འབའ་སྲས།
ཉི་མ་ས་ནས་ཤར་བ་མེད་དོ་ཟླ་བ་སྐར་ཚོགས་དེ་བཞིན་ནོ།།
ཉ་མོ་གནམ་ལ་འཕུར་བ་མི་སྲིད་ནགས་བྱིའུ་མཚོ་རུ་ཞུགས་པར་བྲལ།།
རང་རང་གནས་མལ་རིང་དུ་བྲལ་ན་དཀའ་བ་སྡུག་གི་ཁུར་བོ་ལྗིད།།
འོན་ཀྱང་ལས་དབང་རླུང་གིས་བསྐྱོད་པའི་བྱ་ཡི་སྒྲོ་སྤུ་ཀུན་ཏུ་རྒྱུ།།
རི་བོ་མཐོན་པོ་རྩེ་ཡི་དར་ལྕོག་རླུང་གིས་ཟད་པ་ཡ་མཚན་ཅི།།
ས་ཡི་གཏིང་ལ་བརྟན་པོར་བཙུགས་པའི་དར་ཤིང་རུལ་བ་ཤིན་ཏུ་འགྱོད།།
དབྱར་གྱི་རྔ་གསང་ལྡིར་ལྡིར་གྲགས་པ་ཐོས་འཛིན་ལྡན་པ་ཀུན་གྱི་ཐོས།།
སྙན་འཇེབས་ནགས་ཀྱི་གླུ་ཡི་གར་མཁན་གདུང་བའི་སྐྱོ་གླུ་སུ་ཡིས་གོ །
དེ་བས་ཁོ་བོ་མལ་ལས་བྲལ་ཏེ་ཕ་མཐར་བརྒལ་བའི་རི་ལ་ཆས།།
ཤིན་ཏུ་རྒྱང་རིང་མཚོ་མོའི་རླབས་ཀྱིས་བདག་ཡིད་ཝུ་དཀར་ཕྲེང་བར་བརྒྱུས།།
མཚོ་འགྲམ་བྱ་ཁྱུ་རྒོད་པོ་སྟོང་གིས་ང་ཡི་ལུས་པོ་འཇའ་ཡིས་བཀླུབས།།
འོན་ཀྱང་ང་ཡི་རྨི་ལམ་རིང་མོ་མཚོ་འགྲམ་འདི་ནས་རྫོགས་མི་སྲིད།།
གོམ་པའི་འདེགས་འཇོག་རང་གིས་བསྒྱུར་ཀྱང་སེམས་ཀྱི་མེ་རོ་རླུང་གིས་སྦར།།
རང་ཁྱིམ་འཚོ་བའི་དོན་དུ་ཞ་ཡང་འདུན་མའི་ཁྱུང་ཆེན་གངས་ལ་འཕུར།།
གངས་རིའི་གསེབ་ནས་གསར་དུ་བརྡོལ་བའི་ཆུ་ཐིགས་གཅིག་གིས་མིག་མཐའ་བརླན།།
ཀྱེ་ཧུད་བདག་གི་སེམས་ཀྱི་རླབས་ཕྲེང་མདུན་དུ་མི་བསྐྱོད་ཕྱིར་ཕྱིར་ལྡོག །
གྱི་ལིང་རྟ་མཆོག་སྐྱེན་པའི་གོམ་འགྲོས་ས་ལ་བརྡུངས་པས་རྡུལ་དཀར་འཚུབ།།
གཡག་རོག་ཁྲོས་པའི་རྭ་ཡི་རྩེ་མོ་བྲག་ལ་བརྡར་བས་མེ་སྟག་མཆེད།།
ཅེ་སྤྱང་ངུ་བའི་སྒྲ་ངན་གྱིས་ནི་ནགས་སྐྱེས་སྒྲོ་ལྡན་འཇིགས་པར་བྱེད།།
བདག་གི་ཕ་ཡུལ་རི་ལུང་ཐང་གསུམ་མཚོ་ངོགས་ཕུག་པའི་སྦྲ་དཀར་འདྲ།།
ད་ནི་མཛེས་པའི་སྐྱེད་ཚལ་ཡང་ནི་བསིལ་རླུང་འཇམ་པའི་མཚོ་འགྲམ་ནས།།
བདག་ཉིད་བག་མེད་བདེ་བར་སྡོད་པའི་སྐལ་བཟང་མལ་དུ་ཅི་ལྟར་སྡོད།།
ཡིད་འོང་ཚལ་གྱི་མཛེས་སྡུག་མེ་ཏོག་མཚོ་ངོགས་རླབས་ཀྱི་ཕྲེང་བ་ཡང་།།
རྒྱང་རིང་ཡུལ་གྱི་གྲུ་ཟུར་རེ་ནས་ཕ་ཡུལ་དགྱེས་པའི་སྐྱེས་སུ་མཆོད།།
གངས་རི་མི་འཇིགས་སྲོག་གི་སྙིང་ལ་ཁ་བའི་ཕུང་བོ་སྨན་དུ་བསྲིངས།།
སྐྱེད་ཚལ་ནགས་དང་མཚེའུ་རྒྱས་ལ་ཆུ་གཏེར་ཆེན་པོའི་ཟེགས་མ་གཏོར།།
དཔལ་དང་འབྱོར་བའི་བཀྲ་ཤིས་རེ་ཁཱ་དགེ་བའི་རླུང་གིས་བསྐྱོད་པར་བྱེད།།
ཅིས་ཀྱང་མ་ཤི་ལུས་ཀྱི་ལྷག་མ་ཕ་ཡུལ་ཆེད་དུ་བརྟན་པས་ཆོག །
༡༦/༡༡/༢༡ ཉིན་གུང་ལམ་བར་ནས་མཇུག་གྲུབ།
ལམ་བར་ནས་མཇུག་ཡག་པོ་རྫོགས་སོང་ཙིག ཧ་ཅང་སྙན་མོ་འདུག འོན་ཀྱང་། རེ་ཁཱའི་དོན་མ་ཤེས་ཐལ།
རེ་྇ཁྰ་ནི། རྒྱ་གར་སྐད་དུ། རི་མོའམ། ཐིགས་སམ། ཚངས་ཐིགས་ལྟ་བུ་ལ་གོ་དགོས།