བསམ་གླིང་ཚེ་རིང་ལྷ་མོ།
ཀུན་གཟིགས་པན་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་མཆོག་གི་བཀའ་དྲིན་དྲན་པ།
བྱིས་པའི་དུས་ནས་གུང་ཁྲན་གཞུང་གི་གཡོ་སྒྱུའི་འཕྲུལ་གྱིས་སྐྱོར་ནའང།།
དཔའ་བོའི་མི་རིགས་བདེན་པའི་ཞལ་རས་གསལ་འདོད་ཉིད་ཀྱི་དམ་བཅའ་ལགས།།
སྐྱེ་ཆེན་དམ་པའི་ལོ་རྒྱུས་རིང་མོ་ནག་པོའི་ཐིག་གིས་མི་བཀུ་བར།།
བོད་མིའི་སྐྱིད་སྡུག་ཁྲི་བདུན་ཡིག་འབྲུས་རྒྱ་དམར་གདོང་རིས་ཐང་ལ་བུད།།
ཁྲག་གིས་སྐོར་བའི་འཁོར་ལོའི་འབྱུང་རྩ་རྒྱ་དམར་སྡུག་རྩུབ་བྱེད་ལས་ཀྱིས།།
ཉིད་ཀྱི་ཐུགས་ལ་གདུང་བའི་འོ་འདོད་སྐད་ཅིག་ཙམ་ཡང་བཀག་ཐབས་བྲལ།།
དབུལ་ཞིང་ཕོང་པའི་བོད་འབངས་དུ་མས་སྡུག་བསྔལ་མཆི་མ་ཁྱེད་ལ་ཞུར།།
བོད་མིའི་སྐྱིད་སྡུག་ལ་ཁའི་ཉི་མར་ཉིད་ཀྱི་ཐུགས་རྒྱུད་ཅིག་ཏུ་འབྲེལ།།
བདེན་པའི་དཔའ་བོ་ཕར་སྤྱང་ཚོགས་ཀྱིས་མུན་ནག་བཙོན་གྱི་སྒོ་ཁར་རྫངས།།
བདེན་པའི་སྟོབས་ཤུགས་རྫོགས་མཐའ་མེད་ཀྱང་རྔམ་ནག་སྤྲིན་གྱིས་ཉི་འོད་སྒྲིབ།།
བདེན་པ་བདེན་པར་ཡིད་བརྟན་བཅོལ་ཀྱང་བདེན་པ་འགྲོ་བའི་ལམ་བུ་མེད།།
བདེན་པའི་དོན་ཆེན་མ་བདེན་ཚིག་གིས་སྒྲུབ་པའི་བློ་སྟོབས་ཁྱེད་ལ་འཁྲུངས།།
ལོ་དགུའི་བཙོན་ལས་ཁྱེད་ཀྱིས་མྱང་ཡང་སྤྲིན་དང་བྲལ་བའི་ཟླ་འོད་བཞིན།།
རང་གི་རིག་གཞུང་སྲུང་སྐྱོབ་དགོས་པའི་དཔའ་བོའི་རྒད་རྒྱངས་ཡང་ཡང་བསྒྲགས།།
སྐུ་ཚེའི་དུས་སྐབས་ཕྲན་ཚེགས་ཙམ་ཡང་རང་ཅག་བོད་མིའི་ལ་རྒྱ་རྩོད།།
ཆོལ་གསུམ་བོད་མིའི་ཡིད་ཀྱི་བདེ་བ་སྤྲིན་བྲལ་ཉི་མར་དོ་ཙམ་བྱུང།།
ཐུགས་ཀྱི་དགོངས་པ་རྒྱ་མཚོའི་ཀློང་ལྟར་ཐབས་རྒྱ་ཇུས་སྟོང་ལ་བརྟེན་ནས།།
རྒྱ་ནག་གུང་ཁྲན་གཡོ་སྒྱུའི་འཁྲུལ་ལ་རྒོལ་ལན་ཇུས་ཀྱིས་སློག་གནང་མཛད།།
