དགའ་ལྡན་ཚེ་རིང་།
༄༅།། ཕྱི་ལོ་ ༢༠༢༡ ལོའི་སྲིད་སྐྱོང་འོས་བསྡུར་བཞེངས་རྒྱུའི་གསལ་བསྒྲགས་གནང་ཟིན་མཁན་རྣམས་ལོ་མང་ཕྱག་ལས་གནང་ནས་ཕེབས་བསྡད་པ་ཤ་སྟག་ཡིན་སྟབས་གུས་པས་ཚང་མར་གུས་བརྩི་ཞུ་ཡི་ཡོད།
སྲིད་སྐྱོང་གི་ཞབས་སྟེགས་འདི་ཧ་ཅང་གལ་གནད་ཆེ་བས་བཞེངས་ཀྱི་ཡིན་གསུང་མཁན་དེ་ཚོའི་ཁྲོད་དུ།
- ད་ལྟའི་དུས་ཀྱི་དགོས་མཁོ་དང་འཚམས་ཤིང་། བཙན་བྱོལ་བོད་མིའི་སྤྱི་ཚོགས་འདི། ལོ་བཅུའི་སྔོན་གྱི་སྤྱི་ཚོགས་ནང་བཞིན་འཆམ་མཐུན་བཟོ་ཐུབ་མཁན་དང་།
- ༸གོང་ས་༸མཆོག་གི་དགུང་ལོའི་བབས་དང་། དེའི་གནད་འགག་རང་བཞིན་མཐོང་ཐུབ་མཁན།
- བོད་ནང་འབྲེལ་བ་ཆེ་ཞིང་། བོད་ནང་གི་དངོས་ཡོད་གནས་སྟངས་མཁྱེན་མཁན།
- གཞིས་བྱེས་གཉིས་ཀའི་བོད་མིས་སེམས་གཏིང་ནས་ཡིད་ཆེས་ཡོད་པ།
- བོད་ཀྱི་ཆོས་དང་རིག་གཞུང་གི་ཞག་རྩི་ཡོད་ཅིང་། ཡ་རབས་སྤྱོད་བཟང་ཐོག་རང་དཔེ་གཞན་སྟོན་ཐུབ་མཁན།
- འདས་པའི་ལོ་རྒྱུས་ནང་ཀུན་སྤྱོད་སོགས་གང་ཅིར་ལབ་གླེང་མེད་པ་བཅས་ཀྱི་ཆ་རྐྱེན་ཚང་བའི་སྲིད་སྐྱོང་ཞིག་སུ་འདུག་བསམ་ནས་མི་གཞན་ལ་གོ་བསྡུར་བྱས། གཙོ་བོ་སོ་སོས་བསམ་བློ་མང་པོ་བཏང་། ཀླད་པ་མང་པོ་དཀྲུགས་པའི་མཐའ་མའི་སྡོམ་དེ། བཀའ་ཟུར་འབྲོང་ཆུང་དངོས་གྲུབས་ལགས་འོས་ཤོས་མཐོང་བས་ཁོང་ལ་འོས་འཕེན་རྒྱུའི་ཐག་གཅོད་བྱས་པ་ཡིན།
བཀའ་ཟུར་ཁོང་གི་མཚན་སྙན་ང་རང་བོད་ནང་ཡོད་སྐབས་ནས་ཐོས་མྱོང་། ལོ་རབས་དགུ་བཅུའི་ནང་གུས་པ་ཆབ་སྲིད་གནད་དོན་གྱིས་རྐྱེན་པས་བོད་ནང་སྡོད་ཐབས་མ་བྱུང་བར་བཙན་བྱོལ་དུ་འབྱོར། སྐབས་དེར་བོད་གཞུང་དགའ་ལྡན་ཕོ་བྲང་གི་ཆེས་མཐོའི་དབུ་ཁྲིད་དང་མཇལ་མོལ་བྱུང་བ་དང་པོ་དེ་འབྲོང་ཆུང་དངོས་གྲུབ་ལགས་ཡིན་པ་དང་། སྐབས་དེ་དུས་ཁོང་བོད་གཞུང་བདེ་སྲུང་ལས་ཁུངས་ཀྱི་དྲུང་ཆེ་རེད་འདུག