གཡང་སྐྱབས་རྒྱལ།
གྲོགས་པོ་ཚོ། ངས་འདི་ནས་བསམ་ཚུལ་ཞིག་བཤད་ན་འདོད། བསམ་ཚུལ་འདི་ནི་ང་ཚོའི་བོད་རིགས་འདིའི་བསམ་བློ་གཏོང་སྟངས་ཀྱི་སྐོར་ལ་ཡིན། གཅིག་བྱས་ན་འདིས་ང་ཚོའི་རྩོམ་ཡིག་འབྲི་ཕྱོགས་ལ་ཡང་ཤུགས་རྐྱེན་ཐེབས་ཀྱིན་ཡོད། གཅིག་བྱས་ན་ངའི་བསམ་ཚུལ་བཤད་པ་འདི་ཡང་དོན་ངོ་མ་ཞིག་ཡིན་སྲིད།
དོན་ངོ་མ་དང་བསམ་ཚུལ་བརྗོད་པ་གཉིས་ཀྱི་བར་དུ་ཁྱད་པར་ཆེན་པོ་ཡོད་པ་སྨོས་མ་དགོས། “དེ་རིང་ངའི་སྒོ་འགྲམ་ལ་ཁྱི་གཅིག་སླེབས་འདུག” རྗོད་པ་འདི་དོན་ངོ་མ་རེད། “ཁྱི་དེ་ནག་པོ་རེད།” དེ་ཡང་དོན་ངོ་མ་རེད།” ཁྱི་དེའི་ཁ་ན་རུས་གོག་ཅིག་འཇུས་འདུག” འདི་ཡང་དོན་ངོ་མ་རེད། “ཁྱི་དེ་སྙིང་རྗེ་པོ་ཞིག་འདུག”འདི་བསམ་ཚུལ་རེད། “ཁྱི་དེ་ཅིག་ནས་བྲོས་ཡོང་པ་རེད།” འདི་ཡང་ཁུངས་སྐྱེལ་མེད་ན་བསམ་ཚུལ་རེད།
ཡང་སྒྲོལ་མ་ཟེར་བའི་བོད་མོ་ཞིག་ལ་ཆ་བཞག་ནས་ཞུས་ན། “སྒྲོལ་མ་འདི་ཡ་རབས་ཤིག་རེད། ང་མོ་རང་ལ་ཐུག་དུས། སྒྲོལ་མས་རྒན་པ་ལ་གུས་ཞབས་དང་གཞོན་པ་ལ་བྱམས་སྐྱོང་བྱེད་གི་འདུག” ཅེས་བརྗོད་ན་ང་ཚོས་དོན་ངོ་མ་ཞིག་བརྗོད་ཀྱིན་ཡོད། “སྒྲོལ་མ་འདི་ལྟས་ངན་ཞིག་རེད། མོས་བོད་གཞུང་ལ་ཁ་བཏང་བ་རེད་ཟེར།”ཅེས་བརྗོད་སྐབས་ཚིག་འདི་བསམ་ཚུལ་ཙམ་མ་ཡིན་པར་དཀྲོག་གཏམ་ཞིག་ཀྱང་རེད། གང་ཡིན་ཟེར་ན་ཁྱེད་ཀྱིས་བོད་གཞུང་ལ་ཁ་བཏང་བའི་ཁུངས་སྐྱེལ་བཀོད་མེད་པ་རེད།
“ཡང་ནིའུ་ཡོག་གྲོང་ཁྱེར་དེ་རྒྱ་ཆེན་པོ་རེད་ལ། མི་མང་པོས་དེ་ལ་དགའ་བོ་བྱེད་པ་རེད།” ཅེས་བརྗོད་སྐབས་རྗོད་དུམ་དང་པོ་དེ་དོན་ངོ་མ་རེད་ལ། རྗོད་དུམ་གཉིས་པ་དེ་བསམ་ཚུལ་རེད།