བོད་འབངས་སྐྱེ་བོར་མ་ནོར་ལམ་སྟོན་སྒྲོན་མེ་ཁྱེད་ཀྱིས་སྟེགས་ནས་ནི།།
ཆོས་དང་རིག་གཞུང་ཉམ་ཐག་གཞིས་པར་མུན་ནག་ཁྲོད་ཀྱི་ཟླ་འོད་འཕྲོ།།
ས་རོ་རྡོ་རོའི་དགོོན་སྡེ་དག་ཀྱང་རྔ་བུབ་དུང་ཆེན་ཆོས་ཀྱི་སྒྲས།།
དད་ལྡན་སྐྱེ་བོའི་སོར་བཅུའི་འདབ་མ་སྙིང་ཁར་སྦྱར་ནས་ཁྱེད་ལ་བསྟོད།།
རྒྱ་ཡི་རིག་གཞུང་འདུན་མར་བླངས་ནས་རང་རིགས་འཁྲུལ་བར་བཞུགས་པའི་སྐབས།།
དབྱར་གྱི་རྔ་སངས་སྒྲོགས་པའི་དབྱངས་ལྟར་༸པན་ཆེན་མཆོག་གི་བཀའ་ནན་ཟབ།།
རང་གི་རིག་གཞུང་རིན་བྲལ་ནོར་བུ་ངེས་པར་སྦྱོང་དགོས་བཀའ་དང་གཅིག
རང་སྐྱོང་རང་གིས་སྐྱོང་བར་བསྐུལ་བའི་རིན་བྲལ་བཀའ་སློབ་མང་དང་གཉིས།།
རང་གི་མི་རིགས་རླབས་ཆེན་ཡིན་པའི་བདེན་སྤོབས་རྒད་རྒྱངས་སྒྲོགས་དང་གསུམ།།
དཔལ་ལྡན་བླ་མ་མཁྱེན་པའི་མངའ་བདག་པན་ཆེན་དྲིན་ཅན་ཁྱེད་ལ་བསྟོད།།
ཇི་ལྟར་ཁྱེད་ཀྱི་ཐུགས་དགོང་དྭངས་མོས་གུང་ཁྲན་བྱ་དཀའ་བྱེད་གཏད་གྱུར།།
གསང་གསུམ་མཛད་པ་འཕྲིན་ལས་རྒྱས་པས་རྒྱ་དམར་སྙིང་གི་ན་ཟུག་འཕར།།
དབྱེན་སྦྱོར་དཀྲུག་ཤིང་བྱེད་ལ་མཁས་པའི་རྒྱ་དམར་དུག་གི་སྡོང་པོ་ནས།།
དུག་གི་ཚེར་མ་གང་སར་བཀྲམ་པས་བོད་མིའི་སྙིང་གི་གོང་བུར་ཟུག
རྒྱ་དམར་སྦྱོར་རྩུབ་རིམ་པར་གཤམས་པའི་ཇུས་ཀྱི་དུག་རླངས་འབར་དང་གཅིག
ཆབ་སྲིད་རིག་པའི་མཐོང་རྒྱ་ཆུང་བའི་རང་ཅག་བསོད་ནམས་དམན་དང་གཉིས།།
རང་ཅག་བོད་མིའི་མི་དགེའི་ལས་དང་རྐྱེན་གྱི་འབྲས་བུ་སྨིན་དང་གསུམ།།
༸པན་ཆེན་སྣང་བ་མཐའ་ཡས་འདི་ཉིད་ནུབ་རིའི་ཕང་བར་མྱུར་བར་གཟིམས།།
སྐུ་ཉིད་འདུལ་བྱའི་དོན་དུ་གཤེགས་པའི་མྱ་ངན་མཆི་མ་ཤར་ཤར་ཞུར།།
གངས་ལྗོངས་རིག་གཞུང་དོ་སྙོམ་ལམ་བུ་དེ་ནས་ཆུང་ནས་ཆུང་དུ་སོང།།
རིག་པའི་རྒད་རྒྱངས་བསྒྲོགས་པའི་དཔའ་བོ་རྒྱུ་སྐར་ཁྲོད་ཀྱི་ཟླ་འོད་ཉིད།།
