གནས་ཚུལ་གཏོང་མཁན། ཙ་ཡུས་ཕུན་ཚོགས།
༢༠༡༣ ལོའི་ཟླ་༡༢ ཚེས་༧ ཉིན་སུད་སི་ས་གནས་ཛུ་རིག་ནང་༼བསམ་བློ་བརྗེ་རེས་དང་སྤོབས་པ་མཉམ་བསྐྱེད་ཀྱི་བགྲོ་གླེང་༽ཐེངས་༡༢ པ་ཚོགས་ཡོད་པ་དང་། ཐེངས་འདིའི་བགྲོ་གླེང་ནང་སུད་སི་དང་ལིཀ་ཏེན་སིཊཡན་བོད་རིགས་མི་མང་ས་གནས་གྲོས་ཚོགས་ཀྱི་འཐུས་མི་རྣམས་ཆེད་དུ་གདན་འདྲེན་ཞུས་ཏེ་ས་གནས་འཐུས་མི་སོ་སོའི་ཉམས་མྱོང་དང་། ས་གནས་ཁག་ནང་ལས་དོན་གནང་ཕྱོགས་ཐད་བགྲོ་གླེང་གནང་ཡོད་འདུག
ཐེངས་འདིའི་བགྲོ་གླེང་ནང་ཆེད་དུ་སུད་སི་ས་གནས་གྲོས་ཚོགས་ཀྱི་ཚོགས་གཙོ་གཞོན་གཉིས་གཙོས་པའི་འཐུས་མི་རྣམས་གདན་འདྲེན་ཞུས་ཐོག མི་མང་སུམ་བཅུ་ལྷག་མཉམ་ཞུགས་ཀྱིས་བགྲོ་གླེང་དབུ་འཛུགས་གནང་སྟེ། ༼བོད་མི་རིགས་ཀྱི་སྤྱི་ཚོགས་ཁྲོད་དཀའ་སྡུག་ལ་མ་འཛེམས་པར་ལོ་དང་ཟླ་བ་བསྟུན་ནས་ཞབས་ཞུ་སྒྲུབ་བཞིན་པའི་འཐུས་མི་དག་གི་མི་ཚེ་ཉམས་མྱོང་དང་འབྲེལ་བའི་སྤྱི་ཚོགས་གནད་དོན་སྐོར།༽ ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་གནང་ཡོད་པ་དང་། བརྗོད་གཞི་འདིའི་ཐོག་འཐུས་མི་རྣམས་ཀྱི་བསམ་ཚུལ་དང་ཉམས་མྱོང་སོགས་སྔོན་དུ་གླེང་རྗེས། མི་མང་གི་དྲི་བ་དང་བསམ་ཚུལ་ལྷུག་བརྗོད་གནང་སོང་ལ། བགྲོ་གླེང་འདིའི་ཐོག་ས་གནས་འཐུས་མི་རྣམས་དང་མི་མང་གི་བསམ་ཚུལ་འདྲ་མིན་སླེབས་པའི་ཁྲོད། སུད་སི་དང་ལིཀ་ཏེན་སི་ཊཡན་བོད་རིགས་མི་མང་གི་ས་གནས་འཐུས་ཚོགས་ཞེས་པ་འདི་ནི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྒྲིག་གཞིའི་འགྲོ་རིམ་འོག་བཙུག་པའི་གཞུང་འབྲེལ་ས་གནས་འཐུས་ཚོགས་ཤིག་ཡིན་པ་དང་། ས་འཐུས་འདི་ཉིད་བོད་པའི་རྩ་དོན་སྒྲུབ་ཕྱོགས་ཐད་ཧ་ཅང་གལ་ཆེན་ཡིན་སྟངས་མི་མང་གིས་ཧ་གོ་དགོས་པ་མ་ཟད། མ་འོངས་པར་མི་མང་ཚང་མའི་འགན་ཁུར་བའི་ཐོག་ནས་སྐབས་བཅུ་དྲུག་པའི་ས་གནས་འཐུས་མི་འོས་འདེམས་གནང་དགོས་པ་ཤིན་ཏུ་གལ་ཆེན་ཡིན་སྐོར་དང་། ང་ཚོའི་སྤྱི་ཚོགས་ནང་ཕན་ཚུན་སྐྱོན་བརྗོད་གནང་མཁན་མང་པོ་ཡོང་གི་ཡོད་ཀྱང་། དོན་དངོས་ཐོག་སྤྱི་ཚོགས་ནང་ལག་ལེན་གནང་མཁན་ཤིན་ཏུ་ཉུང་ཉུང་ཡིན་པ་འདི་ནི་དཀའ་ངལ་ཆེ་ཤོས་ཡིན་པ། ས་འཐུས་ཁ་ཤས་ཀྱིས་ས་གནས་ཁག་ནང་འགན་ཏག་ཏག་འཁུར་གི་མེད་ཚུལ་སོགས་སྤྱི་ཚོགས་ཀྱི་དཀའ་ངལ་མང་པོ་ཞིག་གི་ཐོག་བགྲོ་གླེང་གནང་སོང་།
སུད་སི་ནང་༼བསམ་བློ་བརྗེ་རེས་དང་སྤོབས་པ་མཉམ་བསྐྱེད་ཀྱི་བགྲོ་གླེང་༽ཞེས་པ་འདི་བཞིན་སུད་སི་ནང་གནས་བཞུགས་བཀྲ་ཤིས་དཔོན་ཚང་དང་། དཀོན་མཆོག་བཀྲ་ཤིས། གླུ་རྒྱལ་དོན་གྲུབ་གསུམ་གྱིས་དང་བླངས་ཐོག་ཕྱི་ལོ་ ༢༠༡༡ ལོའི་ཟླ་དྲུག་པའི་ནང་འགོ་འཛུགས་ཀྱིས་ད་ལྟའི་བར་བགྲོ་གླེང་ཐེངས་༡༢ གོ་སྒྲིག་ཞུས་ཡོད་པ་དང་། ཐེངས་རེ་རེར་སྤྱི་ཚོགས་ཀྱི་དཀའ་གནད་མང་པོ་ཞིག་གི་ཐོག་རང་མོས་བགྲོ་གླེང་གནང་སྟེ། སུད་སི་ནང་བོད་རིགས་མི་མང་ཁྲོད་ཆབ་སྲིད་དང་། རིག་གནས། བོད་དོན་འཐབ་རྩོད་བཅས་ཀྱི་གོ་རྟོགས་མི་དམན་པ་སྤེལ་ཐུབ་ཡོད་པའི་ངོས་འཛིན་གནང་བཞིན་ཡོད་འདུག
སེམས་ཤུགས་དེ་ག་ནས་བྱུང་པ་རེད།།
སེམས་ཤུགས་དེ་གནམ་ནས་ཟག་པ་རེད།།
སེམས་ཤུགས་དེ་གང་ན་འགྲོ་གི་རེད།།
སེམས་ཤུགས་དེ་ཨམ་ཕྲག་ནང་འགྲོ་གི་རེད།།