བོད་མིའི་སྤྱི་ཚོགས་ཀྱི་ཐོག་ནས་གསར་འགྱུར་བརྒྱུད་ལམ་ལ་བརྟེན་ནས་གསར་འགྱུར་ལེན་པའི་གོམས་གཤིས་འདི་ད་དུང་འཇགས་མེད་པ་རེད། འདིའི་ནང་ང་རང་ཡང་ཚུད་ཡོད་པ་རེད། ང་ཚོའི་གསར་འགྱུར་ལེན་པ་དང་བསྐྱལ་བའི་གོམས་གཤིས་ནི་ངག་ཐོག་ན་ལུས་ཡོད་པ་རེད། གྲོགས་པོ་ཞིག་གིས། “ཨ་རི་ལ་མི་ཆིག་སྟོང་ལེན་རྒྱུ་རེད།” ཅེས་ལབ་ན་ང་ཚོས་བདེན་པར་འཛིན་པ་རེད། ཚགས་པར་ཐོག་”ཨ་རི་ལ་མི་ཆིག་སྟོང་ལེན་རྒྱུ་རེད་”ཅེས་བྲིས་ན་ང་ཚོ་དྭོགས་པ་ཟ་བ་རེད། ད་འདི་འདྲ་རེད།
ང་ཨ་རི་ལ་སླེབས་ནས་མི་ལོ་བཞི་བཅུ་ཕྱིན་པའི་ཨ་མ་ཞིག་ལ་ཐུག་མྱོང་། ཨ་མ་དེས་ང་ལ་ས་ཆ་གང་ཞིག་ཏུ་བསྐྱོད་པའི་ལམ་སྟོན་བྱས་བྱུང་། ལམ་སྟོན་ནང་། “ཁྱོད་འདི་ནས་ཕར་རྒྱུགས་དང་། ལམ་ཁ་ཆེན་པོ་ཞིག་ཡོད་རེད། དེ་ནས་ཤར་རྒྱག་རྒྱུགས་དང་། ལྕགས་ཀྱི་སྒོ་ཞིག་ཡོད། ལྕགས་ཀྱི་སྒོ་ནང་ལ་ཡར་འཛུལ་དང་། ཁང་པ་ཞིག་ཡོད། དེ་ལ་ང་བསྡད་ཀྱི་ཡོད།” ཅེས་ཟེར། འདིའི་ནང་ཤར་ནུབ་ཀྱི་ཕྱོགས་དང་ལམ་ཁའི་མིང་དང་རྟགས་སོགས་གང་ཡང་མི་འདུག
ཡང་ང་ལ་གྲོགས་པོ་ཞིག་ཡོད། ཁོ་རང་གིས་ནམ་རྒྱུན་ནས་རྒྱ་གར་གྱི་གྲོགས་པོ་དང་སྤུན་ཉེ་ཚོ་ལ་ལག་རྟགས་བསྐུར་གི་རེད། དེ་ཡང་སྦྲགས་ཟམ་བརྒྱུད་ནས་བསྐུར་གི་མ་རེད། མི་གཅིག་རྒྱ་གར་ལ་འགྲོ་བ་གོ་དུས། “ངས་ཅ་ལག་ཅིག་འདི་ལ་བསྐུར་དགོས་ཡོད། དེ་ལ་བསྐུར་དགོས་ཡོད།” ཟེར། འདི་ཡང་གོམས་གཤིས་ཤིག་རེད།
དོན་ངོ་མ་ནི། ང་ཚོས་ནམ་ཞིག་ཁུངས་ལུང་ཡོད་པའི་སྐད་ཆ་འབྲི་ཐུབ་པར་འགྱུར། གསར་འགྱུར་འབྲི་མཁན་ཚོ་ཡིན་ན་ཁུངས་ལུང་མེད་པའི་སྐད་ཆ་དང་བསམ་ཚུལ་འབྲི་མི་རུང་ལ་བཤད་ཀྱང་མི་རུང་བ་རེད་ལ། ཁུངས་ལུང་འཚོལ་སྐབས་ཀྱང་ཁུངས་གཅིག་ཙམ་གྱིས་མི་རུང་བར་ཁུངས་གཉིས་དང་གསུམ་འཚོལ་གི་རེད། ང་ཚོས་ཀྱང་དེ་ལྟར་བྱེད་ཐུབ་ཚེ། ང་ཚོ་ཡང་དཀྲོག་གཏམ་གྱི་སྤྱི་ཚོགས་དང་དཀྲོག་གཏམ་གྱི་རྩོམ་པ་པོ། དཀྲོག་གཏམ་ཀྱི་ཀློག་པ་པོ་ཞིག་མིན་པ་ཆགས་སྲིད་པ་རེད། མ་རེད་དམ།
