ཁྲོ་གཏུམ།
རྡོག་མཁྲེས་འཁུར་བའི་རྐང་ཐང་ཚོགས་ཀྱི་རྒྱབ་བྲོ་ཡང་མོ
སྟོང་བར་ལྷག་པའི་བསམ་བློ་འགའི་འགག་ཕྲེང་བརྒྱུད་ཞོར
རི་དེའི་མགོ་ལ་འབུད་པའི་འདུན་པ་སྔར་ལས་ལྕི
ཕུགས་མདུན་ནི་རེ་སྒུག་གི་ཁྲོད་ལུས་པའི་མི་ཚོགས་དེའི་གསེབ་ཀྱི་བྲག་ཅ
རེ་བ་གང་མང་ཞིག་རུལ་ཚར་ནས་མགོ་བོ་དམའ
མགོ་མཐོ་བ་དག་གི་རེ་བ་ནི་དྲེ་མོང་གིས་བྱི་བ་བརྐུས་པ་འདྲ
ཡུལ་སྲོལ་གྱིས་ཁྱོད་ཀྱི་རྐེ་གཅོད་ལ་ཉེ
ཡུལ་སྐད་ཀྱིས་ཁྱོད་ཀྱི་རང་དབང་གི་དབུགས་སྒོ་འགོག་ལ་རྩོམ
སེམས་པའི་གསེབ་ཀྱི་བསམ་བློའི་སྐད་ཆ་དྲང་བདེན་དག་རྫུན་ལ་བསྒྱུར་དགོས་པའི་བར་ན
ཁྱོད་ཀྱིས་གནས་ལུགས་བརྩི་མི་དགོས་ལ་ཤེས་ཀྱང་མི་དགོས་པའི་བློ་གྲོས་ཀྱིས་ཁ་དར
ཉན་བྱེད་ཀྱི་གོམ་འགྲོས་གང་སར་རྒྱུ་བའི་མདོ་ཁ་ན
ཁྱོད་རང་གི་བསམ་བློའི་རྐང་རྗེས་ཉུལ་བའི་ལྐོག་གསོད་པས་སྒུག
སྐབས་དེ་ནས་བཟུང་ཁྱོད་རང་གི་བསམ་བློའི་དེང་རི་བཅག་ཟིན་པས
ཁྱོད་ཀྱི་གོམ་འགྲོས་ནི་ཤོག་བུ་ཐར་རྐྱང་སྒང་གི་སྨྱུ་གུ་ཟད་པོ་སྟེ
བྲོ་ཁ་ཚར་བའི་འགྲུལ་བཞུད་པ་ཞིག
༢༠༡༩་ཟླ་ ༠༧ ཚེས་ ༡༠ ཉིན།