མཇལ་འཕྲད་སྐབས། ངས་ཁོང་ལ་བོད་ནང་གི་ཡ་ང་བའི་གནས་ཚུལ་སྙན་སེང་ཞུས་བའི་རྒྱུད་རིམ་ཁྲོད། སྐུ་ངོ་མཆོག་གིས་བོད་ནང་གི་བོད་མི་ཚོས་མྱོང་བཞིན་པའི་དཀའ་སྡུག་ལ་ཧ་ལས་པའི་ཐུགས་སྣང་ཆེན་པོ་གནང་སྟངས་དང་། བོད་ནང་གི་གནས་སྟངས་སྤྱི་དང་། ལྷག་པར་རྒྱ་གཞུང་གི་བྱེད་སྟངས་བཅས་ཞིབ་ཚགས་པོས་མཁྱེན་ཐབས་གནང་སྟངས་ལ་ང་རང་ཡིད་སྨོན་ཆེན་པོ་སྐྱེས་ནས། དབུ་ཁྲིད་ཟེར་ན་དེ་འདྲ་ཞིག་དགོས་ཀྱི་རེད་ཨང་བསམ་བཞིན་དུ། རང་ཉིད་ཀྱིས་ལུས་ཐོག་ཏུ་དངོས་སུ་མྱངས་པའི་དཀའ་སྡུག་གི་སྒྲུང་དང་ལོ་རྒྱུས་རྣམས། ཕྲུ་གུ་ངུ་ས་ཨ་མ་ཞེས་པའི་དཔེ་ལྟར་ཁོང་ལ་ཞིབ་ཅིང་ཕྲ་བ་ཞུ་རྒྱུའི་གོ་སྐབས་བྱུང་། ཁོང་མཇལ་བའི་ཉིན་མོ་དེ་ངས་ག་དུས་ཡིན་ཡང་བརྗེད་མི་འདུག
འབྲོང་ཆུང་དངོས་གྲུབ་ལགས་ནི་དངོས་གནས་མི་གཤིས་བཟང་ཞིང་དཔོན་ཉམས་མེད་པ། ཞི་ཞིང་དུལ་ལ་ཐུགས་སྣང་ཆེ་བ། གནས་ཚུལ་ལ་རྒྱུས་མངའ་ཆེ་ཡང་ཐམས་ཅད་ཤེས་མདོག་གི་སྤོབས་པ་མེད་པ་བཅས་མདོར་ན། དུས་དེ་ནས་བཟུང་ཁོང་ནི་ལུས་སེམས་གཉིས་ཀྱི་དཀའ་སྡུག་ཚད་མེད་མྱངས་པའི་ཆབ་སྲིད་བཙོན་ཟུར་ཞིག་ལ་རེ་བའི་བག་ཆགས་གསར་པ་སྟེར་མཁན་ཅིག་ཏུ་གྱུར་བ་མ་ཟད། ཡིད་གཏིང་ནས་བཅོས་མིན་གུས་བཀུར་དང་བསྔགས་བརྗོད་ཀྱང་ཞུ་ཡུལ་གྱི་བོད་གཞུང་གི་དབུ་ཁྲིད་ཅིག་རེད་བསམ་པའི་ཚོར་སྣང་ཟབ་མོ་བྱུང་།
དེ་དང་ཕྱོགས་མཚུངས་འབྲོང་ཆུང་དངོས་གྲུབ་ལགས་ཀྱིས། མི་ལོ་བཅུ་ཕྲག་བཞིའི་རིང་གལ་གནད་ཆེ་བའི་ལྷན་ཁང་གཅིག་གི་ནང་ཕྱག་ལས་གནང་བ་དང་། ཐུགས་འགན་བཞེས་པའི་རིང་ལ་ཡང་ཉེན་ཁར་མ་འཛེམས་པར་བོད་ནང་དངོས་སུ་ཆེད་ཕེབས་ཀྱིས་ལམ་སྟོན་དང་། གཞིས་བྱེས་འབྲེལ་ཟམ་བཙུགས་གནང་ཐུབ་པ་བཅས་ཀྱི་ཕན་ནུས་དེ། དུས་དེང་སང་ཡང་ཐོན་བཞིན་ཡོད། རྒྱུ་མཚན་དེར་བརྟེན་བོད་ནས་ཕེབས་མཁན་ཚང་མས་ཁོང་ལ་སྔར་བཞིན་ཚད་མཐོའི་གདེང་འཇོག་གནང་མུས་དང་། ཚད་མཐོའི་གདེང་འཇོག་དང་ཡིད་ཆེས་ཐོབ་པའི་རྒྱུ་མཚན་གྱིས། འབྲོང་ཆུང་དངོས་གྲུབ་ལགས་ཀྱིས་བོད་ནང་གི་གནས་ཚུལ་ཞིབ་ཕྲ་མཁྱེན་གྱི་ཡོད་པ་དང་། མཁྱེན་ཐབས་གནང་བའི་འབྲེལ་ལམ་དེ་ད་དུང་ཡང་ཡོད་མུས་ཡིན།
གུས་པ་དེ་སྔ་བལ་ཡུལ་དང་རྒྱ་གར་དུ་བསྡད་པའི་སྐབས་གུས་པའི་ལས་ཀའི་ངོ་བོའི་ཆ་ནས་གནད་ཡོད་མི་སྣ་མང་པོ་དང་འབྲེལ་དྲིས་ཡོད་ཅིང་། ཁོང་རྣམས་ཀྱིས་ཀྱང་འབྲོང་ཆུང་དངོས་གྲུབ་ལགས་ཟེར་དུས་མིག་དཔེ་བལྟ་ས་དང་། འབྲོང་ཆུང་དངོས་གྲུབ་ལགས་ཀྱི་ཕྱག་ལས་ཀྱི་ངོ་བོའི་ཆ་ནས་བོད་ནང་གི་གནས་ཚུལ་དང་། བོད་རྒྱ་ཞི་མོལ་གྱི་སྔ་ཕྱིའི་གནས་ཚུལ་ཆ་ཚང་མཁྱེན་མཁན་ཞིག་ལ་གཅིག་གྱུར་ངོས་འཛིན་གནང་གི་འདུག་པ་བཅས། གང་ལྟར་གུས་པའི་ངོས་ནས་གོང་དུ་ཞུས་པའི་རྒྱུ་མཚན་ཁག་དང་། ད་ལྟའི་བཙན་བྱོལ་སྤྱི་ཚོགས་ཀྱི་གནས་སྟངས་བཅས་ལ་བལྟ་དུས། ༢༠༢༡ ལོའི་སྲིད་སྐྱོང་དེ་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་ལགས་སུ་རྒྱབ་སྐྱོར་ཞུ་རྒྱུའི་ཐག་གཅོད་བྱས་པ་ཡིན། རང་རིགས་སྤུན་ཟླ་རྣམ་པས་ཀྱང་ངས་བཤད་པར་གནས་ལུགས་རྒྱུ་མཚན་གཟིགས་ཀྱི་ཡོད་ཚེ། ཁོང་ལ་རྒྱབ་སྐྱོར་གནང་རོགས་གནང་ཞེས་ཆབས་ཅིག་འབོད་སྐུལ་ཞུ་འདོད་བྱུང་།
༸སྐྱབས་མགོན་དགུང་ན་མཐོ་ཞིང་།།
བོད་དང་བོད་མིའི་རྩ་དོན།།
གཉན་འཕྲང་ཆེ་བའི་དུས་འདིར།།
སྲིད་སྐྱོང་འོས་འདེམས་རན་སོང་།།
འོས་ཆོས་ཆ་ཚང་ལྡན་པའི།།
བཀའ་ཟུར་འབྲོང་ཆུང་མཆོག་ལ།།
ཚང་མས་འོས་ཤོག་འཕེན་ན།།
འགྱོད་པ་བྱ་དགོས་མི་ཡོང་།།
དགའ་ལྡན་ཚེ་རིང་ལགས་ནི་ ༡༩༨༨ ཟླ་བ་ ༣ ཚེས་ ༤ ཉིན་ལྷ་སར་ཞི་རྒོལ་ནང་ཞུགས་པའི་རྐྱེན་གྱིས་ལོ་བཞིའི་ཁྲིམས་ཐག་བཅད་དེ་བཙོན་དུ་བཞུགས་དགོས་བྱུང་། ༡༩༩༣ ལོར་རྒྱ་གར་དུ་བཙན་བྱོལ་ལ་མི་ཕེབས་ཀ་མེད་བྱུང་། དེང་སྐབས་ཨ་རིའི་ས་གནས་སྦོ་སི་ཀྲོན་དུ་བཞུགས་ཀྱི་ཡོད།