བསམ་ཚུལ་ཞིག་ཡིན་ན་བསམ་ཚུལ་རྗོད་མཁན་རང་ཉིད་ལ་ལྟོས་ཏེ་བཤད་ན་བསམ་ཚུལ་དེ་དོན་ངོ་མ་ཞིག་ཡིན་པ་རེད། རྒྱུ་མཚན་དེ་ལ་བརྟེན་ནས་ཁྱེད་ལའང་རང་གི་བསམ་ཚུལ་དེ་དོན་དངོས་ཤིག་ཡིན་སྲིད་སྙམ་པའི་བློ་ཞིག་སྐྱེས་མི་འདུག་གམ།
བསམ་ཚུལ་རྗོད་མཁན་ལ་ལྟོས་ཏེ་བཤད་ན། བསམ་ཚུལ་དང་དོན་ངོ་མ་གཉིས་ཀྱི་བར་ལ་ཁྱད་པར་གང་ཡང་མེད་པ་རེད། མི་གང་ཞིག་གིས་ཁྱི་འདི་སྙིང་རྗེ་པོ་འདུག་ཟེར་ན་མི་དེ་ལ་ལྟོས་ཏེ་བཤད་ན་དེ་བདེན་པའམ་དོན་ངོ་མ་ཡིན་པ་རེད། གཞན་མང་པོ་ཞིག་གི་བསམ་ཚུལ་དང་བསྡུར་ན་དེ་བསམ་ཚུལ་ལ་འགྲོ་གི་ཡོད་པ་རེད། རྒྱུ་མཚན་ནི་མཛེས་པ་ཟེར་བ་དེ་དངོས་པོ་དེ་ཉིད་ཀྱི་སྟེང་དུ་མེད་པར་དེ་ནི་དངོས་པོ་དེར་ལྟ་མཁན་གྱི་བློ་ངོར་ཡོད་པས་རེད།
ངས་ད་རུང་མགོ་མི་ཚོས་པའོ་དོན་དག་ཅིག་ནི། “ཁྱི་དེ་ཅིག་ནས་བྲོས་ཡོང་པ་རེད།”ཟེར་ན་ཁུངས་སྐྱེལ་མེད་ནའང་དེ་བསམ་ཚུལ་ཡིན་པ་དང་། “སྒྲོལ་མ་འདི་ལྟས་ངན་ཞིག་རེད། མོས་བོད་གཞུང་ལ་ཁ་བཏང་བ་རེད་ཟེར།”བར་མོ་ལྟས་ངན་ཡིན་པའི་རྒྱུ་མཚན་བཀོད་འདུག་ནའང་དེ་དཀྲོག་གཏམ་དུ་འགྲོ་གི་ཡོད་པའི་རྒྱུ་མཚན་ཅི་ཡིན་ལ་བསམ་བློ་བཏང་ན་ངའི་བསམ་གཞོགས་ཀྱིས་ཕྱུག་པའི་མགོ་བོ་རིན་པོ་ཆེ་འདིའང་གས་ལ་ཁད།
ང་ཚོས་འདི་ལྟར་གནས་ལུགས་མི་ཚོགས་པའི་ཆུ་ཚགས་ལྟ་བུ་རྐྱང་རྐྱང་བརྗོད་ཡོང་ན། མི་དེ་ལ་ཆ་འཇོག་མེད་པ་དང། དེས་བཤད་པའི་གཏམ་དང་གནས་ཚུལ་ལའང་ཆ་འཇོག་མེད་པ་ཆགས་ཡོང་གི་ཡོད་པ་མ་ཡིན་ནམ། དེ་ནི་ཨ་མ་རྒན་མོ་དེས་ཁྱེད་ལ་ལམ་སྟོན་གནང་བའི་དོན་དང་གཅིག་པ་རེད་སྙམ། རང་གིས་གང་ཤེས་པའི་དོན་དག་བརྗོད་ཡོད་པ་རེད་དེ་ཆ་མ་ཚང་བ་རེད། བསམ་ཚུལ་ནི་བསམ་ཚུལ་ཙམ་ཡིན་ཡང་བསམ་ཚུལ་མང་པོ་ཞིག་ཚོགས་པ་ལས་དོན་ངོ་མ་ཞིག་རྙེད་ཀྱི་ཡོད་པ་དང་། དོན་ངོ་མ་ཟེར་བ་དེའང་མདོར་དེད་ན་བསམ་ཚུལ་དུ་མ་ཞིག་གི་སྤྱི་སྡོམ་ཙམ་ཡིན་པ་རེད།
