རེབ་ཐོག་མདའ།
ཨ་མ་ཞིག་གི་མིག་ཆུའི་བསྐྱལ་མ་ད་དུང་ཡ་ཆུང་ཟབ་སར་བརླན།།
ཕ་ཡུལ་བྲལ་བའི་ཉིན་ནུབ་དེ་ནས་བདག་མེད་རི་དྭགས་སྐྱེས་སུ་ལངས།།
དབུས་ཀྱི་ལྷ་སའི་ཇོ་བོའི་མདུན་ནས་ནུབ་ཀྱི་ཕྱོགས་ལ་སྨོན་ལམ་བཏབ།།
ལ་ལུང་བརྒལ་བའི་འགྲུལ་བཞུད་ཁུགས་ན་ཧི་མ་ལ་ཡི་སྣང་བརྙན་ཞིག །
གངས་རིར་བཞག་པའི་ཞབས་རྗེས་ཁྲོད་ན་གཏམ་རྒྱུད་སྟོང་གི་རྨ་ཁ་ཡོད།།
གོར་ཥའི་གྲུ་ཁའི་རི་འདབས་ཞིག་ནས་ཇ་ནག་རྩམ་སྐྱ་ཟས་སུ་བསྟེན།།
རྒྱལ་ས་རྡི་ལིའི་ཁང་བརྩེགས་སྒང་ནས་ཚ་བས་གདུངས་པའི་སྐད་ཅིག་དེ།
བསམ་ཞིང་བསམ་ན་སྐྱོ་སྐྱོ་འདྲ་ཡང་ད་ལྟ་བསམ་ན་ཧ་ཅང་སྤྲོ།།
རྡ་སའི་རི་གྲོང་རྣ་ཐོས་ཡོད་ཀྱང་མཐོང་བ་བཞིན་དུ་མ་སྣང་ཡང་།།
དགུན་གྱི་གྲང་ངར་ལུས་ལ་སྡང་བ་ཕ་ཡུལ་ཞིག་གི་ཞོགས་ཀ་བཞིན།།
ནགས་ཀློང་སྟུག་པོའི་ངང་ཚུལ་དེ་དང་སྟོད་ཀྱི་གངས་རི་མཐོན་པོ་དེའི།།
ཕ་ཡུལ་དྲན་པའི་གདུང་བ་ཞིག་གིས་འགྱོད་པའི་དབུགས་རིང་ལན་ཅིག་ཤོར།།
ཤ་མར་ཟས་ཀྱི་དྲིི་མ་དང་འགྲོགས་མལ་ཆས་སྲབ་མོའི་འཁྱག་གྲང་ཁྲོད།།
སྣེ་ལེན་ཁང་གི་ཡར་སྦུག་ཅིག་ནས་ཟླ་ཕྱེད་དུས་ཡུན་དམིགས་མེད་ངང་།།
སྐད་རིགས་འདྲ་མིན་ངག་ན་བརྡོལ་བའི་ཆོལ་གསུམ་ཕུ་ནུ་ལྷན་ཅིག་ཏུ།།
༧སྐྱབས་མགོན་བླ་མའི་གསེར་ཞལ་མཇལ་བར་རེ་ཞིང་བསྒུགས་པ་ད་དུང་དྲན།།
ཚོང་ལས་གཉེར་བའི་གྲངས་ཁ་མང་ཡང་སྤུས་དག་ཅ་དངོས་མིག་ལ་དབེན།།
ས་མཐོ་ཁ་དབུགས་གཙང་མར་སྣང་ཡང་མི་གཙང་གད་སྙིགས་ལུད་ལྟར་སྤུངས།།
སྐད་རིགས་སྣ་མང་ངག་ན་སྨྲ་ཡང་ཕ་སྐད་དག་མའི་ལྕེ་ལྡན་དཀོན།།
རི་གྲོང་འདི་ནས་བདག་སེམས་བཞག་པའི་བག་ཆགས་ཐོག་མ་འདི་ལྟར་ཡིན།།
བླ་མ་མཇལ་བའི་ནངས་མོ་དེ་ལ་དགའ་སྐྱོ་ཚོར་བས་ལུས་སེམས་སྦངས།།