གླིང་གཞན་གཤེགས་པས་གངས་ལྗོངས་སྐྱེ་འགྲོ་མུན་ནག་གདུང་བའི་ཁུར་གིས་མནར།།
རྗེས་ཤུལ་འཛིན་པའི་དཔའ་བོ་སེང་གེ་གངས་ལྗོངས་ཡུལ་དུ་ཡོད་ན་ཡང།།
རྒྱལ་གཅེས་དཔའ་བོར་གསོད་རྡུང་མནར་གཅོད་གང་འདོད་བྱེད་པ་འགོག་མཁན་མེད།།
གནས་རི་རྩ་ཆེན་གཏེར་ཁ་བསྔོག་པར་སུ་དང་གང་ལ་འཛེམ་ས་མེད།།
དཔའ་བའི་ཉམས་ཀྱིས་བདེན་དོན་སྐྱོང་ནུས་བླ་མ་ཁྱེད་ལས་གཞན་དུ་ཅི།།
བླ་མ་དམ་པ་པན་ཆེན་མཆོག་གི་བཀའ་དྲིན་ཡིད་ལ་ལྷང་ལྷང་དྲན།།
དྲན་པའི་འཆར་སྒོ་ཡི་གེར་བསྐོས་པས་ཉིད་ཀྱི་མཛད་འཕྲིན་ག་ལ་རྫོགས།།
ཅུང་ཟད་བྲིས་པས་ཡིད་ཀྱི་འདུན་པ་ཁེངས་པའི་སྤོབས་པ་བདག་ལ་འཆར།།
ནོར་དང་འཁྲུལ་པ་ཇེ་སྙེད་ཡོད་པ་བཟོད་གསོལ་སེམས་ཀྱི་གཏིང་ནས་ཞུ།།
གཉིས་པ། ཆུང་སྲིད་རིན་པོ་ཆེ།
བླ་མ་དམ་པ་ཁྱེད་ཀྱི་ཡང་སྲིད་གངས་ལྗོངས་མ་ཡུམ་པང་དུ་བལྟམས།།
ཐུགས་བསྐྱེད་དཔའ་མཛངས་སྟོབས་ཀྱིས་ཕྱུག་པའི་བྱ་བྲལ་བླ་མ་རིན་པོ་ཆེས།།
འོས་སྤྲུལ་ཇི་ཡོད་༸སྐྱབས་གཅིག་གོང་ས་མཆོག་༸གི་སྙན་ལ་སྒྲོན
མཁྱེན་པའི་ཡི་ཤེས་སྤྱན་གྱིས་གཟིགས་པས་དགེ་འདུན་ཆོས་ཀྱི་ཉི་མ་གསལ།།
འཁྲུལ་དང་བྲལ་བའི་རྒྱལ་སྲས་གཅུང་པོ་གངས་ལྗོངས་ཡུལ་དུ་ཕེབས་པ་ན།།
ཤེས་ལྡན་བོད་འབངས་དད་པའི་གླུ་ཡིས་བདེ་སྐྱིད་འཚོར་བས་ཁྱབས་འགྱུར་ཀྱང།།
རྟ་བདུན་དབང་པོའི་འཛུམ་མདངས་གྲོལ་ཚེ་འབྱུང་པོའི་བྱ་ལ་ཡིད་མུག་གྱུར།།
རྒྱ་དམར་རྩིང་སྤྱོད་དུག་སྦྲུལ་ནག་པོའི་རང་གཟུགས་འཛམ་གླིང་སྤྱན་སྔར་སྟོན།།
བསྟན་འཛིན་སྐྱེ་བོ་པད་མའི་གཉེན་དེས་མཁའ་ལ་ཐོག་མེད་འགྲོད་པ་ན།།
ནག་ཕྱོགས་གཟའ་ཡི་སྦྱོར་རྩུབ་ངན་པས་སྐྱེ་བོའི་བདེ་སྐྱིད་འཕྲོག་ལ་བརྩོན།།
གུང་ཁྲན་དམར་པོ་ཁ་སྐྱེངས་འཇིགས་པས་གླག་གིས་ལུ་གུ་བཟུང་བ་ལྟར།།