དཔེ་ཞིག་བཞག་ན། མི་དམངས་འཚོགས་ས་ཞིག་ཏུ་མི་གསོད་ཁྲག་སྦྱོར་གྱི་དོན་དག་བྱུང་བ་ཡིན་ན། མི་རེ་རེའི་མཐོང་སྣང་ཅི་བྱུང་དེ་དོན་ངོ་མ་ཡིན་ན་ཡང་དོན་ངོ་མ་མི་འདྲ་བ་མང་པོ་ཞིག་བྱུང་གི་ཡོད་པའི་རྒྱུ་མཚན་གང་ལ་ཐུག་པ་རེད། ཐོག་ནས་མར་ལྟ་མཁན་ཞིག་གིས་མི་གཟུགས་པོ་ཐུང་ཐུང་ཞིག་དང་། འོག་ནས་ཡར་ལྟ་མཁན་ཞིག་ནས་མི་གཟུགས་པོ་རིང་པོ་ཞིག འོད་ཀྱི་འཕྲོ་ཕྱོགས་ལ་ལྟོས་ཏེ་མི་དེའི་ཤ་མདོག་མི་འདྲ་བར་མཐོང་བ་དང་། སྐྲག་སྣང་གི་ཁྱད་པར་ལ་བརྟེན་ནས་མི་དེའི་གཟུགས་བྱད་ཀྱི་ཆེ་ཆུང་། ཡང་དགའ་སྣང་གི་ཁྱད་པར་ལ་བརྟེན་ནས་མི་དེའི་ལུས་ཆས་ལ་བཤད་ཚུལ་མི་འདྲ་འབྱུང་གི་ཡོད་པ་དེས་ཅིཞིག་མཚོན་གྱི་ཡོད་པ་རེད། ཉིན་མཚན་གྱི་ཁྱད་པར། འོད་ཀྱི་འཕྲོ་ཕྱོགས། དབང་པོའི་གསལ་འགྲིབ། ཐག་རིང་ཐུང་སོགས་མང་པོ་ཞིག་ལ་ལྟོས་ཏེ་ཁྱི་ནག་པོ་ཟེར་བ་དེའང་དོན་ངོ་མ་ཞིག་ཏུ་འགྱུར་རྒྱུ་ཁག་པོ་མ་ཡིན་ནམ། མདོར་དེད་ན། ངས་ཁྱེད་རང་གི་སྐད་ཆ་འདིའི་དོན་དག་གོ་གི་མི་འདུག ང་མཚམས་མཚམས་ལ་ར་བཟི་བསྡད་ཡོད་པའི་སྐབས་འདི་དོན་ངོ་མ་རེད། དེ་བསམ་ཚུལ་རེད་ཟེར་ནས་སྐད་ཆ་འདི་འདྲ་ཤོད་ཀྱི་ཡོད། ཡིན་ན་ཡང་མི་གཞན་པ་ཚོ་གད་མོ་དགོད་ཀྱི་འདུག ངས་ཁོ་ཚོ་ལྐུགས་པ་རེད་བསམ་གྱི་ཡོད། དོན་ངོ་མ་སུ་ལྐུགས་པ་རེད། ངས་ད་རུང་བསམ་བློ་བཏང་ནས་ཚར་མེད།
ཨ་རོ་མགོན་པོ་ཕྱག་གཉིས་པ་ལགས། ཁྱེད་ཀྱིས་བྲིས་པ་ལ་མ་རེད་ཟེར་ཡག་མི་འདུག ཆོས་ཀྱི་སྐད་ཆའི་ནང་ཕྱི་དོན་ཡོད་མེད་ཀྱི་རྩོད་པ་ཞིག་ཡོད་པ་རེད། དེའི་བཤད་སྟངས་དེ་ཡང་ཁྱེད་ཀྱི་གསུངས་སྟངས་དང་གཅིག་རེད། མཐའ་དོན་ངས་བཤད་ན་འདོད་པ་ནི། “ཀླུ་སྨྱོན་སྤྲུལ་སྐུ་མ་རེད་”ཅེས་འབྲི་མཁན་ཞིག་ཡིན་ན། དེའི་ཁུངས་སྐྱེལ་འགོད་རོགས་ཞེས་ཞུ་བ་ཡིན། ༼འདི་ནི་དཔེ་མཚོན་ཙམ་ཡིན།
