ཆང་སྐྱེས། (ཡོ་རོབ་གླིང་ནས)
ཉི་མ་ལ་མོ་བརྒྱབ་སྟེ་རི་ལ་བརྒལ།།
རྒོད་པོའི་གཤོག་འགྱུར་བདེ་མོ་ཐང་ན་ཡལ།།
བསམ་པ་རླུང་ལ་ཞོན་ཏེ་རྒྱང་ལ་ཞོགས།།
སྙིང་གི་འཕུར་ལྡིང་མགྱོགས་མོ་ལག་པས་བསྐྱོར།།
ཟླ་བ་ཁེར་འགྲོ་མཚན་མོའི་མཁའ་ན་འདུར།།
སྐར་ཚོགས་ཕྲ་མོ་གཙང་བོའི་ཆུ་ལ་ལྕེབ།།
ཁྱི་ཚོགས་ཟུག་སྐད་ཕྱི་རོལ་ཁྲོམ་ན་འཕུར།།
སེམས་པ་ལག་ལ་བླངས་ཏེ་ངལ་ཅིག་གསོས།།
མཚན་ལྗོངས་རིང་མོའི་ཁ་དབུགས་ཙག་གིས་བསྡམས།།
རྨི་ལམ་སྒྱུ་མོའི་ཞིང་བཀོད་ཁ་བས་གཡོག།
ཞེན་ཆགས་ལྕི་མོའི་རྡོག་སྒྲ་རི་ལ་འཁོར།།
ཁོར་ཡུག་རི་བོའི་ལྷིང་འཇགས་ཁད་ཀྱིས་དཀྲོགས།།
སྟོད་ཀྱི་རྫ་རི་མཐོན་པོ་སྨུག་གིས་བཟུང་།།
སྨད་ཀྱི་རྨ་ཆུ་སྔོན་མོ་འཁྱག་ལ་འབྱར།།
བར་གྱི་སྤང་རྒྱན་མེ་ཏོག་སད་ཀྱིས་བཅོམས།།
ཁྲུང་ཁྲུང་གཤོག་འགྱུར་ལྷོ་མཐའི་རི་ལ་བསྒྱུར།།
མཁས་བའི་ཐུགས་ལ་བདག་གཞན་ཁྱད་པར་ཆེ།།
ལས་འབྲས་རྒྱ་མ་དཔོན་པོའི་དྲུང་ན་འཁྱོག།
སྐྱེས་བོ་ཕལ་ཆེར་གཡོ་སྒྱུ་རྫུན་ལ་མཁས།།
ཁོར་ཡུག་ཕྱི་ནང་ནག་པོ་ནག་རྐྱང་རེད།།
དབྱངས་གསལ་སོ་བཞིའི་རིན་ཐང་རླུང་ལ་བསྐུར།།
ཕ་སྐད་གསེར་གྱི་ཕྱེ་མ་ས་ལ་བསྲེས།།
ར་མགོ་ལུག་ལ་སྦྱར་བའི་ཨུ་ཚུགས་ཀྱིས།།
ངོ་གདོང་འཛུབ་མོས་བཀབ་སྟེ་ཟློས་གར་འཁྲབ།།
ཆུ་བོ་སྟོད་ནས་འཁྲུངས་ཏེ་སྨད་ལ་བཞུར།།
སྤྲིན་པ་སྨད་ནས་ལངས་ཏེ་སྟོད་ལ་འཕུར།།
ལོ་དང་ཟླ་བ་སྐད་ཅིག་ཅིག་གིས་འདས།།
ཁོ་བོའི་མི་ཚེ་དོན་མེད་རི་ན་རྫོགས།།
༄༅། དཔེ་སྙན་པོ་བྲིས་འདུག་ རང་སྐད་ཡིག་ལ་བདག་གཅེས་གནང་བ་ཐུགས་རྗེ་ཆེ།
ང་ནི་ཁྱེད་ལྟར་ཡག་པོ་རྩོམ་མི་ཤེས་ཀྱང་རང་གི་ཕ་སྐད་ལ་དོ་སྣང་ཤིན་ཏུ་ཆེན་པོ་ཡོད།
ཕ་ཡུལ་ཕྱོགས་ནས་ཡོང་དུས་། སུ་ཡང་ཡིད་ལ་མ་དྲན།
མི་ཡི་ལུང་པར་བསླེབས་དུས། ཕ་མ་སྤུན་གཉེན་དྲན་སོང།