སྲོང་བཙན་བུ།
གཅིག མི་མང་སྡེབ་ལངས་ཀྱི་གླེང་བསླངས་འདུག
རང་ལུས་མེར་བསྲེག་གི་ལས་འགུལ་ལ་གདུང་སེམས་མཉམ་སྐྱེད་ཡོད་ཅེས་ང་ཚོས་ཤོད་ཀྱིན་ཡོད། ང་ཚོ་ཁྱེད་ཚོའི་མཉམ་དུ་ཡོད་ཅེས་ང་ཚོས་ལབ་བཞིན་ཡོད། ཡིན་ནའང་། ང་ཚོས་རང་ལུས་མེར་སྲེག་གི་ལས་འགུལ་འདིའི་འཕྲོ་མཇུག་ཏུ་རྩ་དོན་འཐབ་རྩོད་འདི་བཟང་ཐག་ངན་ཐག་ཆོད་པ་ཞིག་བྱེད་དགོས་པ་རེད་ཟེར་མཁན་མང་པོ་རེད་དེ། ཐབས་བྱུས་དང་ལྟ་ཚུལ་བཏོན་ཡོང་མཁན་ཉུང་ཉུང་རེད། “ད་ནི་བོད་མི་ལོངས་ཤོག །གདོང་དམར་བོད་པ་ལོངས་ཤོག །ཆེ་ཆུང་ཡོད་ཚད་ལོངས་ཤོག །མི་ཆེན་བླ་ཆེན་ལོངས་ཤོག །” “ད་
ད་ལྟའི་དུས་འདི་ལ། བཙན་བྱོལ་མི་མང་སྡེབ་ལངས་ཀྱིས་བོད་ལ་ལོག་པའི་ལས་འགུལ་གྱི་བསམ་ཚུལ་ཐོག་མར་སྤེལ་མཁན་དེ། བསམ་གླིང་ཚེ་རིང་ལྷ་མོ་ལགས་རེད། ཁོང་མོས། ད་ནི་ང་ཚོ་མི་རེ་ངོ་རེ་རྫུ་བག་གི་འོག་ནས་སྡོད་མི་རུང་བར་སྐུལ་ཏེ་གླེང་བསླངས་སོང་། ད་ནི་བཙན་བྱོལ་བོད་མི་སྡེབ་ལངས་བྱས་ཏེ་བོད་ལ་ལོག་འགྲོ བླ་ཆེན་མི་ཆེན་ཡོངས་ནས་སྣེ་འཁྲིད་གནོངས་དང་། ཚང་མ་སྡེབ་གཅིག་ལ་བོད་ལ་ལོག་འགྲོ་ཞེས་གླེང་བསླངས་སོང་། འཛམ་གླིང་མི་མང་ང་ཚོའི་བདེན་རྒྱབ་ཏུ་ཡོད་སྟབས། དྲག་གནོན་ལ་དེ་ཙམ་སྐྲག་དགོས་མེད་པའི་གནས་ལུགས་དང་། ཞི་འགྲིག་ཟེར་བའི་གཏམ་ཞིག་ལ་སྒུག་ནས་སྡོད་རན་མིན་པར། ད་ནི་དབུ་མའི་ལམ་ལ་རྐང་པ་སྒུལ་དགོས་པའི་དུས་ལ་སླེབས་འདུག་པ་དང་། རྒྱ་ནག་གི་རྩ་ཁྲིམས་འོག་ལ་སྡོད་རྒྱུ་ཡིན་ན། ད་ནི་སྡེབ་ལངས་བྱས་ནས་ལོག་འགྲོ་ཞེས་དང་། ད་ནི་མེ་ལྕེ་འབར་བཞིན་པའི་དུས་སྐབས་འདི། སྡེབ་ལངས་ཀྱི་དུས་ཚོད་ཡག་ཤོས་ཤིག་ཡིན་པས། བླ་ཆེན་དང་མི་ཆེན། མཁས་ཆེན་གང་ན་སུ་ཡོད་ནས་རྫིག་ཉམས་བསྟན་ནས་མི་འདུག་པར། ང་ཚོ་སྡེབ་ལངས་བྱེད་པའི་གྲོས་ཞིབ་གནང་རོགས་གནང་དང་ཞེས་བཙན་བྱོལ་བོད་མིའི་མཐོ་ས་དང་བར་ས། དམའ་ས་ཚང་མ་འགུལ་དགོས་པའི་གླེང་བསླངས་སོང་། “བོད་མིའི་དབུ་འཕང་མཐོ་དུས། །སྐྱབས་མགོན་རྒྱལ་བའི་དབང་པོ། །དེ་དུས་རང་ཡུལ་ཕྱོགས་ལ། །ག་ལེར་གདན་འདྲེན་ཞུ་ཆོག །” འདི་ཡང་ཚེ་རིང་ལྷ་མོའི་གླེང་སློང་སྙན་ངག་དེའི་ནང་གི་ཚིག་དུམ་གཅིག་རེད། ༸གོང་ས་ཡེ་ཤེས་ནོར་བུ་བོད་ལ་གདན་འདྲེན་ཞུ་བ་དེ་བོད་ལ་དོན་དམ་གྱི་རང་དབང་ཉི་མ་ཞིག་ནམ་འཆར་བ་ཡིན་ན། དེ་དུས་གདན་འདྲེན་ཞུ་དགོས་པ་འདི། བོད་མི་ས་ཡ་དྲུག་ཚང་མའི་སེམས་ནང་གི་རེ་བའི་ཉིན་མོ་དེ་ཡིན། རང་ལུས་མེར་བསྲེག་གནང་མཁན་ཚོས་ཀྱང་བོད་ལ་སྐྱིད་པའི་ཉི་མ་འདི་འཆར་བའི་ཆེད་དུ་རང་གི་ལུས་སྲོག་བློས་གཏོང་གནང་ཡོད།
གཉིས། མི་མང་སྡེབ་ལངས་ཀྱི་གནད་གླེང་འདུག
བསམ་གླིང་ཚེ་རིང་ལྷ་མོས་མི་མང་སྡེབ་ལངས་ཀྱི་སྙན་ངག་༼བྱེས་འཁོད་བོད་མི་ལོངས་ཤོག༽ཅེས་པས་གླེང་བསླངས་པ་དེ་ནས། དྲ་ངོས་ཀྱི་མི་ཚོས་མི་མང་སྡེབ་ལངས་ཀྱི་སྐོར་གཅིག་རྗེས་གཉིས་མཐུད་དུ་གླེང་སོང་། དེ་ནི་པྱོགས་བསྡོམས་ཞུ་རིན་ཡོད་པའི་གླེང་སྟངས་ཤིག་རེད། ཁོང་ཚོའི་གླེང་རིམ་ནི། “སྣེ་ཁྲིད་མཁན་མི་བུ་ཞིག་ཡོད་ན་ལངས་རྐྱང་ཡིན” ཞེས་པ་ནས་ “སྡེབ་ལངས་བྱས་ན་སྡེབ་གསོད་བྱེད་ཀྱི་རེད།”ཅེས་པའི་བར་རེད།
དྲ་ངོས་ཀྱི་གླེང་མཁན་དག་གིས། “གཞིས་བྱེས་བོད་རིགས་སེར་སྐྱ་མཆོག་དམན་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་བ་རྣམས་དང་བཅས་པ་བཙན་འོག་ན་ཨ་ཆད་ཨུ་ཐུག་པའི་ཉམ་ཐག་བོད་མི་སྡུག་བསྔལ་ལས་སྐྱོབས་ཆེད་སྡེབ་ལངས་ཆེན་མོ་བྱེད་རྒྱུ་འཕྱིས་མེད་ནའང་སྔ་དྲག་མེད་པས། ཆོས་འཆད་ཉན། དབང་བྱིན་རླབས། དཔལ་འབྱོར་འདུ་འགོད། བསྔོ་བ་སྨོན་ལམ། རང་མལ་འཁྲིས་ནས་མར་མེ་ཁྲོམ་སྐོར་དང་། ཇ་ཁང་འཁྲིས་ནས་སྡར་མའི་ངར་སྐད་སོགས་ཙག་ཙིག་གིས་ཆོག་མི་འཛིན་པར། རྒྱ་གྲམ་དམར་པོ་དང་། རྒྱལ་དར་དམར་པོ་གར་ཡོད་དེར་ལོངས་ལ། བླ་ཆེན་རྣམས་ཀྱི་གཟི་བརྗིད། དཔོན་ཆེན་རྣམས་ཀྱི་མངའ་ཐང་། རྒྱུ་ཆེན་རྣམས་ཀྱི་དཔལ་འབྱོར་། དཔའ་ཡོད་རྣམས་ཀྱི་དཔའ་ངོམ། མཐུ་ཡོད་རྣམས་ཀྱི་མཐུ་རྩལ། མདོར་ན་ཡོད་ཚད་བེད་སྤྱོད་བྱེད་པའི་དུས་ལ་སླེབས་ཡོད། ལོངས་ཤོག ལོངས་ཤོག ལོངས་ཤོག།” ཅེས་དང་། “ལངས་དགོས་པ་བདེན་པ་རེད། འོན་ཀྱང་འཆར་གཞི་དང་བཀོད་སྒྲིག་མེད་ན་ང་ཚོ་ལ་ཁ་ཕྱོགས་མི་འདུག ང་ཚོ་ལ་སྣེ་ཁྲིད་མཁན་མི་འདུག