1993 ནས 2016 བར་དུ་སྐུ་ངོ་འབྲོང་ཆུང་གིས་ཕྱི་ནང་གང་གིས་ཀྱང་རང་ལ་གནོད་པའི་ཉེན་ཁ་མ་འཛེམ་པར་གདོང་མཆོང་གི་ཕྱག་ལས་གང་དག་གནང་ཡོད་པ་དང་། ཡང་ན་མི་མང་གི་འདོད་བློ་མ་གང་བའི་སྟོང་ཆ་དང་ནེམ་ནུར་སོགས་ཀྱི་རིགས་གང་དག་ལྷགས་ཡོད་དམ།
་་་་་་་་་་་་་་་་་་་ དེ་དང་ཕྱོགས་མཚུངས་འབྲོང་ཆུང་དངོས་གྲུབ་ལགས་ཀྱིས། མི་ལོ་བཅུ་ཕྲག་བཞིའི་རིང་གལ་གནད་ཆེ་བའི་ལྷན་ཁང་གཅིག་གི་ནང་ཕྱག་ལས་གནང་བ་དང་། ཐུགས་འགན་བཞེས་པའི་རིང་ལ་ཡང་ཉེན་ཁར་མ་འཛེམས་པར་བོད་ནང་དངོས་སུ་ཆེད་ཕེབས་ཀྱིས་ལམ་སྟོན་དང་། གཞིས་བྱེས་འབྲེལ་ཟམ་བཙུགས་གནང་ཐུབ་པ་བཅས་ཀྱི་ཕན་ནུས་དེ། དུས་དེང་སང་ཡང་ཐོན་བཞིན་ཡོད། ་་་་་་་་་་་་་་་་་
ཡག་པོ་བྲིས་འདུག སྲིད་སྐྱོང་སྐུ་ངོ་འབྲོང་ཆུང་ལགས་ཡིན།
བློ་སེང་དང་། འབྲོང་ཆུང་གཉིས་བོད་ལ་ཕྱིན་ནས། སྤྱི་དོན་གང་བསྒྲུབས་བཞག་ཡོད་རེད། སྤེན་ཚེ་དང་རྒྱ་སྒྲོལ་གཉིས་བོད་ལ་མ་ཕྱིན་ནས། བོད་དོན་སྐོར་ལ་གང་ཤེས་རྒྱུ་ཞིག་ལྷག་བསྡད་ཡོད་རེད། ལགས། གསལ་བཤད་ཅིག་གནོངས་དང་། །
སྐུ་ཞབས་དགའ་ལྡན་ཚེ་རིང་ལགས་ནས་ཉམས་མྱོང་དང་འབྲེལ་ནས་ཕྱུ་ལོ་༢༠༢༡ ལོའི་སྲིད་སྐྱོང་འོས་མི་ལྡི་ལི་སྐུ་ཚབ་དོན་གཅོད་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག་གི་སྐུ་ཚེའི་ལོ་རྒྱུས་ཞིབ་བཀོད་གནང་འདུག་ལེགས་གསོལ་ཡོད། སྲིད་སྐྱོང་འོས་མིའི་དགའ་ཞིག་ཡོད་པའི་ནང་ནས་ལྡི་ལི་སྐུ་ཚབ་དོན་གཅོད་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག ལོ་ནའི་བབ་ནས་རེད། ཉམས་མྱོང་གི་ཆ་ནས་རེད། གནའ་དེང་ཟུང་དུ་འབྲེལ་བའི་ཤེས་ཡོན་རེད། འཛིན་སྐྱོང་གི་ཉམས་མྱོང་། བོད་རྒྱ་འབྲེལ་མོལ། མི་དང་མི་བར་གྱི་བཟང་སྤྱོད་ལྡན་པའི་འབྲེལ་བ་ཉར་སྟངས། བོད་རང་གི་ཐུན་མིན་ཡ་རབས་བཟང་སྤྱོད་ལྡན་པ། མི་གཤིས་སོགས་ཕྱོགས་གང་ལྟས་ཀྱང་༢༠༢༡ གི་སྲིད་སྐྱོང་དེ་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག རྒྱལ་བཀུར་མང་སྐྱོང་གི་སྲིད་སྐྱོང་ཞིག་ཏུ་ངོས་འཛིན་ཞུ་མཁན་ཉུང་ཉུང་ཞིག་གཏན་ནས་རེད་མི་འདུག དེར་བརྟེན་ཕྲན་གྱི་རྩལ་ཆེའི་འོས་ཤོག་གཅིག་པོ་ལྡི་ལི་སྐུ་ཚབ་དོན་གཙོད་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག་ལ་འབུལ་རྒྱུའི་ཐག་གཙོད་གཙང་མ་ཟིན་པ་ཡིན། ཁོང་གི་ཐུགས་འདུན་ཆོས་བཞིན་འགྲུབ་པའི་སྐྱབས་འཇུག་མཆོག་གསུམ་རྒྱལ་བ་རྒྱ་མཚོར་སྙིང་ནས་ཞུ་ཡི་ཡིད།
ང་ཡང་འབྲོང་ཆུང་དངོས་གྲུབ་ལགས་སུ་རྒྱབ་སྐྱོར་བྱ་རྒྱུ་ཐག་གཅོད་བྱས་པ་ཡིན། ངའི་རྒྱུ་མཚན་ནི།
༡༽ འབྲོང་ཆུང་གིས་ཁམས་པ་དང་ཨ་མདོ་ཚོའི་བར་ལ་དབུས་གཙང་གི་ཤོག་ཁག་གཅིག་བཙུགས་ནས།་དེ་གཉིས་ཀྱི་འཐབ་རྩོད་ཇེ་ཆུང་དུ་གཏོང་གི་རེད། ང་ཚོ་ཁམས་པ་དང་ཨ་མདོ། དེ་བཞིན་དབུས་གཙང་བཅས་ཀྱི་ཆིག་སྒྲིལ་༢༠༠༨ནས་དམ་དུ་ཕྱིན་པ་དེ་བློ་སེང་ཐེངས་གཉིས་པའི་རིང་རྩ་གཏོར་བཏང་སོང་། ད་ལྟ་དབུས་གཙང་དང་ཨ་མདོའི་ནང་ལ་བློ་སེང་ནི་བདུད་ཨ་ཆུང་ཞིག་ལས་མ་འདས། སྐལ་རྡོར་ནི་བློ་སེང་གི་མ་འདས་སྤྲུལ་སྐུ་ཡིན་པས། ཁོང་མི་ལེགས་པ་དང་། ཆ་རྐྱེན་ལེགས་རུང་མགོ་ལ་བློ་སེང་གི་ཞྭ་མོ་ཞིག་ཡོད་སྟབས། དབུས་གཙང་དང་ཨ་མདོ་བ་ཚོས་ཇི་ལྟར་ཁོང་ལ་རྒྱབ་སྐྱོར་བྱེད་ཐུབ་བམ།
༢༽འབྲོང་ཆུང་སྲིད་སྐྱོང་ལ་སླེབས་ན། བོད་གཞུང་དང་རྒྱ་གར་གཞུང་དབར་ལ་འབྲེལ་བ་ལེགས་སུ་འགྲོ་ཞིང་། རྒྱུ་མཚན་ནི་འབྲོང་ཆུང་གིས་ལོ་ངོ་སུམ་བཅུ་ལྷག་བདེ་སྲུང་ལས་ཁུངས་རྒྱུད་ནས་རྒྱ་གར་གཞུང་ལ་འབྲེལ་བ་བརྟན་པོ་ཞིག་ཡོད། རྒྱ་གར་གཞུང་གིས་གོང་གི་མི་འདི་དག་ནང་ནས་འབྲོང་ཆུང་ལ་ཡིད་ཆེས་བརྟན་ཤོས་ཡོད་པ་བཤད་མ་དགོས་པ་རེད།