གོང་ནས་རྩ་ཁྲིམས་བཤད་སོང་། འདིར་ལྟ་བ་ཤོད་བཞིན་པ་འདྲ ། འདིའི་རྗེས་སུ་འདུལ་བ་དང་མངོན་པ་འདྲ་མིན་འགྲོ། ངོ་མས་ལྟ་བ་ཡང་དག་ཅིག་བཤད་བསམ་ན་དབུ་མ་ཐལ་འགྱུར་བ་དྲག་ཤོས་ཡོད་རེད།ཁྱོད་གཉིས་ཀྱིས་མདོ་སེམས་ཀྱི་ལྟ་བ་སོབ་སོབ་འདི་འདྲ་འཁུར་ནས་འགྲོ་འདུག་མ་མང་ན་དགའ།གནམ་འོག་གྲ་ལོག་མ་ལོག་གིས་ཁེངས་བསྡད་ཡོད་རེད། ཉམས་ཞོགས་མ་གཏོགས་ཏག་ཏག་བཟོས་ཡོང་།
དཔེརན་ན། གལ་སྲིད་འཇམ་ནོར་རྩོམ་པོ་རེད་ལབ་ན་ངོ་མ་རེད། དེབ་མང་པོ་སྟོན་རྒྱུ་ཡོད་པ་རེད། འོན་ཀྱང་ཁོས་༧རྒྱལ་བ་རིན་པོ་ཆེ་ལ་ཁ་བཏང་མྱོང་ཡོད་པ་མ་རེད་ལབ་ན་བསམ་ཚུལ་རྫུན་མ་རེད། ༧རྒྱལ་བ་རིན་པོ་ཆེ་ལས་ཁོ་རང་མཁས་མདོག་དང་ཆབ་སྲིད་ཤེས་མདོག་མང་པོ་ལབ་པའི་ཡིག་ཆ་ཀློག་རྒྱུ་ཡོད་པ་རེད།
ཡང་འཇམ་ནོར་གྱིས་བསམ་ཚུལ་གསར་བ་བཤད་ཀྱི་འདུག་ལབ་ན་བདེན་པ་རེད་། ཁོས་༧གོང་ས་མཆོག་གི་སྐོར་ལ་བོད་མི་གཞན་པ་ཚོས་བཤད་མི་ཕོད་པའི་གནས་ཚུལ་བློ་ཕམ་ཅན་གསར་བ་མང་པོ་འབྲི་གི་ཡོད་པ་རེད། འོན་ཀྱང་བོད་པ་ཚོས་ཁོའི་ཁ་ལ་མ་ཉན་ནས་བོད་རང་བཙན་ལོན་གྱི་མེད་པ་རེད་ཟེར་ན་འུད་བསྟོད་ཀྱི་བསམ་ཚུལ་རེད། ཁོའི་ཁ་ལ་ཉན་ན་བོད་མི་ཚང་མའི་སེམས་ངོའི་དད་པ་ཡོངས་རྫོགས་དོར་ནས་༧གོང་ས་མཆོག་ལའང་འདྲ་འདྲ་དང་མི་ཕལ་བ་ཞིག་གི་ས་ལ་བཞག་ནས་རྩོད་པ་བརྒྱག་དགོས་ཀྱི་ཡོད་སྟབས། དེ་འདྲ་བྱས་ན་བོད་མིའི་ཆིག་སྒྲིལ་གྱི་རྩ་བ་ལ་བརླག་འགྲོ་གི་རེད་ལ། ནང་ཁུལ་གྱི་འཐེན་ཁྱེར་དང་ཕྱོགས་རེས་ཨང་དང་པོ་བརྩི་བའི་བོད་པའི་སྤྱི་ཚོགས་ལ་སྤྱི་ལ་དབང་གི་དབུ་ཁྲིད་ཅིག་ཡོང་མི་སྲིད་པ་ལྟ་བུ་ཆགས་རྒྱུ་རེད།