དེ་མེད་ན་ནུས་པ་མི་ཐོན་པ་མ་ཟད་མི་ཚང་མས་ལྟ་སྟངས་ཡ་མཚན་པ་ཞིག་བཟུང་ནས་ཡོང་གི་འདུག་པ་མཐོང་ཆོས་སུ་གྲུབ་ཡོད། ཉེ་ཆར་གླིང་ཚ་ཚེ་བརྟན་རྡོ་རྗེའི་ཨ་མ་གཙུག་ལག་ཁང་ལ་ཡོང་ནས་ལས་འགུལ་སྤེལ་གྱི་ཡིན་མཉམ་དུ་འགྲོ་ཟེར་དུས་མི་གཅིག་ཀྱང་ཡོང་མཁན་མེད་པ་དཔེ་མཚོན་ཙམ་ཡིན། དྲ་ཐོག་ནས་ལངས་དགོས་ཟེར་མཁན་དང་། ལོངས་ཤོག་ཟེར་མཁན་ཚོས་སྣེ་འཁྲིད་ཀྱི་མི་འདུག སྣེ་འཁྲིད་མཁན་མགོ་སེར་པོ་ཅན་ཞིག་མི་ཡོང་། མིག་ལྗང་ཁུ་ཅན་ཞིག་མི་ཡོང་།” འདི་ལྟར་གླེང་དང་གླེང་བཞིན་པ་རེད།
བསམ་གླིང་ཚེ་རིང་ལྷ་མོས། སྡེབ་ལངས་སྐོར་གྱི་གླེང་བསླངས་པ་དེ་མཇུག་ཏུ་གསལ་བཤད་མཆན་བུ་སྤེལ་བ་ནི། “ད་སྣེ་འཁྲིད་མཁན་མི་བུ་གཅིག་གཉིས། ཚོགས་པ་གཅིག་གཉིས། ལངས་མཁན་དེ་མི་གཅིག་གཉིས། ལངས་ཡུན་དེ་ཉི་མ་གཅིག་གཉིས་ཀྱིས་ཡོང་ཐབས་རྩ་བ་ནས་མི་འདུག སྒྲིག་འཛུགས་ཀྱིས་གཏན་འབེབས་བྱས་པའི་འོག་ནས་རྒན་སྐྱོར་གཞོན་འཁྲིད། ཡང་ན་བཅོ་བརྒྱད་དྲུག་བཅུ། ཡང་ན་ཐེམ་རེའི་མི་རེ་བྱས་ནས་བོད་དུ་བསྐྱོད། བོད་ནས་ཀྱང་ཟས་བཅད་ངོ་རྒོལ་ལ་སོགས་ལོ་ནས་ལོ་བསྟུད་ནས་བྱེད་དགོས་ཀྱི་འདུག”ཅེས་སྡེབ་ལངས་དེ་མིང་ཙམ་མིན་པར། ལངས་པ་དང་བོད་ལ་སླེབས་ཐུབ་པའི་ཆོད་སེམས་ཀྱིས་ལངས་དགོས་པ། བོད་ལ་སླེབས་ནས་ཀྱང་རང་དབང་བདེ་སྐྱིད་ཀྱི་ཉི་མ་མ་འཆར་བར་ཟས་བཅད་ངོ་རྒོལ་སོགས་ཀྱི་ལས་འགུལ་ལོ་དང་ལོ་བསྟུད་ནས་བྱེད་དགོས་པར་གླེང་འདུག
གསུམ། མི་མང་སྡེབ་ལངས་ཀྱི་ལམ་གླེང་འདུག
རྒྱལ་ཚོགས་ཀྱི་སྒོ་འགྲམ། རྒྱ་གར་གྱི་རྡི་ལི། མེག་ལོར་གྱི་ཁྲོམ་གཞུང་བཅས་ནས་སྐད་འབོད་བྱས་པ་རེད། ཟས་བཅད་ངོ་རྒོལ་བྱས་པ་རེད། མར་མེའི་ཁྲོམ་སྐོར་བྱས་པ་རེད། སྐད་འབོད་བྱས་པ་རེད། མི་ཁྲི་དུ་མ་རྡི་ལིར་འཛོམས་ནས་ཉིན་གཉིས་གསུམ་ལ་སྐད་འབོད་བྱས་མྱོང་བ་རེད། འདི་ཚང་མ་ང་ཚོས་སྤེལ་ཚར་བའི་ལས་འགུལ་རེད། ལས་འགུལ་ཆུང་ཤོས་ནས་ཆེ་ཤོས་བར་རེད། ཡིན་ནའང་། དོན་དངོས་དམར་རྗེན་དུ་བཤད་ན། ལོ་རེ་བཞིན་གྱི་གསུམ་བཅུ་དུས་དྲན་གྱི་སྐད་འབོད་ཁྲོམ་སྐོར་གྱི་མི་གྲངས་ཀྱང་ཇེ་ཉུང་ལ་འགྲོ་བཞིན་པ་རེད། བོད་ནང་ནས་བོད་མི་དགུ་བཅུ་གོ་ལྔས་རང་ལུས་མེར་བསྲེགས་བཏང་བ་རེད། གནས་ཚུལ་དེ་གོ་ཐོས་བཞིན་མར་མེ་ཁྲོམ་སྐོར་དང་མཆོད་འབུལ་འཚོག་གི་ཡོད་པ་རེད། གནས་ཚུལ་གོ་ཐོས་བྱུང་མཁན་ཚང་མ་འཛོམས་ཀྱི་འདུག་གམ། མ་གོ་བ་ཡིན་ན་གནས་ཚུལ་ཁ་ཁ་རེད། ང་ཚོས་སོ་སོའི་གནས་སྟངས་ལ་རྩིས་ཤིག་རྒྱག་དགོས་པ་རེད། ང་ཚོའི་གནས་སྟངས་འདི་ཏག་ཏག་ཅིག་རེད་ཡོད་དམ། ད་ནི་བཙན་བྱོལ་ནང་གི་མི་མང་ནས་ལས་འགུལ་གཅིག་སྤེལ་རྒྱུར་ལྷག་ཡོད་པ་ནི་སྡེབ་ལངས་ཀྱིས་བོད་ལ་ལོག་རྒྱུ་འདི་རེད།
བསམ་གླིང་ཚེ་རིང་ལྷ་མོས།༼རླབས་ཆེན་གྱི་རང་ལུས་མེར་སྲེག་ལས་འགུལ་ལས་འཕྲོས་པའི་གླེང་སློང་༽ཞེས་པའི་ནང་། ”ད་ཆ་ང་ཚོར་གདམས་ཁ་གཉིས་ཡོད། གཅིག་ནི་བཙན་བྱོལ་བ་ཡོད་དོ་ཅོག་ནས་སྡེབ་ལངས་ཀྱིས་རང་ཡུལ་ཕྱོགས་སུ་ལོག་དགོས་པ་དེ་ནུས་པ་ཆེ་ཤོས་མཐོང་། མི་ཁག་གཅིག་གིས་དེ་ལྟར་ཡིན་ན་༡༩༥༩ལོར་དཀའ་བ་སྤྱད་ནས་བཙན་བྱོལ་གཞུང་ཚུགས་པའི་དགོས་པ་གང་ཡོད་སྙམ་སྲིད། དེ་ནི་དགོས་པ་ཡོད་དེ། སྐབས་དེ་དུས་ང་ཚོས་འཐབ་རྩོད་ཇི་ལྟར་བྱས་ཀྱང་སྦྲང་མ་སྦར་བཙིར་བཏང་བ་ལྟར་ལས་མེད་པས་བྲོས་བྱོལ་གྱི་ལམ་བུ་དེ་ལེགས་ཤོས་ཡིན། གཉིས་ནས་ད་ལྟ་བོད་ཀྱི་རྩ་དོན་འཛམ་གླིང་ནང་ཁྱབ་གྲགས་ཆེན་པོ་བྱུང་ཚར་བས་རྒྱ་དམར་གྱིས་ང་ཚོའི་རྩ་དོན་ཁྲིམས་ལུགས་འཁྱོག་བརྗོད་ལ་བརྟེན་ནས་རྒྱལ་སྤྱིའི་སྟེང་ནུས་མེད་ཤུལ་མེད་གཏོང་ཐབས་བྲལ་བ་རེད། བསམ་དགོས་པ་གཙོ་བོ་དེ་ང་ཚོས་སྡེབ་ལངས་བྱས་ན་ང་ཚོའི་ཚེ་སྲོག་གང་ཙམ་ཞིག་ཤོར་སྲིད་པ་རེད། འོན་ཀྱང་ང་ཚོས་ཞི་བ་ཁོ་ནར་བརྟེན་པས་དྲག་པོའི་གདོང་ཐུག་སྒོ་ཀུན་ནས་མ་ལྷག་པའི་ཐབས་ཤེས་བྱ་དགོས་པ་དེ་གལ་ཆེན་པོ་ཡིན། དེ་འདྲའི་གཅིག་སྒྲིལ་དང་བློས་གཏོང་ཞིག་ལ་འཁྱུད་ཚེ་བཙན་བྱོལ་སྒྲིག་འཛུགས་ཀྱི་དགོས་འདུན་བོད་མིའི་རང་སྲིད་རང་སྐྱོང་ཞིག་ཆེ་ཆུང་ལ་མ་ལྟོས་པར་ཐོབ་ཐུབ་པའི་རེ་བ་ཆེན་པོ་རེད།”ཅེས་དང་། ”གདམས་ཁ་གཉིས་པ་ནི་ང་ཚོས་ལོ་རྒྱ་ཕྲག་ཁ་ཤས་བཙན་བྱོལ་དུ་སྒུག་སྡོད་བྱེད་རྒྱུ་དེ་རེད། དེ་དུས་ང་ཚོའི་དཀའ་ངལ་དེ་བོད་ནང་གི་ཚེ་སྲོག་མུ་མཐུད་འཕྲོ་བརླག་འགྲོ་བ་དང་། བཙན་བྱོལ་དུའང་གཞན་དབང་སྟབས་བསྟུན་གྱི་དཀའ་ངལ་རིམ་པས་འཕྲད་སྲིད།” ཅེས་པ་འདིར་ང་ཚོས་བསམ་གཞིགས་བྱེད་པའི་རིན་ཐང་ངེས་ཅན་ཞིག་ལྡན་པར་མཐོང་།