༣༽ ང་ཚོར་ལས་རྒྱུ་མང་པོ་ཞིག་ཡོད་རུང་ཆིག་སྒྲིལ་མེད་ན་ཚང་མ་ནུས་མེད་རེད། འབྲོང་ཆུང་ནི་སྤེན་ཚེ་དང་བློ་སེང་གཉིས་ཀའི་ཤོག་ཁག་ལ་མ་གཏོགས་པས་བོད་པ་བྱིངས་ཀྱི་ནང་ལ་ཁོང་ལ་ལྟ་ཚུལ་ལེགས། དེ་མིན་སྐལ་རྡོར་དང་། རྒྱ་རི། སྤེན་ཚེ། དེ་བཞིན་བློ་བཟང་སྙན་གྲགས་བཅས་སུ་ཡོང་ཡང་འཐེན་འཁྱེར་བ་ཞིག་མགོ་ལ་སླེབས་པ་ལས་སྤྱི་སེམས་ཅན་ཞིག་སླེབས་པའི་ཚོར་སྣང་མེད། དེར་རྟེན་འགོ་ཁྲིད་དེ་དག་ལ་ནུས་པ་མེད། ད་དུང་མུ་མཐུད་སྤྱི་ཚོགས་ཁྲག་ལྟར་དཀྲུག་པའི་སྔ་ལྟས་ཤིན་དུ་ཆེ།
ད་ལྟ་རྒྱལ་བ་རིན་པོ་ཆེ་བཞུགས་རིང་། ང་ཚོས་སྤྱི་ཚོགས་ནང་གི་ཆིག་སྒྲིལ་དེ་ཏོག་ཙམ་ཡར་རྒྱས་གཏོང་ཐུབ་ན། བོད་ནང་ནས་ཀྱང་དེ་ལ་སེམས་འཁུར་གཙོ་བོ་བྱེད་པ་དང་། གོང་ས་མཆོག་ཀྱང་དེ་ལ་ཐུགས་འཁུར་ཆེན་པོ་གནང་གི་ཡོད་པ་གསལ་པོ་རེད།
ང་ཚོ་བོད་ནང་གི་མི་དང་འབྲེལ་བ་རྩ་ནས་ཆད་པའི་ཉིན་མོ་ང་ཚོའི་བཙན་བྱོལ་གཞུང་ནི་སྐྱབས་བཅོལ་བའི་སྒྲིག་འཛུགས་ཁོ་ན་ནས་གཞན་སྙིང་པོ་མེད། ད་ལྟ་བཞེངས་བཞིན་པའི་འོས་མི་དེ་དག་ལས་བོད་ནང་ལ་རྒྱུས་མངའ་ཆེ་ཤོས་ནི་འབྲོང་ཆུང་རེད། དེ་ཚོ་གཏན་གཏན་བསམ་ཤེས་བྱེད་དགོས།
གང་ཟག་སྒེར་གྱི་བསམ་ཚུལ་དང་ལངས་ཕྱོགས་དྲ་སྟེང་དུ་བཀོད་ཐུབ་པ་ཙམ་གྱིས་འོས་འཕེན་རྒྱ་ཆེ་མི་མང་གི་བསམ་བློ་ལ་འགུལ་སྐྱོགས་ཐུབ་པའི་ནུས་པ་ཡོད་ན་རྗེས་ལོ་ཉེར་གཅིག་གི་སྲིད་སྐྱོང་ལ་བུད་མེད་སླེབ་དགོས་པ་དེ་དུས་ཀྱི་འཕོ་འགྱུར་དང་སྤྱི་ཚོགས་ཀྱི་འཕེལ་རིམ་རྒྱལ་སྤྱིའི་གནས་བབ་ཕོ་མོ་འདྲ་མཉམ་དང་བོད་རྒྱའི་འབྲེལ་ལམ་སོགས་ལ་འགན་ཁུར་ནས་སྲིད་སྐྱོང་དེ་བུད་མེད་ལས་གཞན་དུ་རེ་བ་མཐོང་མ་སོང་།
༡། སྤྱི་འཐུས་རྒྱུན་ལས་ཀྱིས་ཐག་གཅོད་དེ་ཁྲིམས་འགལ་ཡིན།