གསུང་སྐད་ཐོས་པའི་སྔ་གཞུག་དེ་ལ་སེམས་ཀྱི་སྐྱོ་བ་མིག་ནས་བཞུར།།
རྨི་ལམ་མངོན་སུམ་གང་ཡིན་མ་ཤེས་བདག་གི་བསམ་དོན་གྲུབ་སོང་ཐལ྄།།
ལས་དང་སྟེས་དབང་ཅི་ཡིན་མ་ཤེས་བདག་གིས་བསོད་ནམས་བསགས་འདུག་སྙམ།།
ཕྱི་སྐད་བསླབས་པའི་སློབ་གླིང་དེ་ནས་ཀ་ཁའི་རྣམ་ཤེས་བོར་མྱོང་མེད།།
བོད་སྐད་བོར་བའི་མི་བུར་འགྲོགས་ཀྱང་གཞན་སྐད་བཅོས་མས་བསླུས་མ་མྱོང་།།
གནའ་དེང་ཤེས་བྱ་འབད་པས་བརྩོན་ཡང་སློབ་ཡུན་རེ་ཞིག་རྫོགས་སོང་བས།།
ལོ་ངོ་ལྔ་ཡི་སྐྱིད་སྡུག་ལོ་ཟླར་རིག་པའི་གནས་ལ་ལྷོད་མ་མྱོང་།།
ཕུ་བོ་ཞིག་གི་མིག་ཟུང་འོག་ནས་ས་མཐའི་འཚོ་བ་སྐྱིད་ཐལ་སྙམ།།
སྦྱིན་བདག་ཅིག་གི་ལག་ཟུང་ཡངས་མོས་རིག་གནས་སྦྱངས་པར་ཕན་ཐལ་སྙམ།།
ནང་དོན་རིག་པར་འཇུག་པའི་དྲིན་ལ་སེམས་ལ་ཞི་བདེ་ལྡན་ཐལ་སྙམ།།
གཞན་ཡུལ་འཚོ་བའི་ཀྱོག་ཀྱོག་ཁྲོད་ནས་ང་ཡི་སེམས་པ་ཚིམས་ནས་ཡོད།།
ལོ་ངོ་བཅུ་གཉིས་ཕར་ལ་བགྲོད་ཐལ་ཕ་ཡུལ་ཨ་མ་སེམས་ལ་ཐོགས།།
ཕྱིར་དྲན་ལོ་ཟླ་རབ་རིབ་སྣང་ཡང་མཚམས་རེ་བསམ་གཞིག་ཁུགས་ལ་བཞག །
མི་རྟག་འཇིག་རྟེན་འགྱུར་བའི་གནས་ལུགས་མ་བསམ་བདག་གི་ཡིད་ལ་འཁོར།།
རང་གཞན་བདེ་བའི་དོན་ཞིག་རྩོམ་པར་ད་ནི་དུས་ལ་བབས་འདུག་སྙམ།།
ཕ་ཡུལ་བོར་བའི་ལ་ོཟླ་དེ་ནས་རྡ་སའི་གཞིས་ཀ་སྐྱིད་ཐལ་སྙམ།།
ཕ་མར་གྱེས་པའི་འཚོ་བའི་ཀློང་ནས་བླ་མའི་བཀའ་དྲིན་ཆེ་སོང་ཐལ།།
མྱི་ལུས་རིན་ཆེན་ཕ་མས་གནང་ཡང་མྱི་སེམས་གསོན་པོའི་ཁ་དབུགས་ཤིག །
བདག་ལ་གནང་བའི་ལོ་ཟླ་འདི་དག་མི་བརྗེད་སེམས་ལ་བརྐོས་ཏེ་ཡོད།།
ཕྱི་ལོ༢༠༡༤ ཟླ་༨ ཚེས་༡༩ ཉིན་ལོ་ངོ་བཅུ་གཉིས་སྔ་གཞུག་གི་གནས་སྟངས་སམ་ཚོར་སྣང་དག་ཡི་གེར་ཕབ།
ངོ་མ་སྙན་ཞིང་གོ་བདེ་བོ་ཟེར་ནོ་རེད་བཀའ་དྲིན་ཆེ།
ཡག་པོ་བྲིས་འདུག