“རྒྱ་ནག་དམར་ཤོག་གི་ཕ་རྒན་མའོ་ཡིས་བཟོ་པ་དང་ཞིང་པར་སྐུལ་སློང་བྱས་ནས་དམག་འཐབ་བྱས་ཡོད།” ཚིག་འདི་བསམ་གླིང་ཚེ་རིང་ལྷ་མོས་༼སྡེབ་ལངས་དགོས་པའི་རྒྱབ་ལྗོངས་དང་དེའི་འཕྲོས་གླེང་༽དུ་སྤེལ་བའི་ཚིག་རེད། མའོ་ཙེ་ཏུང་ལ་འགྲན་བཟོད་པའི་བསམ་སྟངས་འདི་ཡང་རླབས་ཆེན་རེད་འདོད།
གོང་གསལ་ལྟ་ཚུལ་འདིའི་ཡོང་སྣེ་གཤམ་གྱི་དྲ་བྱང་འདི་དག་ན་ཡོད།
https://www.khabdha.org/?p=37920
https://www.khabdha.org/?p=38182#more-38182
https://www.khabdha.org/?p=38343
བོད་ནང་ལོག་ནས་སྡེབ་ལངས་ཡར་ལངས་སོགས་གང་ཡང་བྱེད་མི་ཉན་གི དེ་ལས་སྐྱབས་བཅོལ་ན་ཡོད་པའི་བོད་པ་ཡོད་དོ་ཅོག་རང་ཡུལ་ལ་ལོག་འགྲོ་བའི་ཞི་བའི་གོམ་བགྲོད་བྱས་ན་ང་ཚོ་ལ་འབྲས་བུ་ཞིག་ཡོད་རྒྱུ་རེད། དེ་ཡང་མཐོ་ས་ནས་རྒྱལ་བ་རིན་པོ་ཆེ་ནས་བཟུང་དམའ་ས་ནས་མྱི་སྡོམ་ང་ལྟ་བུ་ཚང་མ་སྡེབ་གཅིག་ལ་གོམ་བགྲོད་བྱས་ནས་འགྲོ་དགོས་འདུག ལྟ་ཚོད་ལ་མི་མང་ཁྲི་དུ་མ་ཞིག་བོད་ལ་ལོག་འགྲོ་བའི་གོམ་བགྲོད་བྱེད་ཐུབ་ན་བར་ཡུལ་ནས་ཤ་ཁྲག་རུས་གསུམ་བཞིན་བཙོན་བཅུག་བྱེད་རྒྱུ་མ་རེད་བསམ། དེ་ནས་བལ་བོད་ས་འཚམས་ལ་སླེབས་དུས་སྤོད་པ་ཆེན་པོས་ངངས་གོམ་པ་རང་སའི་ཐོག་ལ་སྤོ་པར་བྱ་དགོས་ལ་སྐབས་དེར་རྒྱ་ནག་མཐའ་སྲོང་དམག་མིས་ང་ཚོ སྡེབ་གསོད་བྱེད་ཁག་པོ་རེད། གལ་སྲིད་སྡེབ་གསོད་བྱས་ན་ཡང་དེ་དུས་འཛམ་གླིང་མི་མང་གི་མིག་སྔོན་ལ་དེ་ལས་ལྷག་པའི་གནས་ཚུལ་ཞིག་ང་ཚོ་ལ་སྟོན་རྒྱུ་མེད་པ་དེ་རེད།
བོད་པ་ཚང་ལ་བློ་སྟོབས་དང་སེམས་ཤུགས་ཡོད་བོད་ལ་ལོག་འགྲོ་ཟེར་བའི་ལས་འགུལ་ཞིག་གཞུང་ཐོག་ནས་འགོ་འཛུགས་རོགས། མཐོ་བླ་མ་ནས་དམའ་མྱི་སྡོམ་དང་། ཆུང་བྱིས་བ་ནས་རྒན་རྒོན་ཚང་མ་ལོག་འགྲོ། འགྲོ་མི་ཐུབ་མཁན་ཚོ་མོ་ཊ་ནང་ལོག་འགྲོ། གལ་སྲིད་དེ་ལྟ་བུའི་ས་གནམ་འགུལ་བའི་ལས་འགུལ་ཞིག་བྱེད་མ་ཐུབ་ན་ནི་སྐུ་མཁྱེན་བོད་ནང་ལ་འུར་མ་རྒྱག་རོགས། ཁོང་ཚོས་ང་ཚོ་ལ་རེ་བ་ཆེན་པོ་ཞིག་བཅིངས་ནས་རང་གི་སྲོག་ཡང་མེ་ལ་འབར་བཞིན་པ་དེ་རེད།