༢། བཅའ་ཁྲིམས་ཀྱི་ནང་གྲོས་ཚོགས་ཚོགས་དུས་ཆ་ཚང་གཅིག་འཕར་འགྱངས་ (Postpone)གཏོང་རྒྱུའི་ཆ་རྐྱེན་མེད།
༣། བཅའ་ཁྲིམས་དོན་ཚན་ཞེ་དགུ་པ་ལྟར་ན། སྤྱི་འཐུས་ཚོགས་གཙོར་གྲོས་ཚོགས་ཚོགས་དུས་ཆ་ཚང་འཕར་འགྱངས་གཏོང་དབང་མེད།
༤། བཅའ་ཁྲིམས་ཀྱི་ནང་གྲོས་ཚོགས་ཀྱི་ཚོགས་འདུ་སོ་སོར་དགོས་ངེས་ཚོགས་མིའི་་ཉུང་མཐའི་གྲངས་ཚད་ཇི་དགོས་གང་ཡང་གསལ་མེད།
༥། ཆེས་མཐོའི་ཁྲིམས་ཞིབ་ཁང་ནི་བཅའ་ཁྲིམས་ཀྱི་བདག་སྲུང་བ་དེ་ཡིན་པའི་ཆ་ནས་རང་འགུལ་གྱིས་ལས་དོན་བྱེད་ཆོག
༦། བཅའ་ཁྲིམས་དོན་ཚན་ལྔ་པའི་དགོངས་དོན་འོག་གླེང་གཞི་ཡོང་སྟངས།
དོན་དངོས་སུ་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་བཅའ་ཁྲིམས་དོན་ཚན་ ༥ པའི་དགོངས་དོན་འོག་བཏང་བའི་བཀའ་ཁྱབ་དེར་སུ་རུང་ཞིག་གིས་རྩོད་གླེང་མ་བྱས་པའི་བར་དེའི་ཐོག་གླེང་གཞི་ཡོང་མི་དགོས་པ་ཆགས་ཡོད། གལ་སྲིད་སུ་རུང་ཞིག་གིས་བཀའ་ཁྱབ་དེར་རྩོད་གླེང་བྱས་ཚེ་བཅའ་ཁྲིམས་དོན་ཚན་ ༥ པའི་ནང་གསེས་ ༢ པ་དེ་གཞི་ནས་ལག་བསྟར་བྱེད་དགོས་ཆགས་ཡོད། གནས་ཚུལ་དེ་རིགས་མ་ཐོན་བར་ཁྲིམས་སམ་སྲོལ་ཡིག་གང་ཞིག་ཡིན་རུང་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་རྩིས་མེད་ཡིན་པའི་བཀའ་ཁྱབ་དེ་ཁྲིམས་མཐུན་ཆགས་ཡོད། སྤྱི་འཐུས་ཚོགས་གཙོའམ་རྒྱུན་ལས་ཚོ་ཕྱི་ལ་ཐོན་ནས་བཀའ་ཁྱབ་དེར་གདོང་ལེན་བྱེད་ཆོག་གི་ཡོད། གལ་ཏེ་དེ་ལྟར་བྱས་ཚེ། གཞི་ནས་བཅའ་ཁྲིམས་དོན་ཚན་ ༥ པའི་ནང་གསེས་ ༢ པ་གཞིར་བཞག་རྩོད་གླེང་ཡོང་རྒྱུ་རེད། འོན་ཀྱང་རྩོད་གཞི་དེ་རིགས་ཐག་གཅོད་བྱེད་པའི་དབང་ཆ་དེ་ནི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་རང་ཆས་སུ་གཏོགས་པ་ཞིག་ཡིན་པ་དང་། སྤྱི་འཐུས་ཀྱི་རྒྱུན་ལས་ཚོས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཐག་གཅོད་བྱེད་དབང་དེར་རྩོད་གླེང་བྱེད་མི་རུང་།