བོད་མི་རིགས་རྩ་འཐོར་དུ་མ་སོང་བར་ཆིག་སྒྲིལ་ཡང་མོ་ཞིག་གི་འོག་ཏུ་འདུས་ཡོད་པའང་། གཙོ་བོ་བོད་མི་ཚོའི་སེམས་ཀྱི་དད་པ་དེ་ཆོལ་ཁ་སོགས་ཀྱི་ཕྱོགས་ཞེན་ལས་ཕྲན་བུ་ནུས་པ་ཆེ་བ་ཡོད་པའི་རྐྱེན་གྱིས་རེད། ཀླད་གསར་འཇམ་ནོར་ལ་མཚོན་ན་བོད་མི་རིགས་ཀྱི་ཆིལ་སྒྲིལ་དང་སྟོགས་ཀྱི་་འབྱུང་ཁུངས་གཙོ་བོ་དད་པ་ནི་དུག་ལྟ་བུར་བརྩི་མཁན་ཞིག་རེད། དེའི་ཕྱིར་ཁོ་རྩོམ་པ་དང་བསམ་བློ་གསར་བ་ཅན་རེད་ལབ་ན་དོན་ངོ་མ་ཡིན་པ་ལས། ཁོ་བོད་ཀྱི་རྩ་དོན་ལ་ཕན་ཐོགས་ཅན་གྱི་མི་ཞིག་རེད་ལབ་ན་བསམ་ཚུལ་རྗུན་མ་རེད། ཁོས་བོད་མི་ས་ཡ་དྲུག་དམ་ཚིག་གཅིག་ཏུ་སྒྲིལ་བྱེད་ཀྱི་གསེར་ཐག་ལྟ་བུའི་དད་པ་གཅོད་ཨེ་ཐུབ་ལྟ་མཁན་ཞིག་རེད།
ཡང་ཁོ་དབྱིན་ཇི་ཡག་པོ་རེད་ལབ་ན་བདེན་པ་རེད། འོན་ཀྱང་ཁོ་དབྱིན་ཇིའི་ཕྱོགས་ཀྱི་གོམས་གཤིས་བཟང་པོ་འདུག་ལབ་ན་མ་བརྟག་པའི་བསམ་ཚུལ་རེད། དབྱིན་ཇིའི་གཏམ་དཔེ་ “གནོད་ཚབས་ཅན་གྱི་བདེན་པ་གཅིག་པ་ལས། ཕན་ཐོགས་ཅན་གྱི་སྐྱག་རྫུན་བརྒྱ་བཟང་” ཟེར་བ་སོགས་ཕྱི་རྒྱལ་གྱི་ཐབས་མཁས་ཀྱི་བསམ་བློ་ཟབ་མོ་རྣམས་ཧ་གོ་གི་མེད་པར། ཁོས་ག་རེ་དྲན་པ་ཚང་མ་གཅིན་པ་ནང་བཞིན་རང་དབང་མེད་པར་ཁ་ནས་ཤོར་འགྲོ་གི་ཡོད་པ་དེ་རེད།
ནོར་བཅོས། ཆིག་སྒྲིལ་དང་སྟོབས་ཤུགས་ཀྱི་འབྱུང་ཁུངས་གཙོ་བོ་་་་་་་་་་་་་་་་།
ད་དེ་རིང་སྟག་སྨྱོན་ཚིག་པ་ཞེ་དྲག་ཟ་འདུག འཇམ་ནོར་གྱི་རྩོམ་དེ་ཚོ་ཀློག དེ་ནས་བསམ་བློ་ཐོངས། ཡིན་ན་ཡང་ཁོའི་སྐད་ཆ་ཚང་མ་ལ་ཉན་དགོས་པའི་རྒྱུ་མཚན་ཡོད་མ་རེད། ཁོ་རང་གིས་རྒྱལ་བ་རིན་པོ་ཆེའི་སྐོར་སྐད་ཆ་བཤད་པ་དེ་ཚོ་དངོས་གནས་ཆོ་མེད་ཀྱི་གཏམ་རེད། དེས་རང་ཉིད་མར་འདྲུད་བཞིན་ཡོད་པ་རེད།