བསམ་གླིང་མ་བློ་བདེ་བོ་ཡོང་ས་ཡོད། དྲང་མོར་བཤད་ན་མི་དགའ། དབྱུག་པ་ཕྱར་ན་ཁྱི་མི་དགའ་ཟེར་བ་ལྟར། མོའི་ལྷག་བསམ་གྱི་འབོད་སྐུལ་ལ། དཀྱོགས་ལོག་འགྲེལ་ལོག་ཚོད་མེད་བྱས་སོང་། མོ་རང་སྙིང་རྗེ།
ས་སྒང་སྟེང་ནས་ས་སྒང་རིག་ནི་ཞིག་དང་། བར་སྣང་འཁམ་ནས་ས་སྒང་རིག་ནི་གཉིས་ཀྱིས་གླེང་དོན་གཅིག་ན་ཡང་། མཐོང་ཆོས་མི་གཅིག་པས། ད་རེ་སྲོང་བཙན་བུས་བར་སྣང་ནས་ཞལ་གཅིག་གཟིགས་ཡོད་པ་འདྲ།
ངའི་རྩིས་འཁོར་ལ་རྩ་ཕོག་ནས་ཁ་བརྡ་ཚང་གི་དག་མཆན་མེད་པ་བཟོས་བར། ངས་རྩིས་འཁོར་འདི་ཏག་ཏག་མི་འཇོག་ཁོ་ཐག་ཡིན། ད་རེ་ཡི་ནོར་འཁྲུལ་འདི་ལ་ཀུ་ཡངས་ཡོད་པར་ཞུ། ཁ་བརྡ་ཚང་།
སྡེབ་ལངས་བྱེད་རྒྱུ་ལས་སླ་མོ་ཞིག་འུ་ཡིན་ནམ་་་དྲིན་ཆེན་ཚོ།
སྡེབ་ལངས་བྱས་ན་སྡེབ་གསོད་རྩ་ནས་མི་བྱེད་པའི་བདེན་ཚོད་ཅི་ཙམ་ཡོད།
སྡེབ་ལངས་བྱས་ན་་རང་སྲིད་རང་སྐྱོངས་ཐོབ་པའི་རྒྱབ་ལྗོངས་ཅི་ཡོད།
བོད་ལ་ལོག་གི་ཡིན་ཟེར་ནས་སྡེབ་ལངས་བྱས་ནས་སོང་ཡང་་་འགྲོ་མ་ཐུབ་ཚེ་རྒྱ་གར་གཞུང་གིས་སླ་ཡང་སྐྱབས་སྐྱོར་ལ་ལན་གྱིན་འེ་རེད་་་འདང་རྒྱོབས་དྲིན་ཆེན་ཚོ།
ཁ་བརྡ་ཚང་། ཁ་བྱང་སྟེག་ཉེས་བྱས་ནས་མཆན་ལ་མཆན་སྒོ་མེད་པར་ལུས་སོང་། ད་དུང་ཁ་བརྡ་ཚང་ལ་སུན་པོ་ཟོས་ཡོད་ན་ཀུ་ཡངས་ཡོད་པར་ཤོག།
སྡེབ་ལངས་བྱེད་དགོས་ཟེར་མཁན་དང་དེ་རྒྱབ་སྐྱོར་གྱི་དཔྱད་གཏམ་སྤེལ་མཁན་ནི། སེམས་ཁམས་ལ་སྐྱོན་ཡོད་པ་རྐྱང་རྐྱང་རེད། སྡེབ་ལངས་སུས་བྱེད་ཀྱི་རེད་དམ། དེ་ལས་གནད་འགག་ཆེ་བ་ནི་སྡེབ་ལངས་བྱས་ནས་ནུས་པ་ཐོན་གྱི་རེད་དམ། མཇུག་འབྲས་ག་རེ་ཡོང་གི་རེད་དམ། གྱོང་གུད་དེ་སུ་ལ་ཐེབས་ཀྱི་རེད་དམ།
སྡེབ་ལངས་བྱས་ན་ནུས་པ་ཐོན་གྱི་ཡོད་ན། སྔ་ས་ནས་སྣེ་ཁྲིད་ཀྱིས་བྱས་ཟིན་ཡོད་ཀྱི་རེད། སྡེབ་ལངས་ཕར་ཤོག་དེ་སྔོན་བོད་བར་གོམ་བགྲོས་མགྲོ་མཁན་མ་བཏང་བར་བཀག་པ་མ་ཟད། བར་ལམ་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ཀྱིས་རྒྱ་མིའི་རྒྱལ་དར་འཁྱེར་ནས་བོད་བར་གོམ་བགྲོས་བྱེད་ཐབས་བྱས་ཀྱང་བོད་ནང་མ་འཛུལ་གོང་ལ་བལ་པོས་བཀག་ཏེ་ད་ལྟ་བཙོན་ཁང་དུ་ཡོད་པ་ཤེས་དགོས། རང་དབང་དུ་བསྡད་ནས་ཁ་བདེ་པོ་མ་བཤད་ན་ལེགས་ཀྱི་རེད།
