞེས་གསང་ནའང་།
ཁྱོད་གང་དུ་ཡོང་བའང་མ་ཤེས་པར་”ང་འདིར་ཡོད་”ཅེས་ཡོང་བ་དྲན།
“ཁྱོད་རྒྱལ་ཁབ་ཀྱི་ཁྲིམས་ལ་འགལ་སོང་”ཞེས་ལྕགས་སྒྲོག་བརྒྱབ་ནས་ཁྲིད་སོང་།
དོན་དག་ཆེ་བ་བོད་དོན་དང་ཆུང་བ་ཁྱིམ་དོན་དུ།
ངའི་ཕུ་བོ་གཉིས་ཀ་རིམ་གྱིས་རྒྱ་ཁྲིམས་ཀྱིས་བཙིར་ནས་མནར་བས།
ངའི་འཁོན་སེམས་ཀྱི་རྩ་བ་འབུས་པ་རེད།
ལོ་རྒྱུས་ཀྱི་ཤེས་བྱ་རེ་རེ་དང་དངོས་ཡོད་ཀྱི་དཀའ་ངལ་རེ་རེ།
ཨ་མས་གསུངས་པའི་གཏམ་རྒྱུད་དང་ཕྱིར་དྲན་གྱི་ན་ཟུག་རེ་རེས།
ངའི་བསམ་གཞིག་གི་འཁྱག་རི་ཞུ་མ་ནུས།
༢༠༢༡/༠༩/༡༨ ཉིན།