༧། ཆེས་མཐོའི་ཁྲིམས་ཞིབ་ཁང་མ་གཏོགས་གཞན་སུ་ལའང་བཅའ་ཁྲིམས་ཀྱི་ཆ་རྐྱེན་ཁག་ལ་འགྲེལ་བཤད་བྱེད་དབང་མེད།
བཅའ་ཁྲིམས་དོན་ཚན་ ༦༦ པའི་ནང་གསེས་ ༢(ཀ) པས། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་ཚིག་དོན་འགྲེལ་བརྗོད་བྱེད་ཕྱོགས་ལ་བརྟེན་པའི་རྩོད་གླེང་རིགས་དང་འབྲེལ་བའི་གྱོད་དོན་ཞིབ་གཅོད་བྱེད་དབང་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་ཡོད་པ་གཏན་འབེབས་བྱས་ཡོད། བཅའ་ཁྲིམས་ཀྱི་དོན་ཚན་གལ་ཆེན་དེར་གཞིགས་ན། བཅའ་ཁྲིམས་ཀྱི་དོན་ཚན་འགྲེལ་བརྗོད་གནང་རྒྱུའི་མཐའ་མའི་ཐག་གཅོད་བྱེད་དབང་དེ་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་ཡོད། སྤྱི་འཐུས་ཚོགས་གཙོ་དང་། རྒྱུན་ལས། དེ་བཞིན་མདོ་སྨད་ཀྱི་སྤྱི་འཐུས་ཤིག་བཅས་ཀྱིས་སོ་སོའི་ཁེ་ཕན་དང་འབྲེལ་ནས་བཅའ་ཁྲིམས་ཀྱི་དགོངས་དོན་ལ་འགྲེལ་བརྗོད་བྱེད་དབང་གཏན་ནས་མེད།
ཚང་མར་བཀྲིས་བདེ་ལེགས་ཞུ།
ད་ག་རེ་བཤད་ཀྱང་མ་བཤད་ཀྱང་གནས་སྟངས་གཅིག་པ་རང་རེད་བསམ།
སེམས་ནས་གང་དྲན་ལག་ལེན་བསྟར་བ་དཀའ་།
རང་རང་སོ་སོར་རང་དབང་གཏན་ནས་མེད།
ལས་དོན་ཚང་མ་གཞན་བསྟེན་ཤ་སྟག་རེད།
གང་གང་བཤད་ཀྱང་འུར་གཏམ་ཤ་སྟག་རེད།
བཤད་པ་ཐམས་བཅད་རང་དོན་ཁོ་ན་རེད།
གཞན་དོན་བཤད་པ་མེད་པ་མངོན་གསལ་རེད།
ཨ་རྩི་འཇིག་རྟེན་སྲིད་པའི་སྣང་ཚུལ་སྐྱོ་བ་ལགས།
སྲིད་སྐྱོང་འབྲོང་ཆུང་ཕེབས་ན་དགའ་ལྡན་ཕོ་བྲང་ལ་ཡག་པོ་ཡོང་བའི་བཟོ་འདུག གང་ལགས་ཤེ་ན། དགའ་ལྡན་ཕོ་བྲང་གི་ལྷ་གནས་ཆུང་སྐད་མེད་པ་དང་གཅིག སྲིད་སྐྱོང་འབྲོང་ཆུང་དངོས་གྲུབ་སྐད་མེད་པ་གཉིས་བྱུང་ན། ལོ་ལྔ་བོད་པའི་གནད་དོན་རྣམས་སྒོ་རྒྱབ་ནས་མཚམས་ལ་བཞུགས་རྒྱུ་རང་རེད། བཀྲ་ཤིས་བདེ་ལེགས།