སྡེབས་ལངས་བྱས་ན་ཕན་ཐོག་ཆེན་པོ་ཡོད་ཡོད་པ་རེད། དཔེར་ན་དབྱིན་ཇིའི་གཞུང་གིས་ལོ་ངོ་༢༥༠ཙམ་གྱི་རིང་རྒྱ་གར་བཙན་བཟུང་བྱས་པའི་མཇུག་མཐར་གྷན་ངྷི་མཆོག་གིས་དབུ་ཁྲིད་ནས་མི་དམངས་སྡེབས་ལངས་བྱས་ནས་ད་གཟོད་རྒྱ་གར་ལ་རང་བཙན་ཐོབ་པ་ལྟ་བུ་རེད། ཡིན་ནའང་ང་ཚོའི་བོད་ལ་མཚོན་ན་གྷན་ངྷི་ལྟ་བུའི་དབུ་ཁྲིད་ཡོད་ཀྱང་རྒྱ་གར་མི་དམངས་ནང་བཞིན་ཆིག་སྒྲིལ་གྱི་ནུས་བ་མེད་པའི་རྐྱེན་གྱིས་ད་ལྟའི་བར་འདི་ལྟར་ལྷག་པ་རེད། ༢༠༠༨ ལོར་གཞོན་ནུ་ཚོགས་པས་དབུ་ཁྲིད་ནས་བོད་བར་དུ་ཞི་བའི་གོམ་བགྲོད་བྱེད་དུས་བཙན་བྱོལ་ནང་གི་མི་དམངས་ག་ཚོད་མཉམ་ཞུགས་བྱས་ཡོད་དམ། ༢༠༡༢ ལོའི་སུམ་ཅུ་དུས་དྲན་ཉིན་གླིང་ཚ་མ་བུ་གསུམ་གྱིས་ཞི་བའི་གོམ་བགྲོད་བྱེད་དུས་དེ་ལ་རྒྱབ་སྐྱོར་བྱེད་མཁན་ག་ཚོད་འདུག ངོ་རྒོལ་བྱེད་མཁན་ག་ཚོད་འདུག དེ་ཚང་མ་ང་ཚོ་བཙན་བྱོལ་བ་རྣམས་ལ་ཆིག་སྒྲིལ་གྱི་ཆོད་སེམས་བརྟན་པོ་མེད་པའི་རྐྱེན་གྱིས་རེད། ད་དུང་བོད་དོན་རྩོད་རྒྱུ་དེ་མི་མང་དཀྱུས་མ་དང་ཚོགས་པ་སྒེར་བ་ཞིག་གི་འོས་འགན་ལས་ཁ་ཤོམ་འཐེན་མཁན་གྱི་ལས་བྱེད་ཚོ་ལ་འགན་མེད་པ་ཡིན་ནམ།
ལྷ་སྲས་ཐ་ཆུང་བདེན།
གཙོ་བོ་བཙན་བྱོལ་བ་ཚོ་སེམས་ཐག་ཆོད་མ་ཆོད་ལ་རག་ལུས།
དགེ་ཆོས་ཀྱིས།
མངོན་གྱུར་རྟགས་ཀྱི་བདེན་པ་ངོ་སྤྲད་ཀྱང་།
ངམ་ནག་བཞིན་གྱི་གཉེར་མ་མི་སངས་པ།
མདོར་ན་ཕྲག་དོག་ཅན་གྱི་སྐྱེས་བུ་དེའི།
དགའ་བའི་དངོས་པོ་གཞན་གྱིས་རྒུད་པ་ཉིད།
ཕྲག་དོག་ཁྲག་གིས་ཉོས་པའི་མྱོས་པའི་ཨུ་ཚུགས་སྟག།
འཇིགས་པའི་ང་རོ་སྒྲོགས་པའི་ཚང་ཚིང་ན།
གཅུག་པུར་ལུས་པའི་བདེན་པའི་བུ་ཆུང་ལ།
ཤེས་རབ་ཅན་གྱིས་སྙིང་རྗེའི་ཡུལ་དུ་དགོངས་།ཅེས་ཀྱང་ཐོས་སོ།