ཆུང་སྲིད་དགེ་འདུན་ཆོས་ཀྱི་ཉི་མ་འཛམ་གླིང་སྐྱེ་བོའི་མདུན་ནས་འཕྲོག
ཤེས་བྱའི་གནས་ལ་སྦྱང་པ་བྱེད་པའི་དུས་བཟང་ཐོབ་རྒྱུ་ཕར་ལ་ཟད།།
དགུང་ལོ་དྲུག་ནས་རང་རིགས་དང་བྲལ་བཙོན་འཇུག་གདུང་བ་ནར་མར་མྱོང།།
ད་ལྟ་སྐུ་ཉིད་འཚོ་དང་མ་འཚོ་བོད་འབངས་ཡིད་ལ་གདུང་བས་མནར།།
སྐུ་ཉིད་དེ་རིང་གངས་ལྗོངས་ཡུལ་དུ་འཁྲུངས་པའི་དུས་བཟང་ཡིན་ལགས་ཀྱང།།
དགའ་སྐྱིད་གླུ་གར་བདེ་བར་རོལ་བའི་གནས་ཤིག་འདི་ན་རྙེད་ཐབས་མེད།།
འཁྲུངས་སྐར་ཡིན་དང་འདས་མཆོད་ཡིན་གཉིས་ད་དུང་ཡིད་གཉིས་ཐེ་ཚོམ་གྱུར།།
འཁྲུངས་སྐར་ཤིས་ཚིག་སྙན་རྒྱུ་མེད་ཀྱང་གདུང་བའི་ཡིད་ཀྱི་འབོད་སྒྲ་ཙམ།།
པཎ་ཆེན་རིན་པོ་ཆེ་བ༧སྟན་འཛིན་དགེ་འདུན་ཡེ་ཤེས་ཕྲིན་ལས་ཕུན་ཚོགས་དཔལ་བཟང་པོ་མཆོག་གི་སྐུའི་འཁྲུངས་སྐར་ལ་བཀྲིས་བདེ་ལེགས་གྲངས་མེད་ཞུ་བ་ཆབ་ཅིག།་རང་ཅག་ཁ་བ་རི་བའི་སྐྱེ་འགྲོ་ཡོངས་ཀྱི་བསོད་ནམས་ཀྱི་གོ་སྐལ་དམན་པའི་ཆུང་སྲེད་མཆོག་རྒྱ་དམར་གྱི་འདྲི་ལག་ཏུ་ཚུད་ནས་ངན་དགུ་ཚང་བའི་བྱ་སྤྱོད་འདི་ཚོ་འཛམ་གླིང་མི་མང་གི་འདུན་སར་སྟར་ཐུབ་པ་བྱེད་རྒྱུ་ནི་རང་ཅག་བོད་མི་ཙམ་ཟན་ཡོངས་ཀྱི་ལྡོག་ཏུ་མེད་པའི་ལས་འགན་ཤིག་ཡིན་པར་ཤེས་པར་བྱེད་དགོས།
ད་ལྟ་སྐུ་ཉིད་འཚོ་དང་མ་འཚོ་བོད་འབངས་ཡིད་གདུང་གིའ་མནར་བས། །
འཁྲུངས་སྐར་ཡིན་དང་འདས་མཆོད་ཡིན་གཉིས་ད་དུང་ཡིད་གཉིས་ཐེ་ཚོམ་གྱུར། །
༄། པཎ་ཆེན་རིན་པོ་ཆེའི་བརྟེན་འབྲེལ་གྱི་ཆེད་སྐུ་ཡི་འཁྲུངས་སྐར་ལ་བཀྲིས་ཀྱི་མེ་ཏོག་རྒྱན་སྟེ་བསུ་བ་ཞུ་ཡི་ཡོད།་ ཧ་ཅང་གི་དོག་པ་ཆེ་པོ་ཞིག་ནི་པཎ་ཆེན་རིན་པོ་ཆེ་སྐུ་འཚོ་བཞུགས་ཡོད་དམ་མེད་ང་ཚོ་ལ་ཤིན་ཏུ་ནས་སྐོག་སྒྱུར་ཡིན། ང་ཚོ་གངས་ཅན་པ་ཡོངས་ཀྱི་ངེས་པར་དུ་ཐུགས་བསམས་བཞེད་སྟེ་ཁོང་སྐུ་འཚོ་བཞུགས་ཡོད་དམ་མེད་འཚོལ་དགོས་ཀྱི་ཡོད།