ངས་བསམ་ན་བཙན་བྱོལ་ནང་ཆིག་སྒྲིལ་མེད་པ་མ་རེད། སྤྱི་ཚོགས་གང་དུ་ཡིན་ནའང་ལྟ་བ་མ་མཐུན་པ་དང་ངོ་རྒོལ་བྱེད་མཁན་ཡོང་སྲིད་པ་རེད། དབུ་མའི་ལམ་དང་རང་བཙན་རྩོད་མཁན་གཉིས་ནི། ལྟ་བ་མི་འདྲ་བ་མ་གཏོགས་གཉིས་ཀའི་ཕུགས་བསམ་དང་དམིགས་ཡུལ་ནི། བོད་ལ་བདེ་སྐྱིད་ཞིག་་བྱུང་ན་བསམ་པ་རེད། དེ་མིན་གྱི་བོད་གཞུང་ལ་ངོ་རྒོལ་བྱེད་མཁན་དང་རྒྱབ་གཏོད་བྱེད་མཁན་ནི་རྒྱ་མཚོའི་ནང་གི་ཆུ་ཐིག་ཙམ་རེད། འོན་ཀྱང་སྡེབ་ལངས་བྱེད་པར་ང་ཚོའི་ཁ་གཏད་ནི། ངོ་ཚ་ཁྲལ་གཞུང་མེད་པའི་སྡིག་པ་མིག་བཙུམ་བྱེད་མཁན་སྐྱག་རྫུན་ཅན། རྒྱལ་སྤྱི་སུ་ལའང་འཇིགས་སྣང་དང་སྐྲགས་སྣང་མ་བྱེད་མཁན་གཡོ་སྒྱུ་ཅན་ཞིག་རེད། ང་ཚོའི་ཁ་གཏད་དབྱིན་ཇི་དང་ཨ་རི་སོགས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་བསྟུན་མཁས་བྱེད་མཁན་ཞིག་ཡིན་ན། སྡེབ་ལངས་བྱས་ཆོག་གི་རེད། འཛམ་གླིང་གི་རྒྱལ་ཁབ་སུ་འདྲ་ཞིག་ཡིན་རུང་དམག་རྒྱག་སར་རྒྱག་གྲོགས་པོ་བྱེད་སར་བྱེད་ཐུབ་མཁན་མང་ཆེ་བ་རེད། འོན་ཀྱང་རྒྱ་ནག་གཞུང་དེ་ནི།
སོ་སོའི་སྐྱོན་ཛ་མ་གང་པོ་སྦས་མིའི་སྐྱོན་ཟ་རུ་གང་པོ་གནམ་ལ་འཕྱར་མཁན་ཞིག་རེད། བོད་དེ་རྒྱ་ནག་གཞུང་གིས་བཙན་འཛུལ་བྱས་ནས་ལོ་ངོ་ལྔ་བཅུ་ལྔ་གྲངས་ལས་འགྲོ་གི་མེད་པའི་ཁར་བོད་ནང་གི་བོད་མི་ཚོར་སྡུག་སྦྱོང་མནར་གཅོད་དང་དྲག་གནོན་འོག་དཀའ་སྡུག་མྱོང་བཞིན་ཡོད་པ་མཐོང་རྒྱུ་ཡོད་པ་ཞིག་ཡིན་ནའང་བོད་བཙན་བྱོལ་བྱས་པའི་གནད་དོན་དེ་རྣ་བའི་རྒྱབ་ཏུ་བཏང་སྟེ།་དེ་སྔ་དམག་ཆེན་གཉིས་པའི་སྐབས
ཉི་འོང་གི་རྒྱ་ནག་ལ་བཙན་འཛུལ་བྱས་པའི་ལོ་རྒྱུས་རྙིང་པར་འཁོན་འཛིན་བྱེད་པ་ནི།་ཧམ་གཤེད་ཅན་ཞིག་ཡིན་པ་ཤེས་གསལ་རེད། བྱས་ཙང་བོད་མི་ཚོ་སྡེབ་ལངས་བྱས་ན་ངོ་ཚ་ཁྲེལ་གཞུང་མེད་པའི་རྒྱ་མིའི་གོ་མཚོན་འོག་སྡེབ་གསོད་འགྲོ་རྒྱུ་རེད། བོད་མི་སྡེབ་གསོད་བྱས་པ་དེར་འཛམ་གླིང་གི་རྒྱལ་ཁབ་སུ་ང་ཚོའི་རྒྱབ་ཏུང་ལངས་ཏེ་རྒྱ་ནག་ལ་ཁ་གཏད་བཅོག་གི་རེད་དམ། ཉིན་མོའི་རྨི་ལམ་མ་གཏོང།
་་་་་་ བྱས་ཙང་བོད་མི་ཚོ་སྡེབ་ལངས་བྱས་ན་ངོ་ཚ་ཁྲེལ་གཞུང་མེད་པའི་རྒྱ་མིའི་གོ་མཚོན་འོག་སྡེབ་གསོད་འགྲོ་རྒྱུ་རེད། བོད་མི་སྡེབ་གསོད་བྱས་པ་དེར་འཛམ་གླིང་གི་རྒྱལ་ཁབ་སུ་ང་ཚོའི་རྒྱབ་ཏུང་ལངས་ཏེ་རྒྱ་ནག་ལ་ཁ་གཏད་བཅོག་གི་རེད་དམ། ཉིན་མོའི་རྨི་ལམ་མ་གཏོང། ་་་་ཟེར།